logo

ཚངས་དབྱངས་རྒྱ་མཚོའི་མགུར་གླུ།

རྩོམ་པ་པོ།:ཚངས་དབྱངས་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-19 ཀློག་གྲངས།:
ལྷ་ས་མི་ཚོགས་འཐུག་ལ། །
འཕྱོངས་རྒྱས་མི་སྤུས་དག་པ། །
ང་ལ་ཡོད་པའི་ཆུང་འདྲིས། །
འཕྱོངས་རྒྱས་གཞུང་ལ་ཡོད་དོ། །

ཁྱི་རྒན་རྒྱ་བོ་ཟེར་བ། །
རྣམ་ཤེས་མི་ལས་སྤྱང་པ། །
སྲོད་ལ་ཕྱིན་སོང་མ་ཟེར། །
ཐོ་རངས་ལོག་བྱུང་མ་ཟེར། །

སྲོད་ལ་བྱམས་པ་བཙལ་བས། །
ཐོ་རངས་ཁ་བ་བབས་བྱུང༌། །
གསང་དང་མ་གསང་མི་འདུག །
ཞབས་རྗེས་གངས་ལ་བཞག་འདུག །

པོ་ཏ་ལ་རུ་བཞུགས་དུས། །
རིག་འཛིན་ཚངས་དབྱངས་རྒྱ་མཚོ། །
ལྷ་ས་ཞོལ་ལ་སྡོད་དུས། །
འཆལ་པོ་དང་བཟང་དབང་པོ། །

ཤ་འཇམ་མལ་སའི་ནང་གི།
སྙིང་ཐུབ་དུང་སེམས་ཅན་མས། །
ཨོ་ལོའི་རྒྱུ་ནོར་འཕྲོག་པའི། །
གཡོ་སྒྱུ་བཤད་པ་མིན་འགྲོ། །

དབུ་ཞྭ་དབུ་ལ་བཞེས་སོང༌། །
དབུ་ལྕང་རྒྱབ་ལ་དབྱུགས་སོང༌། །
ག་ལེ་ཕེབས་དང་བྱས་པས། །
ག་ལེ་བཞུགས་ཤིག་གསུངས་བྱུང༌། །
ཐུགས་སེམས་སྐྱོ་ཡོང་བྱས་པས། །
མགྱོགས་པོ་འཕྲད་ཡོང་གསུངས་བྱུང༌། །

བྱ་དེ་ཁྲུང་ཁྲུང་དཀར་པོ། །
གཤོག་རྩལ་ང་ལ་གཡོར་དང༌། །
ཐག་རིང་རྒྱང་ལ་མི་འགྲོ། །
ལི་ཐང་བསྐོར་ནས་བསླེབ་ཡོང༌། །

ཤི་དེ་དམྱལ་བའི་ཡུལ་གྱི། །
ཆོས་རྒྱལ་ལས་ཀྱི་མེ་ལོང༌། །
འདི་ནས་ཁྲིག་ཁྲིག་མི་འདུག །
འདི་ནས་ཁྲིག་ཁྲིག་གནང་ཞུ། །

མདའ་མོ་འབེན་ལ་ཕོག་སོང༌། །
མདེའུ་ས་ལ་འཛུལ་སོང༌། །
ཆུང་འདྲིས་བྱམས་པ་ཕྲད་བྱུང༌། །
སེམས་ཉིད་རྗེས་ལ་འབྲངས་སོང༌། །

རྒྱ་གར་ཤར་གྱི་རྨ་བྱ། །
ཀོང་ཡུལ་མཐིལ་གྱི་ནེ་ཙོ། །
འཁྲུངས་ས་འཁྲུངས་ཡུལ་མི་གཅིག །
འཛོམས་པ་ཆོས་འཁོར་ལྷ་ས། །

མི་ཚོས་ང་ལ་ལབ་པ། །
དགོངས་དག་ཡིན་པ་ཁག་ཐེག །
ཨོ་ལོའི་གོམ་གསུམ་ཕྲ་མོ། །
གནས་མོའི་ནང་ལ་ཐལ་སོང༌། །

ལྕང་མ་བྱེའུར་སེམས་ཤོར། །
བྱེའུ་ལྕང་མར་སེམས་ཤོར། །
སེམས་ཤོར་མཐུན་པ་བྱུང་ན། །
བྱ་ཁྲ་ཧོར་པས་མི་ཐུབ། །

ད་ལྟའི་ཚེ་ཐུང་འདི་ལ། །
དེ་ཁ་ཙམ་ཞིག་ཞུས་ནས། །
རྟིང་མ་བྱིས་པའི་ལོ་ལ། །
མཇལ་འཛོམ་ཨེ་ཡོང་བལྟའོ། །

བྱ་དེ་སྨྲ་མཁན་ནེ་ཙོ། །
ཁ་རོག་བཞུགས་རོགས་མཛོད་དང༌། །
ལྕང་གླིང་ཨ་ལྕེ་འཇོལ་མོ། །
གསུང་སྙན་སྒྱུར་དགོས་བྱུང་སོང༌། །

རྒྱབ་ཀྱི་ཀླུ་བདུད་བཙན་པོ། །
འཇིགས་དང་མི་འཇིགས་མི་འདུག །
མདུན་གྱི་ཀ་ར་ཀུ་ཤུ།
འཐོགས་སུ་དགོས་པ་བྱས་སོང༌། །

དང་པོ་མ་མཐོང་ཆོག་ཀ།
སེམས་པ་འཆོར་དོན་མི་འདུག །
གཉིས་པ་མ་འདྲིས་ཆོག་ཀ།
སེམས་གཅོང་ཞུགས་དོན་མི་འདུག

རིག་འཛིན་ཚངས་དབྱངས་རྒྱ་མཚོ། །
སྙིང་སྡུག་འཚོལ་གྱིས་མ་གསུང་། །
རང་ལ་དགོས་པ་ནང་བཞིན། །
མི་ལ་དགོས་ཀྱི་ཡོད་འགྲོ། །

ལྷ་ཤིང་ཤུག་པའི་རྩེ་ལ། །
ཁུ་བྱུག་གཞོན་ནུ་བབས་འདུག །
གསུང་སྐད་མང་པོ་མི་དགོས། །
སྙན་པོ་ཚིག་གཅིག་གསུངས་དང་། །

བསམ་ཡས་བྱ་ཕོ་དཀར་པོ། །
བྱ་སྐད་སྔ་པོ་མ་རྒྱོབ། །
ང་དང་ཆུང་འདྲིས་བྱམས་པ། །
སྙིང་གཏམ་ཤོད་འཕྲོས་ལུས་ཡོད། །

ཆང་འདི་དང་པོས་མ་བཟི། །
ཆང་འདི་གཉིས་པས་མ་བཟི། །
ཆུང་འདྲིས་བྱམས་པས་ཞུས་པས། །
ཞལ་དཀར་གང་གིས་བཟི་སོང་། །

མི་ཚོགས་མང་པོའི་དཀྱིལ་དུ། །
ང་གཉིས་ཡིན་མདོག་མ་གནང་། །
ཁྱེད་ཀྱི་ཐུགས་ལ་ཡོད་ན། །
སྤྱན་གྱིས་གཟིགས་ཕྱོགས་གནང་དང་། །

ཁྱོད་ནི་གསེར་ཟངས་སྐུ་རེད། །
ང་ནི་འདག་པའི་ལྷ་རེད། །
ལྷ་ཁང་གཅིག་གི་ནང་དུ། །
ང་གཉིས་མཉམ་དུ་མི་ཡོང་། །

སེམས་གཅོང་བྱམས་པས་གཅུག་པས། །
ལུས་པོའི་མདོག་ལ་གཟིགས་དང་། །
ཤ་སྐམ་པགས་སྐམ་བྱས་པར། །
ཨེམ་རྗེ་བརྒྱ་ཡིས་མ་ཕན། །

ཤ་ཚ་ཆེ་བའི་དུས་ལ། །
སྙིང་གཏམ་ཚང་མ་མ་ཤོད། །
ཁ་གཅིག་སྐོམ་པའི་དུས་ལ། །
རྫིང་ཆུ་ཚང་མ་མ་འཐུང་། །
ལས་ལ་འགྱུར་བ་ཡོང་དུས། །
འགྱོད་པ་བྱས་ཀྱང་འཕྱིས་ཡོང་། །

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།