བདེན་དོན་དང་ལོ་རྒྱུས།
རྩོམ་པ་པོ།:རྒྱ་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-12
ཀློག་གྲངས།:
བདེན་དོན་དང་ལོ་རྒྱུས།
——《བོན་བརྒྱའི་ལོ་རྒྱུས》བཀླགས་པ།
དེ་བས་ལོ་རྒྱུས་ནི་ཕ་མེས་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་ཟིན་བྲིས་ཤིག་ཡིན་ཞིང་། ང་ཚོ་ལ་འདི་ལྟ་བུའི་ཟིན་བྲིས་ཆ་ཚང་བ་ཞིག་མཁོ་བའི་རྒྱུ་མཚན་ཡང་ཕ་མེས་རྣམས་གསལ་བོར་ངོས་ཟིན་པའི་ཆེད་ཡིན་ལ་མི་རིགས་འདིར་རྒྱུས་ལོན་བྱ་བའི་ཆེད་དུའང་ཡིན། ལྷག་པར་ཕ་མེས་རྣམས་ཀྱིས་མ་འདང་བ་ཁ་སྐོང་བ་དང་མ་ནུས་པ་ནུས་པར་བྱེད་པ་དེ་ཡིན།
དེང་ཅི་ཡང་བསམ་མི་ཤེས་ན་ཡང་ཅི་ཡང་བཤད་ཕོད་པའི་དཔའ་བོ་སྐོར་ཞིག་གིས་བོད་ལ་ལོ་རྒྱུས་རྣམ་དག་རྩོམ་པའི་མཁས་པ་བྱུང་མ་མྱོང་བ་དང་བོད་ཀྱི་ལོ་རྒྱུས་ནི་བན་བོན་གྱི་ཆོས་པ་དག་གིས་བརྩམས་པ་དང་། བོད་ནི་བན་བོན་གྱི་གྲུབ་མཐས་དབང་དུ་བསྒྱུར་ཅེས་འཛེམ་མེད་དུ་བཤད། དེ་ཚོས་བན་བོན་མེད་ན་བོད་མི་རིགས་ཀྱི་རང་ཚུགས་མེད་ལ་བན་བོན་གྱི་ལོ་རྒྱུས་མེད་ན་མི་རིགས་འདིའི་ལོ་རྒྱུས་མེད་པའི་གནད་ཀྱང་ཤེས་མེད་ལ། བོད་ཀྱི་ལོ་རྒྱུས་ལ་ཆ་ཚང་བའི་སྒོ་ནས་རྒྱུས་ལོན་དང་། མི་རིགས་ཀྱི་ལོ་རྒྱུས། ད་ལྟ་དང་མ་འོངས་པའི་འབྲེལ་བའི་གནད་ལའང་ངོས་འཛིན་ཅི་ཡང་བྱུང་མེད།
ང་ཚོས་རང་གི་ལོ་རྒྱུས་འབྲི་དུས་ངེས་པར་བརྩི་དགོས་པའི་དམ་ཚིག་ནི་གཟུ་བོ་ཞེས་པ་འདི་རེད། འདི་ཡོད་ན་ཆ་ཚང་ཞིང་ཕྱོགས་ཡོངས་ནས་ལོ་རྒྱུས་ལ་བསྡོམས་ཚིག་འགོད་པར་ཕན་པ་ཡོད། འདི་ཡོད་ན་ད་གཟོད་ལོ་རྒྱུས་ཡིན་ལ་མི་རིགས་ཀྱི་སྔ་དེང་དང་མ་འོངས་པའི་གནས་བབས་ལ་ཕན།
དེ་ལྟའི་བསྡོམས་ཚིག་ལ་མིག་སྔའི་ལོ་རྒྱུས་དག་གི་མི་ཆོག་པར་ས་གནས་སོ་སོ་དང་ཚོ་བ་སོ་སོ། ཐ་ན་ཁྱིམ་ཚང་སོ་སོ་བཅས་ཀྱི་ལོ་རྒྱུས་དང་རང་མྱོང་། མཐོང་ཐོས་སོགས་གཟུ་བོས་ལྒིང་ཞིང་བདེན་པས་བསྐྱང་དགོས་པ་ལས་སྔོན་གྱི་ལོ་རྒྱུས་དག་བཤུ་འབྲི་བྱས་པས་ཅི་ཡང་མི་འོང་། དེ་བས་དེང་སྐབས་ས་གནས་སོ་སོ་ནས་ཚོ་བའི་ལོ་རྒྱུས་དང་རུས་མཛོད་གང་མང་ཞིག་འབྲི་བཞིན་པ་དགའ་འོས་པ་ཞིག་ཡིན་ལ། དེ་དག་ལས་ང་ཚོར་དཔྱད་གཞི་མང་བོ་ཞིག་གདོན་ཐུབ་པ་ནི་བ་རེའི་བོད་སྟག་གི་ལོ་རྒྱུས། ཕུན་ཚོགས་ཀྱི་བོང་སྟག་གི་ལོ་རྒྱུས། འབྲོག་རུའི་སྙན་གྲགས་སོགས་ཀྱི་བྱ་ཁོག་གི་ལོ་རྒྱུས། མ་མ་དོ་པོ་སོགས་ཀྱི་མགར་རྩེའི་ལོ་རྒྱུས་ལྟ་བུ་རེད། འདི་དག་གིས་ས་གནས་དེ་ཙམ་མ་ཡིན་པར་བོད་ཀྱི་ལོ་རྒྱུས་དར་རྒུད་དང་འགྱུར་ལྡོག་གང་མང་ཞིག་མཚོན་ཐུབ་པས་བོད་ཀྱི་ལོ་རྒྱུས་སྨྲ་བ་ལའང་མེད་དུ་མི་རུང་བ་རེད།
ལ་ལས་ལོ་རྒྱུས་ལ་ངོས་འཛིན་ཅི་ཡང་བྱ་མ་ཐུབ་པར་རང་གི་ཆེད་དུ་ལོ་རྒྱུས་རྫུན་བཟོ་བྱས་ཏེ་རང་གི་དགོས་མཁོ་སྒྲུབ་བྱེད་ཅིག་ཏུ་འཛིན་བཞིན་ཡོད། ལ་ལས་ཆེད་དུ་ལོ་རྒྱུས་བྲིས་ནས་རང་གི་ཕ་མེས་ལྷ་རུ་སྒྱུར་བཞིན་ཡོད། དེ་བས་ཁོ་ཚོས་བྲིས་པའི་ལོ་རྒྱུས་མང་བོ་ཞིག་ནི་ལོ་རྒྱུས་མ་ཡིན་པར་སྒྲུང་གཏམ་ཡིན་ལ། ལོ་རྒྱུས་མང་བོ་ཞིག་ནི་སྔོན་གྱི་ལོ་རྒྱུས་མ་ཡིན་པར་ད་ལྟའི་མི་རེ་བ་རེད། དེ་ལྟ་བུའི་ལོ་རྒྱུས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་ཞབས་འདེགས་ཅི་ཡང་བྱེད་མི་ཐུབ་པའི་ཁར་ལོ་རྒྱུས་ཀྱི་བདེན་པའི་རང་བཞིན་དང་། ལོ་རྒྱུས་ཀྱི་ཞིབ་འཇུག་དང་ཉམས་མྱོང་ཕྱོགས་བསྡོམས་ལ་གཏོར་བརླག་གཏོང་གིན་ཡོད་པས་དེ་འདྲ་བའི་ལོ་རྒྱུས་འབྲི་བ་ལས་མ་བྲིས་ན་བཟང་ལ། དེ་འདྲ་བའི་ལོ་རྒྱུས་ཡོད་པ་ལས་མེད་ན་བཟང་། ཁྱིམ་ཚང་གཅིག་གི་ལོ་རྒྱུས་ཡིན་རུང་རྫུན་བཟོ་བྱས་ན་དེའི་རིན་ཐང་ཡལ་འགྲོ་ཞིང་། ལྷག་པར་ལོ་རྒྱུས་བརྫུན་བཟོ་བྱེད་མཁན་དག་ནི་ལོ་རྒྱུས་ཀྱི་ཉེས་ཅན་འབའ་ཞིག་རེད། ལྷག་པར་ཚབས་ཆེ་བ་ནི་ལོ་རྒྱུས་དེ་རིགས་ནི་ཕྱོགས་ལྷུང་དང་ཕྲག་དོག བརྫུན་གཏམ་སོགས་ཡིན་པས་དེ་འདྲའི་རིགས་ནི་འབྲི་བ་ལས་མ་བྲིས་ན་བཟང་།
ལ་ལས་ལོ་རྒྱུས་ཀྱི་གནས་བབས་ཅི་ཡང་མི་བསམ་པར་ཕ་མེས་སྐྱོན་ཆ་དག་ཀྱང་འགེབས་ཕྱིར་དང་མི་རིགས་ནང་ཁུལ་དུ་འགལ་ཟླ་སློང་བའི་ཕྱིར་ལོ་རྒྱུས་འབྲི་ཞིང་། ལ་ལས་ད་ལྟའི་གནས་བབས་ལ་མི་བསམ་པར་སྔོན་གྱི་འགལ་ཟླའི་དཔུང་དུ་ཞུགས་ནས་ང་རོ་འདོན་པའི་ལོ་རྒྱུས་འབྲི་བ་ནི་དུས་རབས་ཀྱིས་བསྐྱུར་པའི་གནའ་རྫས་སྐོར་ཞིག་རེད། ང་ཚོའི་ཕ་མེས་སྐབས་སུ་དུས་རབས་ཀྱི་དབང་གིས་རྐུ་འཕྲོག་ལས་སུ་ཞུགས་ཏེ་བཙན་པོ་དཔའ་བོ་དང་། ཉམ་ཆུང་དག་གི་རྒྱུ་འཕྲོག་མི་བསད་ཀྱི་དོན་དེར་ད་དུང་ཆོ་ལོ་འདོགས་བཞིན་པ་དང་། དཔའ་སྐད་འཐེན་པ་ནི་མི་རིགས་ཀྱི་གདོན་རྫས་སུ་འགྱུར་ངེས་པས་ང་ཚོའི་གཟུ་བོའི་ལོ་རྒྱུས་སྨྲ་བ་ཞིག་དང་། ཡ་རབས་ཀྱི་བུ་རྒྱུད་ཡིན་པས་ཆ་ནས་ཕ་མེས་ཀྱི་ཉེས་པ་དེར་འགྱོད་བཤགས་བྱེད་པ་ལས་དེར་ངོ་སོ་བསྟོད་དགོས་པ་གཏན་ནས་མིན་ལ། ཉམ་ཆུང་དེ་དག་ལ་གདུང་སེམས་མཉམ་སྐྱེས་བྱེད་པ་ལས་དེས་ཚིམ་པའི་དགའ་འབོད་བྱེད་ས་གཏན་ནས་མིན། ལྷག་པར་ལོ་རྒྱུས་ཀྱི་བདེན་པ་ལྒིང་བ་ལས་ད་ལྟའི་དུས་རབས་འདིར་གནའ་བོའི་སྟོང་དཔོན་བརྩད་ནས་རྡུང་རེས་བྱེད་པ་ནི་ཆེས་བློ་རྒྱ་ཆུང་བའི་རྟགས་སོ། །
ད་ལྟ་བྲིས་པའི་ཚོ་བའི་ལོ་རྒྱུས་མང་ཆེ་བ་ནི་མི་རིགས་ཀྱི་བདེ་སྡུག་དང་ལོ་རྒྱུས་ཀྱི་འགྱུར་བ་བྲིས་ཡོད་ཅིང་སྔོན་གྱི་ལོ་རྒྱུས་ཀྱི་གནས་སྟངས་དང་གོམས་སྲོལ་དག་གསལ་ལེར་བྲིས་ཡོད་པས་བོད་བྱེ་བྲག་པ་ཞིག་གི་ལོ་རྒྱུས་ཡིན་རུང་མི་རིགས་སྤྱིའི་ལོ་རྒྱུས་ཀྱི་ཁ་སྐོང་ཞིག་ཏུ་འགྱུར་ངེས་རེད། དེ་བས་བདག་གིས་མི་རིགས་ཀྱི་བདེ་སྡུག་དང་འགྱུར་བ་མཚོན་པའི་ལོ་རྒྱུས་ནི་ཚོ་བའམ་ས་ཕྱོགས། ཡང་ན་ཁྱིམ་ཚང་ཞིག ཐ་ན་མི་ཞིག་གི་ལོ་རྒྱུས་ཡིན་རུང་འབྲི་འོས་པ་ཞིག་ཏུ་བསམ་བཞིན་ཡོད་ཅིང་དེ་ལྟར་འབྲི་བའི་ཚེ་ན་གཅིག་ནི་རང་ཉིད་ཀྱི་འཆིང་བ་དང་། གཉིས་སུ་ཚོ་བའི་འཆིང་བ། གསུམ་དུ་ས་གནས་ཀྱི་འཆིང་བ་ལས་གྲོལ་ནས་བདེན་དྲང་དང་གཟུ་བོས་ལོ་རྒྱུས་འབྲི་དགོསཔ་དེ་རེད། དེ་ལྟར་བྲིས་ན་ད་གཟོད་ལོ་རྒྱུས་ཡིན་ལ་དེ་ལྟར་བྲིས་ན་ད་གཟོད་མི་རིགས་ཀྱི་སྔ་དེང་དང་། མ་འོངས་པའི་གནས་བབས་ལ་ཕན།
བདག་གིས་དེང་སྐབས་བྲིས་པའི་ཚོ་བའམ་ཡུལ་ཕྱོགས་རེའི་ལོ་རྒྱུས་ཀློག་དུས་འདི་ལྟ་བུའི་དགེ་མཚན་ལ་དོ་སྣང་བྱེད་ཀྱིན་ཡོད་ལ་ད་རེས་རོང་བོ་དགོན་པའི་རིགས་པ་སྨྲ་བ་བསྟན་འཛིན་མཁས་གྲུབ་ལགས་ཀྱི《བོན་བརྒྱའི་ལོ་རྒྱུས》བཀླགས་པ་ཡིན། རྩོམ་པ་བོ་ཁོང་མཐོང་མ་མྱོང་བ་འདྲ་མོད་སྔོན་འགྲོ་འབྲི་བར་སྐུལ་བ་ལས་ངས་ཀྱང་ཞིབ་ཏུ་བཀླགས་པ་ཡིན། འོན་ཀྱང་སྤྱི་ནས་བལྟས་ན་ཁོང་གི་ཁུངས་བཙུན་ཞིང་བརྡར་ཤ་ཆོད་པའི་ལོ་རྒྱུས་འདིས་ངའི་ཡིད་ལ་སྤྲོ་བ་འཕེལ། ཁོང་གིས་ལོ་རྒྱུས་རྒྱུ་ཆ་འཚོལ་སྡུད་ཀྱི་ངལ་བ་ལྷུར་བླངས་ནས་དམངས་ཁྲོད་ན་ཡོད་པའི་དཔེ་རྒྱུན་དཀོན་པོའི་དཔེ་ཆ《རེབ་གོང་རུས་མཛོད་ཆེན་མོ་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ》སོགས་ཡིག་ཚང་མང་བོ་དཔྱད་གཞིར་བཟུང་སྟེ་ལོ་རྒྱུས་ཁུངས་དེད་པ་བཟང་ལ། བན་བོན་གྱི་གནས་སྟངས་བཅས་ལ་ཞིབ་ཆ་ཐོན་ཞིང་ཕྱོགས་ལྷུང་མ་འདྲེས་པར་གཟུ་བོར་བྲིས་འདུག་པ་འདིས་བོན་བརྒྱའི་ཚོ་སྡེ་འདིའི་ལོ་རྒྱུས་ཙམ་དུ་མ་ཟད་བོད་ཀྱི་ལོ་རྒྱུས་ལ་ཡང་ཕན་ནུས་ངེས་ཅན་ཞིག་གདོན་སྲིད་པ་རེད། ཡིན་ན་ཡང་། བྱེ་བྲག་གི་ཆ་ནས་ངས་བོན་བརྒྱའི་ལོ་རྒྱུས་ཅི་ཡང་མི་ཤེས་པས་བརྗོད་བྱའི་ངོས་ནས་བདག་ལ་ཅི་ཡང་བརྗོད་རྒྱུ་མེད་ཅིང་གདེང་འཇོག་ཀྱང་བྱེད་ཐབས་བྲལ།
གོང་དུ་བརྗོད་པ་ལྟར་གཟུ་བོས་ཁུངས་བཙལ་ཅིང་རིགས་པས་མཐའ་བཅད་ནས་རང་གི་དགོས་མཁོ་ཁོ་ནར་མི་བསམ་པར་དུས་རབས་ཀྱི་ཁྱད་ཆོས་དང་ལོ་རྒྱུས་ཀྱི་ཁྱད་ཆོས་དང་མཐུན་པར་བདེན་པ་བདེན་ཐུབ་ཀྱིས་བྲིས་ན་བོད་ཀྱི་ལོ་རྒྱུས་ལ་ཕན་པ་ཆེན་པོ་འབྱུང་སྲིད་དེ། དེ་ལྟར་འབྱུང་སྲིད་པའི་རྒྱུ་མཚན་ཡང་ས་གནས་ཀྱི་ཕྱོགས་ལྷུང་མེད་ལ། ཚོ་བ་ཡི་ཕྱོགས་ལྷུང་མེད་པ་སོགས་ཀྱིས་ཡིན། དེ་ལས་དུས་ཀྱི་འགྱུར་བ་མཚོན་ཐུབ་ཅིང་སྐབས་དེའི་རྣམ་པ་ཤེས་ཐུབ་པ་ཡིན་ནོ། ། གལ་ཏེ་དེ་ལྟ་བུའི་ཕྱོགས་ལྷུང་ཞིག་ཡོད་ཚེ་ཀློག་པ་བོས་དང་ལེན་བྱེད་ཐབས་མེད་པ་ཞིག་རེད། ཀློག་པ་བོས་དང་ལེན་མི་བྱེད་པ་ཡང་གནད་དོན་ཆུང་ཆུང་ཞིག་སྟེ། མཐར་གཏུགས་ན་ལོ་རྒྱུས་བརྫུན་བཟོ་བྱས་པའི་ཉེས་པ་ནི་སུབ་ཐབས་བྲལ་བའི་ནག་ཉེས་ཆེན་པོ་ཞིག་རེད། དེ་བས་འདི་ལྟ་བུའི་ལོ་རྒྱུས་སུ་དང་གང་གིས་བྲིས་ན་དཔེ་སྐྲུན་བྱས་ནའང་དེ་ནི་ཚོ་བ་གཅིག་དང་འབྲེལ་བ་ཙམ་མིན་པར་བོད་ཀྱི་ལོ་རྒྱུས་ཡོངས་དང་འབྲེལ་བ་ཡོད་པ་ཞིག་རེད།
དེ་བས་ཁོ་བོས་དེབ་འདི་པར་དུ་བསྐྲུན་པར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་མཉམ་དུ་ཀློག་པ་བོ་ཚང་མས་དགེ་ལེན་སྐྱོན་འདོར་གྱི་ཚུལ་ལ་བློ་གྲོས་ཀྱི་མིག་ཟུང་གཡོ་ཞིང་གཟུ་བོ་དང་ཁུངས་ཐུབ་ཀྱི་ས་གནས་སོ་སོའི་ལོ་རྒྱུས་དང་དར་རྒུད། སྤྱི་ཚོགས་འཕོ་འགྱུར་བཅས་ཀྱི་ཕྱག་རྩོམ་གང་མང་གནང་བར་རེ་སྨོན་དང་བཅས།
བོད་ཤིང་སྤྲེལ་ལོའི་ལོ་གསར་ལ་མང་རའི་དགོན་ཆེན་དུ་བྲིས།
འབྲེལ་ཡོད་འོས་སྦྱོར།