logo

གསེར་བུམ་ནང་གི་དུག་ཆུ།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-10 ཀློག་གྲངས།:
      སྒྲུང་གཏམ་འདི་ནི་མ་བུ་བདེ་སྲུང་ལ་འགེབས་སྲུང་དང་དོ་ཁུར་བྱེད་རྒྱུར་དམིགས་ནས། ཨེ་ཙི་འགོས་ནད་གཙོ་བོ་མཚན་མའི(ཕོ་མོ)འཁྲིག་སྤྱོད་ལས་མཆེད་པའི་འགོས་ནད་མང་དྲགས་ཕྱིར། འཆམ་མཐུན་ཁྱིམ་ཚང་ཞིག་གི་བཟའ་ཟླའི་འདང་བརྩེ་ལས་མི་འདོད་ལོག་ལམ་གྱི་ཞེད་སྣང་འཚོ་བར་གོམ་ཁ་སྤོས་པ་གཏམ་རྒྱུད་ཀྱི་བརྗོད་དོན་དུ་བཟུང་ནས་བྲིས་སོ།།
      ལྷ་ཡག་སྡེ་བའི་སྟག་ཤར་ལས་འགྲུབ་རྡོ་རྗེ་དང་དཀར་ལུང་སྡེ་བའི་སྨན་ཆུང་ཚེ་རིང་བཟང་མོ་གཉིས་ནི་ཁྱིམ་མཚེས་སྡེ་བ་ཡིན་ལ། སྔོན་ཆད་ནས་སྡེ་བ་གཉིས་བར་གྱི་དམངས་ཚོགས་ཀྱི་མཐུན་སྒྲིལ་བཟང་ཞིང་། མི་རྒན་དར་གཞོན་གསུམ་སུ་ཡིན་རུང་ཕན་ཚུན་ལ་བརྩི་མཐོང་དང་རོགས་རེས་ཡོད་པ་ཞིག་རེད། ལས་འགྲུབ་རྡོ་རྗེ་དང་ཚེ་རིང་བཟང་མོ་གཉིས་ནི་འདི་ལྟ་བུའི་འཆམ་མཐུན་གྱི་སྡེ་ཚོ་ཞིག་ཏུ་ཚེ་སྲོག་གི་ལང་ཚོའི་མྱུ་གུ་འབུས་པའང་སྐྱེ་བ་སྔོན་མའི་ལས་ལ་རང་བཞིན་གྱིས་བསྐོས་ཡོད་པ་འདྲ་སྟེ། ཁོ་གཉིས་ཀྱི་ཨ་ཕ་གཉིས་གྲོགས་པོ་བཟང་བོ་ཡིན་པའི་ཁར་བུ་བུ་མོ་འདི་གཉིས་ཀྱང་ཆུང་དུས་ནས་རྩེ་ར་གཅིག་གི་རྩེད་གྲོགས་དང་འབའ་འབའ་ལུ་གུ་འཚོ་རོགས། སེར་ཆེན་མེ་ཏོག་འཐུ་རོགས་སོགས་ཡིན་པས་ཕན་ཚུན་བར་སྨྲ་བསམ་བརྗོད་འདས་ཀྱི་བརྩེ་བ་དྭངས་མོ་ཞིག་ལོ་ཟླའི་འཁོར་འགྲོས་ཀྱི་ཀློང་ནས་ཞོ་བཞིན་ཆགས་ཡོད། འདི་ལྟར་ཁོ་གཉིས་ཤེས་མེད་ཚོར་མེད་ངང་ནར་སོན་ཏེ་ལོ18ལ་སོན་སྐབས། ལས་སྐལ་ཡག་པོའི་རྟེན་འབྲེལ་གྱིས་རྐྱེན་བྱས་ཏེ་ཁྱིམ་ཚང་ཕྱོགས་གཉིས་ཀྱིས་ཀྱང་ཁོ་གཉིས་ཀྱི་རང་དབང་རང་འཐད་ཀྱི་དུངས་སེམས་རྣལ་མ་ལ་ཁས་ལེན་བྱས་ཏེ། བུ་མོ་ཚེ་རིང་བཟང་མོ་ལྷ་ཡག་སྡེ་བའི་ལས་འགྲུབ་རྡོ་རྗེ་ལ་མནའ་མ་བྱིན་ཅིང་། བཀྲ་ཤིས་གཉེན་སྟོན་གྱི་ཆོ་ག་བགྱིས་ཏེ་ཁྱིམ་ཚང་གསར་བ་ཞིག་གི་འཚོ་བ་འདི་ལྟར་མགོ་བརྩམས་པ་རེད།
      སྟོན་དུས་ཀྱི་ལྷ་ཡག་སྡེ་བའི་མར་ཁུ་བཞིན་འཁྱིལ་བའི་རྣང་ཞིང་གི་ལོ་རྐང་རེ་རེ་ལ་སེར་ལམ་མེར་བཞད་པའི་འབྲས་བུའི་སྙེ་མ་ནི་ལང་ཚོ་དར་བབས་ཀྱི་གཞོན་ནུ་ཕོ་མོ་ཟུང་གི་བཞིན་ཤ་དང་འདྲ་ལ། མཐོང་སྣང་གི་ཡོད་ཚད་རེ་བ་དང་མཛེས་སྡུག་གིས་སྣང་ཡོད། བུ་མོ་ཚེ་རིང་བཟང་མོས་མངལ་དུ་སྦྲུམ་ནས་ཟླ་བརྒྱད་ལྷག་ལ་སོན་པའི་བྱིས་པར་སྙིང་ཉེ་བའི་ཚུལ་གྱིས་རང་གི་ལྟེ་བའི་ཐོག་ལ་ལག་པས་བྱིལ་བྱིལ་བྱེད་ཀྱིན་གདོང་ལ་བཅོས་མིན་བདེ་སྐྱིད་ཀྱི་འཛུམ་དགོད་གསར་བ་ཞིག་མངོན་ནས་ཁྱིམ་གསར་འདིའི་ལས་ཀ་རྩག་རྩིག་དག་ལ་ཁོམ་ལོམ་བྲེལ་བ།
      (བཟང་མོས་ཀ་ཏོ་ར་ནང་གི་ཆུ་འཁྱག་ཏུ་ལག་རེས་དང་ཚིལ་ལེན་སོགས་བཀྲུས་ཏེ་ཁོམ་གིན་མེད་པར་འདུག)
      (ལས་འགྲུབ་ཀྱིས་རང་གི་ཁང་གསར་བ་ནང་ལ་གསར་ཏུ་ཉོས་འོང་བའི་བརྙན་འཕྲིན་འཕྲུལ་ཆས་ཁ་ཚང་ལྷུ་སྒྲིག་བྱེད་པར་བྲེལ་བཞིན་འདུག)
      ལས་འགྲུབ། བཟང་མོ། བརྙན་འཕྲིན་འཕྲུལ་ཆས་འདི་ཡོད་ཚེ། ད་འུ་གཉིས་ཀྱི་ཁང་པ་ནང་གི་ཅ་ལག་ཕལ་ཆེར་བསྒྲིག་ཚར་ཟིན། ད་ཁྱོའི་སེམས་ལ་ཅུང་བདེ་བར་བབས་ཡོད་ལ།
      བཟང་མོས་བརྩེ་བའི་མིག་ཟུང་གིས་ལས་འགྲུབ་ཀྱི་གདོང་ལ་ལྟ་བཞིན། ཁྱོད་ཀྱི་ཁང་པ་འདིའི་ཆེད་ལ་སྡུག་མ་བཏག་གི་བསམ་པ་ཞིག་མེད། དེའི་ནང་དུའང་གཙོ་བོ་ཨ་ཕ་དང་ཨ་མ་གཉིས་ལ་བཀའ་དྲིན་ཧ་ཅང་ཆེ། ཁང་པ་འདི་འགྲུབ་རག་བར་དུ་ཁོང་རྒན་རྒོན་གཉིས་ཀྱིས་ལུས་སེམས་གཉིས་ཁ་རང་དགར་ལྷོད་ལ་བབ་ནས་ཅིག་བསྡད་མྱོང་མེད། ངས་ཁོག་ལ་བྱིས་པ་འདི་ཡོང་བས་ཁྱོད་ལ་རོགས་ཅང་བྱེད་མ་ཐུབ་པར་ཁྱོད་རང་དགོངས་པ་མི་ཚོམ་པར་ཞུ།
      ལས་འགྲུབ་ཀྱིས་རང་གི་ཆུང་མའི་སེམས་གཏམ་དེའི་སེམས་འགུལ་ཁྲོད། བཟང་མོ། ཁྱོས་དེ་ལྟར་ཟེར་སྲོལ་ག་ལ་ཡོད། ཁྱོད་ངའི་ཆུམ་མ་རེད་ཡ། འུ་གཉིས་ཀ་ཚེ་གཅིག་གི་བཟའ་ཚང་མིན་ནས། ཁྱོད་ཀྱི་དེ་ལྟར་ལེ་བདའ་བྱས་ན་ངའི་སེམས་ཀྱང་ག་ལ་སྐྱིད། ཁྱོད་འདི་ལྟར་སྐྱིད་དེ་བདེ་བར་བསྡད་ན། ངའི་སེམས་ཀྱི་བདེ་སྐྱིད་ཀྱང་འདི་ཡིན་ནི་རེད། ད་འདང་གཞན་ལ་མ་རྒྱག་པར་འུ་གཉིས་ཀྱི་གཅེས་ཕྲུག་ཡག་པོར་སྐྱེས་སུ་འཇོག་རྒྱུ་གལ་ཆེན་རེད།
      བཟང་མོས་ཁྲུས་གཞོང་པང་དུ་བཟུང་ནས་འཁྲུས་ཆུ་སྒོར་ཕུད་དེ་ཕྱིར་ལས་འགྲུབ་ཀྱི་གམ་དུ་ཡོང་ནས། ད་ཁྱོས་ལ་ཁྱིམ་འདིའི་དོན་ལ་སེམས་ཁྲལ་དེ་འདྲ་མ་བྱེད། ཁང་པ་ཡག་པོ་ཞིག་འགྲུབ་ཡོད་ཀི གཙོ་བོ་བྱིས་པ་འདི་འཚམས་པོ་ཞིག་ཡོང་ནས་ང་ཚོ་ཁྱིམ་མི་གང་བོ་བདེ་བར་བསྡད་ན། ཉི་མ་རིང་པོ་ད་ཤར་ངེས་ཡིན།
      ལས་འགྲུབ་ཀྱིས་བརྙན་འཕྲིན་ཁ་ཚང་ལྷུ་སྒྲིག་བྱས་ཚར་ཏེ་བཟང་མོའི་ཕྱོགས་སུ་ཡོང་ཞིང་དགའ་འཛུམ་ཞིག་བསྟན་ནས། ཨོ་ལེ།  དེ་ལྟར་བཤད་ན་ད་འགྲིག་སྡོད་ཡོད་ཀི་རེད། འདི་ད་གཟོད་ངའི་བཟང་མོའི་བསམ་རྒྱ་ཡངས་པོ་རེད་མོ་ཟེར་ཞོར་ལག་གཡོན་པས་བཟང་མོ་སྐེ་ལ་འཇུས་ཤིང་།  ལག་གཡས་པས་བཟང་མོའི་ཕོ་བར་རག་ནས་མྱི་ཁང་ནང་དུ་འཛུལ། བཟང་མོས་ལག་ཏུ་ཟོ་ར་ཞིག་དང་རྡོག་ཁྲེས་བཟུང་ནས་གཞིས་མའི་སྒོ་ཆེན་ཁ་ནས་ཐོན་བྱུང་།  བཟང་མོ་ཞིང་ཁར་ཐོན་ནས་ལོ་ཏོག་འབྲེག་འགོ་བརྩམས། ཅུང་མ་འགོར་བར་གློ་བུར་དུ་ཆར་སྤྲིན་ནག་པོ་གླང་ཆེན་འདྲ་བ་ཞིག་གིས་དེ་སྔའི་དྲོད་འཇམ་གྱི་ཉི་འོད་འཇམ་པོ་ཁད་ཅིག་ཁྱུར་མིད་དུ་བཟོས་པ་དང་ཆབས་ཅིག  སྙིང་ལ་གཟན་པའི་འབྲུག་སྐད་དྲག་པོ་དང་བསྟུན་ནས་དྲག་ཆར་ཤག་ཤག་ཏུ་བབས་བྱུང་།  
      སྙིང་རྗེ་ཅི་ཡང་མེད་པའི་སེར་རྡོག་བྱེའུ་སྒོང་འདྲ་བ་དག་གིས་ལྗིད་ཏིག་ཏིག་གི་ལོ་ཏོག་གི་འབྲས་བུ་ཡོད་ཚད་མེད་བརླགས་སུ་བཏང་ཞིང་། རྣང་ཞིང་དུ་ལྷག་ཡོད་པ་ནི་སྙེ་མགོ་ཐར་ཐོར་རེ་དང་གཞུང་རྟ་ཆག་རོ་རེ་མ་གཏོགས་བསྐྱུར་མི་འདུག་ལ། དུས་ཚོད་ཇ་ཡུན་ཙམ་གྱི་རིང་ལ། ཡར་སྔོན་གྱི་གསེར་མདོག་གི་རྣང་ཞིང་སྣུམ་པོ་རྨི་ལམ་རྨིས་པ་ནང་བཞིན་ད་ལྟ་བཅོམ་ཆག་ཅ་ཉིལ་དུ་བཟོས་ཚར་འདུག་ལ།  མིག་གིས་མཐོང་ཚད་ཀྱི་སྡེ་བ་འདིའི་ལོ་ཏོག་རྣམས་ལའང་དྲག་ཆར་གྱི་གཏོར་བརླག་ཚབས་ཆེན་བཟོས་འདུག གདུག་རྩུབ་ཆེ་བའི་དྲག་ཆར་དེས་མོས་དུས་ཡུན་རིང་པོ་ཞིག་ལ་རེ་ཞིང་སྒུག་པའི་འཚོ་རྟེན་ཡོད་དོ་འབྲས་མེད་དུ་བཅོམ་པར་མ་ཟད། ད་དུང་དེ་ལས་ཀྱང་ཡིད་ཕངས་ཤིང་གཟོད་བརླག་མེད་པའི་ན་ཟུག་ཅིག་ནི་མོའི་འབྱུང་འགྱུར་གྱི་འཚོ་བར་ཁ་དོག་སྣོན་མཁན་ནམ། མོའི་ཚེ་སྨད་ལ་རེ་ལྟོས་བཅོལ་ས་གཅིག་པུ་སྟེ། རང་གི་ཤ་ཁྲག་ལས་ཆད་པའི་མངལ་གྱི་བྱིས་པ་དེའང་སྙིང་རྗེ་མེད་པའི་དྲག་ཆར་དེའི་འཇིགས་སྐུལ་ཁྲོད་སྟབས་མ་ལེགས་པར་མངལ་ནས་ཤོར་བ་དེ་རེད།
      ལས་འགྲུབ་ཀྱིས་དྲག་ཆར་བབས་པ་མཐོང་འཕྲལ། བཟང་མོ་མེད་པ་ཤེས་ཤིང་། སྟོན་འགོ་ཚུགས་ཡོད་པས་བཟང་མོ་ཞིང་ཁར་བུད་སོང་བ་ཤེས་ཁོ་རང་བྱ་འཕུར་བ་ལྟར་ཞིང་ཁར་རྒྱུགས།
 ལས་འགྲུབ་ཀྱི་རྐང་པའི་རྒྱུགས་ཤུགས་དང་། གདོང་གི་རྣམ་འགྱུར། དབུགས་ཀྱི་འབྱིན་རྔུབ། 
      "བཟང་མོ། བཟང་མོ། ཁྱོད་རང་གང་དུ་ཡོད"ཅེས་ལས་འགྲུབ་རྡོ་རྗེ་དབུགས་ཚང་ཞིང་ཐང་ལ་འགྱེལ་ཞོར་དུ་བཟང་མོ་ས་ལ་ལོག་ཡོད་སའི་ཕྱོགས་དེར་ཤུགས་ཀྱིས་རྒྱུགས་འོང་།  བཟང་མོའི་བརླ་གཉིས་དང་ཉག་གདོང་།ཁོག་སྨད་ཡོངས་ཁྲག་གིས་བརྫིས་འདུག་ལ། ཟོ་ར་དང་རྡོག་ཁྲེས་ཀྱང་ཞིང་ཚིགས་ལོགས་གཉིས་སུ་འཕངས་འདུག 
      "ལས་འགྲུབ། ལས་འགྲུབ། ད་ཚར་སོང་ནི་རེད།ད་ཚར་སོང་ནི་རེད་ཡ། འུ་གཉིས་ཀྱི་བྱིས་པ་་་་་་་མེད་ཐལ།"ཞེས་ཚེ་རིང་བཟང་མོས་དངངས་ངུ་འདྲེས་མས་ལས་འགྲུབ་རྡོ་རྗེ་ལ་བཤད་པར། ལས་འགྲུབ་རྡོ་རྗེ་ཡིས་བཟང་མོའི་ངུ་ཁ་དང་སེམས་ཁམས་གསོ་ཆེད།
      ལས་འགྲུབ་ཀྱིས"བྱིས་པ་སྐྱོན་མི་འདུག  གལ་ཏེ་མ་འཚམས་ན་ཡང་བསྐྱར་སྐྱེ་ན་ཆོག"ཅེས་ཁ་ལ་བྱེད་ཞོར། ཁོ་མོ་པང་དུ་བཟུང་ཞིང་། དོན་དངོས་སུ་རང་གི་བརྩེ་དུང་གི་དྭངས་མའམ་དུས་རྟག་ཏུ་རེ་ཞིང་སྒུག་པའི་རང་གི་ཤ་ཁྲག་ལས་ཆད་པའི་ཚེ་སྲོག་ཅིག་འདི་ལྟར་དོན་མེད་དུ་ཤོར་ཚེ། སེམས་ཀྱི་སྡུག་བསྔལ་དང་ན་ཟུག་ནི་བཟོད་ག་ལ་ཐུབ། དུས་ཚོད་ཇ་ཡུན་ཙམ་ལ་ལས་འགྲུབ་རྡོ་རྗེ་ཡིས་བཟང་མོ་པང་དུ་བཟུང་ཞིང་། ཁོ་མོའི་འགྲམ་པ་རང་གི་མགྲིན་པར་བརླན་ཏེ། རང་དབང་མེད་པའི་མིག་ཟུང་གི་མཆི་མ་མི་འདོད་བཙན་གྱིས་ཁོག་པར་མིད་ཀྱིན་ཡུལ་ཕྱོགས་སུ་བསྐྱོད། ག་ཙམ་བསྐྱོད་རྗེས་གོམ་སྟབས་ལ་སྟོབས་ཤུགས་ཟད་པའི་ལས་འགྲུབ་རྡོ་རྗེ་གཞི་ནས་སྡེ་འདབས་སུ་འབྱོར་ཞིང་། ལུས་ཤུགས་དང་སེམས་ཤུགས་ཡོངས་སུ་ཉམས་ཤིང་དབུགས་ཀྱང་གཏོང་རྔུབ་ཁག་པའི་ལས་འགྲུབ་རྡོ་རྗེ་ཡིས"ཨ་ཕ་མྱུར་དུ་ལག་སྐྱོར་འཁོར་ལོ་གྲ་སྒྲིག་བྱོས།  བཟང་མོ་སྨན་ཁང་དུ་འཁྱེར་དགོས།" ཞེས་ཡང་དང་བསྐྱར་གྱིས་སྐད་ཅོར་བརྒྱབ་བྱུང་།
      ལུས་ཡོངས་འདམ་རྫབ་དང་ཁྲག་གིས་བརྫིས་ཡོད་པའི་ལས་འགྲུབ་བཟའ་ཟླ་གཉིས་ཨ་ཕ་ཚང་ལ་འབྱོར་བ་ན།ཕ་མ་གཉིས་ཧང་སངས་བར་གྱུར།
      "ཨ་ཧ་བོ། ལས་འགྲུབ། འདི་ཅི་མ་ཉན་ཐལ། འདི་དོན་དངོས་སུ་ཅི་མ་ཉན་ནི་རེད། བཟང་མོའི་བྱིས་པ་བུད་ཟིན་པ་ཨེ་རེད" ཅེས་ཨ་ཕས་ལས་འགྲུབ་ལ་འདྲི་ཚིག་ཆར་བ་འབབ་འབབ་ལྟར་དྲིས་མོད། འོན་ཀྱང་ལས་འགྲུབ་རྡོ་རྗེ་ཡིས་དེར་ཁ་ཡ་མ་བྱས་པར་བཟང་མོ་ཚ་ཐབ་སྟེང་བཙོག་ཏུ་བཅུག་པ་དང་ཨ་མར་སྐྱོར་དུ་བཅུག་རྗེས།
      ལས་འགྲུབ་ཀྱིས། ཨ་ཕ་ལགས། ཁྱེད་ཀྱིས་སྒོར་མོ་ལོངས་ང་གྲ་སྒྲིག་བྱོས། ང་འགྲོ་ནས་ལག་སྐྱོར་འཁོར་ལོ་བསྐོར། བཟང་མོ་མྱུར་དུ་སྨན་ཁང་དུ་འཁྱེར་དགོས། བུ་བཙའ་ལྟེ་གནས་སུ་འཁྱེར་དགོས།
      ཨ་ཕས"བུ་བཙའ་ལྟེ་གནས་ཟེར་བ་དེ་གང་ན་ཡོད་དམ། སྨན་ཁང་ཨེ་རེད"ཅེས་ཟེར་ཞོར་དུ་རང་གི་བུས་བཤད་པ་ལྟར་གྲ་སྒྲིག་བྱེད་འགོ་བརྩམས་ལ། ལས་འགྲུབ་ཀྱིས་ལག་སྐྱོར་འཁོར་ལོ་བསྐོར་མགོ་བརྩམས།  ཨ་མས་བཟང་མོར་ལྭ་བ་གསོར་ཡ་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་ལ།  ཨ་ཕས་སྒོར་མོ་བླངས་ཏེ་ད་ལན་ཁུག་མ་ཞིག་རྒྱབ་ཏུ་འཁུར་ཞིང་། བཟང་མོའི་ཕྱོགས་སུ་སོང་ནས་ཆུང་མ་དང་ཁོ་གཉིས་ཀྱིས་མནའ་མ་བཟང་མོའི་ལག་མགོ་གཉིས་ནས་སྐྱོར་ཏེ་སྒོའི་ཕྱོགས་སུ་བསྐྱོད། དེ་འཕྲལ་ལས་འགྲུབ་བྱ་འཕུར་བ་ལྟར་རྒྱུག་འོང་སྟེ། "ཨ་ཕ། ཨ་མ། བཟང་མོ་ང་ལ་བྱིན་དང་ངས་པང་དུ་བཟུང་ནས་ལག་སྐྱོར་འཁོར་ལོ་དུ་འཇོག"ཅེས་བཤད་པ་དང་། ཁོ་ཕ་བུ་མ་བུ་གསུམ་གྱིས་བཟང་མོ་སྐྱོར་ཞིང་ལག་སྐྱོར་འཁོར་ལོའི་འཁོར་སྒྲོམ་དུ་བཞག་སྟེ། ཟླ་བཞི་ལྷག་གི་ཡར་སྔོན་ལ་ཁོ་བཟའ་ཟླ་གཉིས་བརྟག་དཔྱད་བྱེད་དུ་བསྐྱོད་སའི་སྨན་ཁང་ངམ་མ་བུ་བདེ་སྲུང་སྟེ། རེབ་གོང་བུ་བཙའ་ལྟེ་གནས་ཀྱི་ཕྱོགས་སུ་ཤར་མར་རྒྱུགས། 
       ལག་སྐྱོར་འཁོར་ལོའི་སྦགས་སྒྲའི་ཁྲོད་ལས་འགྲུབ་བཟའ་ཚང་ཀུན་སྨན་ཁང་དུ་བསྐྱོད་བཞིན་མཆིས། ལས་འགྲུབ་ཀྱིས་ལག་སྐྱོར་འཁོར་ལོའི་སྣུམ་སྒོ་ཆེར་ཕྱེ་ནས་ཇི་ལྟར་ཇེ་མགྱོགས་སུ་བཏང་ནའང་། ཁོའི་ཡིད་གཏན་ནས་ཚིམས་ཀྱིན་མེད་ལ། ཁོའི་བློ་ངོར་རྐང་ཐང་བ་ཞིག་གི་མགྱོགས་ཚད་དང་གཅིག་འདྲ་ཡིན་པར་སྣང་།  རེད་ཡ། བཟང་མོ་མ་བུ་གཉིས་ཀྱི་ཚེ་སྲོག་བདེ་འཇགས་ཀྱི་ཆེད་དུ་ལས་འགྲུབ་ཀྱིས་ཆུ་ཚོད་བརྩོན་ལེན་བྱེད་བཞིན་ཡོད་མོད། འོན་ཀྱང་ལག་སྐྱོར་འཁོར་ལོ་ནི་རླངས་འཁོར་དང་བསྡུར་ཐབས་བྲལ་བས། སེམས་ལ་འཚུབ་ཆ་ཇི་འདྲ་ལངས་ཀྱང་མགྱོགས་ཚད་ལ་འགྱུར་བ་མེད།
      "ལས་འགྲུབ། དལ་མོ་བྱོས། སེམས་ཆུང་བྱོས་ཏེ་བསྐོར་དང་།  ཁྱོད་འདིས་སྨྱོ་རྟགས་འདྲ་ཞིག་ཕུད་གྱིན་ཡོད་པ་འདྲ།མགྱོགས་དྲགས་ན་འཁོར་སྒྲོམ་ལྡིང་ཚད་ཆེ་བས། བཟང་མོས་བསྲན་ཐུབ་ཀྱིན་མེད"ཅེས་ཨ་ཕས་དེ་ལྟར་བཤད།
      "འོ་ལེ། ཨ་ཕའི་ཁར་ཉོན།  ཚད་འདི་ལ་བརྒྱབ་དང་ན་ད་སེམས་འཚུབ་ནས་ཡོང་རྒྱུ་ཡོད་ནི་མ་རེད། ངའི་ཞི་ལིས་ཨ་མའི་ཁར་ཉན་ནས་ཅུང་དལ་མོ་བྱོས་དང་། ང་ཚོ་སྨན་ཁང་དུ་བདེ་འཇགས་ངང་ཐོན་རྒྱུ་གལ་ཆེན་ཡིན"ཨ་མས་ཀྱང་དེ་ལྟར་བཤད་མོད། འོན་ཀྱང་ལས་འགྲུབ་ཀྱིས་ཕ་མ་གཉིས་ཀྱི་སྐད་ཆ་དེ་དག་ལ་ཨ་ལན་ཅི་ཡང་མི་སྟེར་བར་ལག་སྐྱོར་འཁོར་ལོའི་མགྱོགས་ཚད་ཇེ་དལ་དུ་མི་གཏོང་བར་མིག་ཟུང་གིས་མདུན་ཕྱོགས་སུ་གཟས་ནས་མུ་མཐུད་དུ་རྒྱུགས་ཀིན་ཡོད།
      དུས་ཚོད་ཕྱེད་ཀའི་མཚམས་སུ་སོང་རྗེས། ཨ་ཕས"ལས་འགྲུབ། སྨན་ཁང་གང་དུ་འགྲོ་རྩིས་ཡོད། ཁྱོད་ཀྱིས་ད་སོ་མ་ལམ་དུ་ཆས་སྐབས་བུ་བཙའ་ལྟེ་གནས་ཟེར་བ་དེར་འགྲོ་ཟེར་བ་མིན་ནམ།"  
      ལས་འགྲུབ་ཀྱིས། ཨོ་ལེ། དེར་འགྲོ་བཞིན་ཡོད། སྨན་ཁང་དེར་བསྟན་ན་སེམས་བདེ་བར་བསྡད་ཆོག སྨན་ཁང་དེ་ང་ཚོ་རོང་འབྲོག་ཁུལ་གྱི་སྦྲུམ་མ་དང་བུད་མེད་ཚོར་བྱིས་པ་བདེ་བླག་ངང་བཙའ་ཐུབ་པར་དམིགས་ནས་བཙུགས་པ་ཞིག་རེད།
 ཨ་མ།:" གནས་ཚུལ་དེ་འདྲ་ཞིག་ངས་ཀྱང་སྔོན་ཆད་ཞིག་ནས་གོ་ཐོས་བྱུང་ཡོད། སྨན་ཁང་དེ་ཁུལ་ཐོག་ཏུ་ཡོད་པ་ཨེ་རེད།"ལས་འགྲུབ་གྱིས།"རེད། ཁུལ་ཐོག་ཏུ་ཡོད། ད་དུང་དུས་ཚོད་ཕྱེད་ཀ་ཞིག་ལ་འགྲོ་དགོས།
      ཨ་ཕས། སྨན་ཁང་ཆེ་བ་ཞིག་ལ་བསྟན་ན་མི་ལེགས་སམ། བྱིས་པ་སྐྱེས་ས་ཞིག་ནས་བརྟག་དཔྱད་འཕྲུལ་ཆས་དང་། ལག་རྩལ་མཐོ་བའི་མི་སྣ་དེ་འདྲ་བཟང་བོ་ཞིག་ཡོད་རྒྱུ་མ་རེད་མོད། ངས་བལྟས་ན་རྒྱ་སྨན་ཁང་ཆེ་བ་ཞིག་ལ་བསྟན་ན་བཟང་སྙམ།
      ལས་འགྲུབ་ཀྱིས། བུ་བཙའ་ལྟེ་གནས་དེ་ཆེད་དུ་བྱིས་པ་སྐྱེས་སར་དམིགས་ནས་བཙུགས་པ་ཡིན་པས། བཟང་མོར་འང་བྱིས་པ་སྐྱེས་རྩིས་ཡོད་པ་ལས་ནད་གཞན་ཞིག་སྟོན་གི་འགྲོ་བ་མིན་པ་ཨ་ཕ་ཁྱོད་ཀྱིས་མི་ཤེས་སམ།
      "དེ་འདྲ་ཞིག་ཡིན་ན། བུ་བཙའ་ལྟེ་གནས་སུ་འགྲོ  སྨན་ཁང་དེ་བཟང་བ་ཁོ་ཐག་རེད། ཡང་གཅིག་བཤད་ན་བྱི་ལེའི་བཤད་པ་ནང་བཞིན། འུ་ཚང་གི་མནའ་མ་བྱིས་པ་བདེ་ཐང་ཡིན་མིན་ལ་བརྟག་ཏུ་འགྲོ་བ་ལས། ནད་གཞན་ཞིག་སྟོན་ཏུ་འགྲོ་བ་མ་རེད"ཨ་ཕས་ཡིད་མི་ཆེས་པའི་ཉམས་སྣང་ཞིག་གིས། "ཨོ། དེས་ན་ད་དེར་འགྲོ་རྒྱོ་བྱོས་ཟེར་ནས་བཟང་མོར། ན་ཟུག་ཨེ་ཡོང་གི  ལུས་ཕུང་ཨེ་བདེ་ཀི
      བཟང་མོས་ད་དུང་དེ་འདྲ་རང་རེད"ཟེར་ཞོར་མགོ་བོ་ཨ་མའི་པང་དུ་བཞག་ནས་འདུག་ལ། ངོ་གདོང་ལ་བཟོད་དུ་མེད་པའི་ན་ཟུག་གི་མདུད་པ་ཞིག་བརྒྱབ་འདུག ལག་སྐྱོར་འཁོར་ལོའི་སྦགས་སྒྲ་སྔར་བཞིན་ཆེ་བ་དང་། ཁོ་ཚོས་གླེང་མོལ་ཀྱང་མཚམས་བཞག་འདུག 
      ལག་སྐྱོར་འཁོར་ལོ་རེབ་གོང་བུ་བཙའ་ལྟེ་གནས་ཀྱི་སྒོ་མདུན་དུ་སླེབས་བྱུང་། ལས་འགྲུབ་ཀྱིས་བཟང་མོ་པང་དུ་བཟུང་ཞིང་། ཨ་མས་བཟང་མོའི་ལྭ་བ་དག་བསྣམས། ཨ་ཕས་ད་ལན་ཁུག་མ་རྒྱབ་ཏུ་འཁུར་ཏེ། ཁོ་གསུམ་པོ་བརྟག་དཔྱད་ཁང་གི་ཕྱོགས་སུ་བསྐྱོད་འོང་བ་ཡོན་ཀྲང་ཚེ་རིང་སྐྱིད་ཀྱིས་མཐོང་བྱུང་། སྐབས་དེར་ཡོན་ཀྲང་ཚེ་རིང་སྐྱིད་ཀྱིས་ལག་ཟུང་ལ་ཁྲག་ཞིག་བགོས་ནས་བརྟག་དཔྱད་ཁང་གི་ཕྱོགས་སུ་འོང་། མ་གཞི་དེ་ནི་ད་སོ་མ་སྨན་པ་ཚེ་རིང་སྐྱིད་ཀྱིས་སྦྲུམ་མ་ཞིག་གི་མངལ་ནས་ཕྲུ་གུ་བླངས་ནས་ཏག་ཏག་སྒོར་ཡོང་བ་མ་ཡིན་ནམ། ཁོ་མོས་ཉིན་རྒྱུན་འདི་ལྟར་རོང་འབྲོག་ཕྱོགས་ཀྱི་སྦྲུམ་མ་དག་གི་བྱིས་པ་སྐྱེ་བསུ་ལས་ཀ་ཁོ་ནར་འབད་ནས་ཡོད་ལ། ཕྲུ་གུ་བདེ་ཐང་ངང་སྐྱེ་བསུ་བྱས་ཏེ་མ་བུ་བདེ་སྲུང་བྱེད་རྒྱུ་ནི་ཡོན་ཀྲང་ཚེ་རིང་སྐྱིད་ཀྱི་མི་ཚེའི་ཧྲིལ་བོའི་བྱ་བའི་འགན་འཁྲི་ཞིག་ཏུ་གྱུར་ཡོད།
 སྨན་པ་ཚེ་རིང་སྐྱིད་ཀྱིས"ཁོ་མོར་ཅི་ཞིག་བྱུང་སོང་བ་རེད། ཁྲག་འདི་འདྲ་མང་པོ་ཞིག་ཇི་ལྟར་བཞུར་བ་རེད།  ཁྲག་བཞུར་བ་མང་དྲགས་འདུག"ཅེས་ཟེར་ཞོར་མྱུར་དུ་ལག་པ་གཙང་མར་བཀྲུས་རྗེས། ཕྱིར་ཁོ་ཚོ་ཡོད་སར་འོང་། ཡོན་ཀྲང་ཚེ་རིང་སྐྱིད་ཀྱིས"ཁོ་མོ་ཐང་དུ་འགྱེད་སོང་བ་ཨེ་རེད"ཅེས་དྲིས་པར།
       ལས་འགྲུབ་ཀྱིས་གནས་ཚུལ་ཇི་མ་ཇི་བཞིན་ཡོན་ཀྲང་ཚེ་རིང་སྐྱིད་ལ་བཤད་བྱུང་།
      དོན་རྐྱེན་ཧ་གོ་རྗེས། ཡོན་ཀྲང་ཚེ་རིང་སྐྱིད་ཀྱིས་མྱུར་དུ་སྨན་པ་གཞན་དག་བོས་ཏེ་བཟང་མོ་བརྟག་དཔྱད་ཁང་དུ་ཁྲིད་པ་དང་།ལས་འགྲུབ་ཀྱང་སྨན་པ་ཚོ་དང་མཉམ་དུ་བརྟག་དཔྱད་ཁང་དུ་སོང་། ཕ་མ་གཉིས་ནད་གཡོག་མ་སྒྲོན་དཀར་གྱིས་སྣེ་ཁྲིད་དེ་ཞག་སྡོད་བྱེད་སའི་ཁང་མིག་ཅིག་སྟེ་སྒོ་བྱང་དུ་འབིགས་བྱེད་ཤག་ཞེས་པ་ཞིག་ཏུ་ངལ་གསོ་རུ་བཅུག  ཕ་མ་གཉིས་ཀྱིས་ཞག་སྡོད་ཁང་བ་ནང་གི་ཅ་ལག་དང་ནང་བརྒྱན་སྒྲིག་འགོད་བྱས་ཡོད་པ་དག་ལ་ཞིབ་ལྟ་བྱེད་བཞིན་ཡོད་པ་དང་། ལས་འགྲུབ་ཀྱི་ཨ་ཕའི་བློ་ངོར། རང་གི་བུས་བཤད་པའི་སྐད་ཆ་དག་བདེན་གཏམ་ཁོ་ན་ཡིན་པ་གཞི་ནས་རྟོགས་ལ། ཨ་མའི་བློ་ངོར། ངོ་མ་རང་ཁྱིམ་དུ་ཐོན་སོང་པའི་ཚོར་སྣང་སྟེར་ཞིང་། གནས་འདི་འདྲ་ཞིག་ཏུ་ཕྲུ་གུ་སྐྱེ་བ་ནི་བདེ་སྐྱིད་ཡིན་པའི་བསམ་ཚོར་ཞིག་དབང་མེད་དུ་སྐྱེས་བར། གདོང་ལ་འཛུམ་ཞིག་ལངས་ཏེ། རང་གི་ཁྱོ་གར།
      "ཞི་ལིས་བཤད་པ་བདེན་པ་རེད་ཡ། ཅུང་མིན་ན་ཁྱོས་ཁ་ཐོག་ཏུ་བཞག་ཏེ་རྒྱ་སྨན་ཁང་དུ་བུད་སོང་། ད་ཅི་འདྲ་རེད། འདི་འདྲའི་ཆ་རྐྱེན་བཟང་བོའི་འོག་ཏུ་བྱིས་པ་སྐྱེ་ན་ཅི་འདྲའི་སྐྱིད་པ་ལ། བུ་བཙའ་ལྟེ་གནས་འདི་སྔོན་ཆད་ཞིག་ནས་བཙུགས་ཡོད་ཚེ། ང་ཡང་འདིར་ཡོང་ནས་འུ་གཉིས་ཀྱི་ཞི་ལི་ལས་འགྲུབ་ཀྱང་འདི་རུ་སྐྱེས་ཡོད་ངེས"ཞེས་ཨ་མས་ཀུ་རེ་ཞིག་རྩེ་ཁུལ་བྱས།
      ཨ་ཕས་ནོངས་འགྱོད་དང་གཟབ་ནན་གྱི་བཟོ་ལྟ་ཞིག་གིས། "ད་ཁྱོ་ཁ་རོགས་གེར་སྡོད་དང་། མནའ་མ་ཉེན་ཁའི་གནས་སུ་ལྷུང་ཡོད་པས། ཁྱེད་ལ་སྨྱོ་རྟགས་གཟའ་བཤད་ཀྱི་སེམས་བཟིག་ཡོད་མོད"ཅེས་བཤད་མ་ཐག་ནད་གཡོག་མ་སྒྲོན་དཀར་གྱིས།
 ནད་གཡོག་མ་སྒྲོན་དཀར་གྱིས"ཁྱོད་ཚང་གི་སྦྲུམ་མར་བརྟག་དཔྱད་བྱས་ཚར་ཐལ། བྱིས་པ་མ་འཚམས་ཐལ"ཞེས་བཤད་བྱུང་།
      ལས་འགྲུབ་ཀྱི་ཕ་མ་གཉིས་ཀྱིས་མཉམ་དུ"ཅི་ཟེར། བྱིས་པ་མ་འཚམས་ཐལ" ཞེས་བཤད་ཞོར་མྱུར་དུ་ཞག་སྡོད་ཁང་གི་སྒོར་རྒྱུག་པ་དང་། བརྟག་དཔྱད་ཁང་དུ་སོང་བ་ན། བཟང་མོ་དང་ལས་འགྲུབ་གཉིས་ཕན་ཚུན་ལ་འཐམ་ཏེ་ངུ་བཞིན་ཡོད་ལ། སྨན་པ་ཚེ་རིང་སྐྱིད་ཀྱིས་ཁ་ལ་བྱེད་བཞིན་ཡོད།
      སྨན་པ་ཚེ་རིང་སྐྱིད་ཀྱིས"ལས་འགྲུབ་དང་བཟང་མོ་གཉིས་ལ། ཁྱོད་གཉིས་སེམས་མ་སྡུག་ཅིག འདི་ནི་བྱིས་པ་དང་པོ་ཡིན་པས། ད་དུང་རྗེས་མར་སྐྱེ་སྲིད་པ་ཁོ་ཐག་ཡིན། ཁྱོད་གཉིས་ཕན་ཚུན་ལ་འདང་བརྩེ་འདི་འདྲ་ཞིག་འདུག  ཕན་ཚུན་ལ་འདང་བརྩེ་ཡོད་ཚེ། བྱིས་པ་སྐྱེ་རྒྱུར་གནད་དོན་ཅི་ཞིག་ཡོད།  གཙོ་བོ་ཨ་མ་རང་ཉིད་ཀྱིས་རང་གི་བདེ་ཐང་ལ་དོ་སྣང་བྱས་ཏེ། མངལ་མ་སྦྲུམ་སྔོན་དང་མངལ་ཆགས་པའི་སྐབས་སུ་གཙང་སྦྲ་འཕྲོད་བསྟེན་དང་བདེ་འཇགས་ལ་དོ་སྣང་བྱེད་དགོས་ལ། ལྷག་པར་དུ་མངལ་སྦྲུམ་ནས་ཆེར་གྱུར་ཚེ། ཁྱིམ་ལས་ལྗིད་མོའི་སྐོར་དང་ཉེན་ཁ་ཡོད་སའི་གནས་ཡུལ་སོགས་ལ་འགྲོ་མི་རུང་། འདི་དག་ལ་ཉམས་བཞག་ཚེ་གནད་དོན་ཡོད་མི་འདུག"ཅེས་ཤ་ཚ་དང་སྙིང་ཉེ་བའི་སྒོ་ནས་ཁ་ལ་དང་སློབ་གསོ་གཏོང་བཞིན་མཆིས།
      ལས་འགྲུབ་ཀྱི་ཨ་ཕས་སྨན་པ་ཚེ་རིང་སྐྱིད་ལ། "བྱིས་པ་ཅིའི་ཕྱིར་མ་འཚམས་པ་རེད།  བུ་རེད་དམ་བུ་མོ་ཞིག་རེད།"
      སྨན་པ་ཚེ་རིང་སྐྱིད་ཀྱིས"ངོ་མ་ཡིད་ཕངས་པ་ཞིག་རེད། བུ་ཞིག་རེད། ཁྱོད་ཚང་གི་མནའ་མ་ཐང་དུ་འགྱེལ་པ་རང་དགར་ཅིག་མ་རེད། འདབ་རྫབ་དང་ཆར་ཞོད་ཆེ་དྲགས་པས། མནའ་མ་ཐང་ལ་འགྱེལ་བའི་གོ་རིམ་ཁྲོད་བུ་སྣོད་དུ་ཁྲག་བཞུར་ཚད་མང་དྲགས་པ་དང་། ཁྱོད་ཚོ་ལམ་བར་དུ་ཅུང་འགོར་དྲགས་པས། བྱིས་པ་མྱུར་སྐྱོར་བྱེད་མ་ཐུབ་ཐལ། ངོ་མ་ཅན་གྱིས་ཐུགས་རྒྱལ་མ་བཞེངས་ཤིག  རྗེས་ཕྱོགས་མངལ་སྦྲུམ་ཡོད་དུས། ལྷག་པར་དུ་ཟླ་བཞི་ལྷག་འགོར་ཡོད་ཚེ། ལས་ཀ་ལྕི་མོ་སོགས་ལས་སུ་མ་འཇོག  ཁྱོད་རང་བྱིས་པའི་ཨ་མ་ཞིག་རེད་མོད།འདིའི་ཕྱོགས་ཀྱི་ཉམས་མྱོང་ད་དུང་ཅུང་ཙམ་ཡང་མེད་དམ"ཞེས་སྨན་པ་ཚེ་རིང་སྐྱིད་ཀྱིས་ལས་འགྲུབ་ཀྱི་ཨ་མར་གཤེ་གཤེ་ཚུལ་གྱི་སློབ་གསོ་བཏང་།
      ལས་འགྲུབ་ཀྱིས་ཨ་མས། "སྨན་པ་ལགས། ངས་རྒྱུན་དུ་དེ་ལྟར་སློབ་གསོ་གཏོང་གིན་ཡོད་མོད། འོན་ཀྱང་ངའི་བུ་དང་མནའ་མ་གཉིས་ཀ་ཁྱིམ་ཚང་ཁེར་རེ་བཞག་ཡོད་པས། རྒྱུན་པར་མཉམ་དུ་མེད། ལྷག་པར་དུ་ད་ནངས་ཞིང་ཁར་ཞིང་འབྲེག་གི་བུད་འགྲོར་ཞིག་ཡིད་ལ་མ་དྲན། རྒྱུ་མཚན་ཞིང་འབྲེག་སྐབས་ང་ཚོ་ཁྱིམ་ཁ་གཉིས་ཀྱིས་མཉམ་དུ་འབྲེག་ཞེས་བཤད་ཡོད། མནའ་མའི་འབྲེག་མ་ཐུབ་ཚེ། ཞིང་འབྲེག་པ་གཞན་གླ་རྩིས་ཡོད། ངེད་ཚང་གི་མནའ་མ་འདི་ལས་ཀར་ཧ་ཅང་དགའ་བས། མོ་རང་འདུག་མ་བཟོད་པ་ཡིན་རྒྱུ་རེད"ཅེས་འགྱོད་སེམས་དང་སྡུག་གཏམ་མང་པོ་ཞིག་སྨན་པ་ཚེ་རིང་སྐྱིད་ལ་བཤད་བྱུང་།
      སྨན་པ་ཚེ་རིང་སྐྱིད་ཀྱིས"ད་ཐེངས་དོན་དག་བྱུང་ཚར་ཟིན། རྗེས་ཕྱོགས་འདིའི་སྐོར་ནས་མཉམ་འཇོག་བྱེད་རྒྱུ་ནི་ཕ་མ་བུ་ཕྲུག་སུ་ཞིག་ཡིན་རུང་ཤིན་ཏུ་གལ་ཆེ"ཞེས་བཤད་ཞོར་དུ། ཁྱོད་ཚོ་ཞག་སྡོད་ཁང་དུ་ངལ་གསོ་བྱས་ཏེ་སྡོད་དང་། དེ་དགོང་ཕྱིར་ཡུལ་དུ་མ་འགྲོ་བར་འདིར་ཞག་སྡོད་བྱོས་དང་ཆོག་ཅེས་བཤད་རྗེས་ནད་གཡོག་མ་སྒྲོན་དཀར་ལ།  ཁྱོས་ཁོ་ཚོར་ཞབས་ཕྱི་བཟང་བོ་བསྒྲུབ་ཅིག"ཅེས་བཤད་པ་དང་། སྨན་པ་ཚེ་རིང་སྐྱིད་རང་གི་ལས་ཤག་ཏུ་ཕྱིན། ལས་འགྲུབ་བཟའ་ཚང་གང་བོ་ནད་གཡོག་མ་སྒྲོན་དཀར་གྱི་འགྲོ་རོགས་འོག འབིགས་བྱེད་ཤག་ཏུ་སོང་། ནད་གཡོག་མ་སྒྲོན་དཀར་གྱིས་ཚ་དེམ་དང་དཀར་ཡོལ་འགའ་ལག་ཏུ་བཟུང་ནས་འབིགས་བྱེད་ཤག་ཏུ་ཕྱིན་ཤིང་། ལས་འགྲུབ་བཟའ་ཚང་གང་བོར་ཇ་བླུད་དེ་ཁོ་ཚོར་དགོས་མཁོ་ཅི་ཡོད་པ་བསྐང་བཞིན་འདུག ལས་འགྲུབ་བཟའ་ཚང་གང་བོས་འབིགས་བྱེད་ཤག་ཏུ་གླེང་མོལ་བྱེད་བཞིན་མཆིས། ཅུང་ཙམ་འགོར་རྗེས། ལས་འགྲུབ་ཀྱི་ཨ་ཕ་འབིགས་བྱེད་ཤག་གི་སྒོར་འོང་ནས། ནད་གཡོག་མ་སྒྲོན་དཀར་ལ། སྨན་པ་ཚེ་རིང་སྐྱིད་ཀྱི་ལས་ཤག་གང་ཡིན་འདྲི་སྐབས་སྨན་པ་ཚེ་རིང་སྐྱིད་འབིགས་བྱེད་ཤག་གྲལ་གྱི་ཆེས་སྔོན་མའི་ལས་ཤག་ནས་ཕྱིར་བུད་པ་དང་། ལས་འགྲུབ་ཀྱི་ཨ་ཕ་ཁོ་མོའི་ཕྱོགས་སུ་སོང་ནས།
      ལས་འགྲུབ་ཀྱིས་ཨ་ཕས"སྨན་པ་ལགས། ང་ཚོ་ད་ཕ་ཡུལ་དུ་འགྲོ་རྩིས་ཡོད།"
      སྨན་པ་ཚེ་རིང་སྐྱིད་ཀྱིས"དེ་དགོང་མ་སོང་ན་བཟང་སྙམ། ཁྱོད་ཚོ་ཚང་མ་ཐང་ཆད་ཡོད་ནི་རེད། དེ་དགོང་ངལ་གསོས་རྗེས་སང་ཉིན་ལམ་དུ་ཆས་ན་མི་ལེགས་སམ།"ཞེས་བཤད་པར།
      ལས་འགྲུབ་ཀྱི་ཨ་ཕས"ང་ཚོ་མི་མང་བས་ཞག་འདུག་བྱས་ན་ཆ་རྐྱེན་སྟབས་བདེ་མ་རེད། ལྷག་པར་དུ་མནའ་མར་སྐྱོན་ཆེན་པོ་མི་འདུག་པས། རང་དགར་སྒོར་མོ་བརླག་མི་ཉན"།
      སྨན་པ་ཚེ་རིང་སྐྱིད་ཀྱིས"དེ་རིང་སྦྲུམ་མ་ཅུང་ཉུང་བས། འདུག་ཁང་གཉིས་གསུམ་ཙམ་ལྷག་ཡོད། གལ་ཏེ་ཁྱོད་ཚོ་འདུག་ན་བཀོད་སྒྲིག་བྱེད་ཆོག  ཁང་རིན་སྟེར་མི་དགོས"ཟེར་ཞོར་དུ་འདུག་ཁང་གཞན་ཞིག་གི་སྦྲུམ་མར་ལྟ་རུ་སོང་།  ལས་འགྲུབ་ཀྱི་ཨ་ཕས་སྨན་པ་ཚེ་རིང་སྐྱིད་ཀྱིས་ཤ་ཚའི་སྐད་ཆ་དེར་ཉན་རྗེས་འདང་ཞིག་རྒྱག་གིན་འབིགས་བྱེད་ཤག་ཏུ་འཛུལ། རེབ་གོང་བུ་བཙའ་ལྟེ་གནས་ནི་གཞན་ཕན་དང་ལྷག་བསམ་གཙོ་བོར་འཛིན་པའི་བོད་ཀྱི་མ་བུ་བདེ་སྲུང་ས་ཚིགས་ཞིག་ཡིན་པའི་ཆ་ནས་རོང་འབྲོག་མང་ཚོགས་ཀྱི་དཀའ་ཁག་ལ་དོ་ཁུར་བྱས་ཏེ་ཕན་ཅུང་ཟད་རེ་འདོགས་རྒྱུ་ནི་སྨན་པ་ཚེ་རིང་སྐྱིད་ཀྱིས་དུས་རྒྱུན་གྱི་ལྟ་ཞིབ་ནང་དོན་ཞིག་ཡིན་ལ། མཛའ་གཅུགས་ཉམ་ཐག་གི་ཁྱིམ་ཚང་འདིས་ཁོ་མོར་བྱིན་པའི་རྣམ་འགྱུར་དང་།ལས་འགྲུབ་དང་བཟང་མོ་གཉིས་ཀྱི་ལྷད་མེད་དག་གཙང་གི་བཟའ་ཟླའི་འདང་བརྩེའི་རྣམ་པ་ལས་སྨན་པ་ཚེ་རིང་སྐྱིད་ཀྱི་སེམས་སུ་དེ་ལས་ལྷག་པར་བསམ་གཞིགས་མང་པོ་ཞིག་སྤྲིན་བཞིན་ལྡིང་འོང་།
      ཕྱི་དྲོའི་དུས་ཚོད་ལྔར་སླེབས་ལ་ཉེ་ཞིང་། གསེར་མདོག་གི་ཉི་མ་ཟླུམ་པོ་རེབ་གོང་བུ་བཙའ་ལྟེ་གནས་ཀྱི་མདུན་རིའི་རྒྱབ་ཏུ་ཡིབ་ལ་ཉེ། ཅུང་མ་མགོར་བར་ལས་འགྲུབ་འབིགས་བྱེད་ཤག་གི་སྒོར་བུད་པ་དང། སྨན་པ་ཚེ་རིང་སྐྱིད་ཀྱི་ལས་ཤག་ཏུ་སོང་ནས། ཁོ་ཚོ་ཕ་ཡུལ་དུ་ལོག་རྒྱུ་ཡིན་པའི་བརྡ་བཏང་།
      སྨན་པ་ཚེ་རིང་སྐྱིད་ཀྱིས"ཁྱོད་ཚོས་གྲོས་བྱས་ཡོད་ན་དེ་ལྟར་བྱོས། བཟང་མོར་གསལ་བོ་ཞིག་དྲིས་ཟིན་ནམ།"
      ལས་འགྲུབ་ཀྱིས"ང་ཚོས་གྲོས་བྱས་ཟིན། བཟང་མོས་བཤད་རྒྱུར་ཕྱིར་ཁྱིམ་དུ་ལོག་ན་སྟབས་བདེ་ཡིན། ན་ཟུག་ཆེན་པོ་མེད་པས། འདིར་དོན་མེད་དུ་སྡོད་དོན་མེད་ཟེར།"
      སྨན་པ་ཚེ་རིང་སྐྱིད་ཀྱིས། "ཨོ། དེས་ན་དེ་ལྟར་བྱོས་ཤིག མྱུར་དུ་ལམ་དུ་ཆས་དང་ས་རུབ་ན་མི་ལེགས་ཟེར་ཞོར་དུ། ལས་འགྲུབ་དང་མཉམ་དུ་འབིགས་བྱེད་ཤག་ཏུ་སོང་། ལས་འགྲུབ་ཀྱི་ཕ་མ་གཉིས་དང་བཟང་མོ་བཅས་ཡར་ལངས།
      སྨན་པ་ཚེ་རིང་སྐྱིད་ཀྱིས"བཟང་མོ། བཟང་མོ། ཁྱོད་ཡར་མ་ལངས། ཡར་མ་ལངས་ཤིག་ཟེར་ཞོར་བཟང་མོའི་ལག་མགོ་ནས་བསྐྱོར་ཏེ། ཇི་འདྲ་རེད། ན་ཟུག་འདྲ་ཨེ་ཡོད་ཀི  དེ་དགོང་ཡུལ་དུ་སོང་ན་སྐྱོན་མི་འདུག་གམ།
      བཟང་མོས"ན་ཟུག་མེད་ཀི  ཡུལ་དུ་ལོག་ན་སྟབས་བདེ་པོ་རེད། འདིར་དོན་མེད་དུ་མི་འདུག་རྒྱུ་བྱེད། ཨ་ཅེ་ཁྱོད་ལ་བཀའ་དྲིན་ཆེ"ཟེར།
      སྨན་པ་ཚེ་རིང་སྐྱིད་ཀྱིས"དེ་འདྲ་ཟེར་དགོས་ནི་མ་རེད། ཁྱོད་ཚོའི་བདེ་ཐང་ནི་ང་ཡི་རེ་བ་ཡིན། ངས་ལས་འགན་འཇིག་རྟེན་གྱི་མ་བུ་ཚང་མ་བདེ་བར་སྲུང་ནས་ཁོ་ཚོར་བདེ་ཐང་ངང་འཚར་ལོངས་དང་། བདེ་སྐྱིད་ངང་འཚོ་བ་རོལ་རྒྱུ་དེ་ཡིན"ཞེས་སེམས་གཏམ་དཀར་པོ་འོ་མ་འདྲ་བ་ཞིག་བཤད་བྱུང་། ཁོ་ཚོས་ཀྱང་། བཀའ་དྲིན་ཆེ་ཞེས་རང་ཁྱིམ་ལྟ་བུའི་བུ་བཙའ་ལྟེ་གནས་ལ་རྗེས་སུ་ཡི་རངས་བྱས། སྨན་པ་ཚེ་རིང་སྐྱིད་ཀྱིས། ལས་འགྲུབ་བཟའ་ཟླ་གཉིས་ལ་རྗེས་ཕྱོགས་བྱིས་པ་བདེ་ཐང་ཅན་ཞིག་དགོས་ན། བཟང་མོར་མངལ་སྦྲུམ་སྐབས་གང་དག་ལ་སྔོན་འགོག་དང་། གང་དག་ནི་ཉམས་འཇོག་བྱེད་དགོས་པའི་སྐོར་གྱི་རྒྱུན་ཤེས་དང་སློབ་གསོ་གང་མང་བཏང་ཞིང་། ཡང་བསྐྱར་མངལ་ཆགས་ཚེ། དལ་འགྱངས་མི་བྱ་བར་བུ་བཙའ་ལྟེ་གནས་སུ་ཟླ་བ་ཁ་ཤས་ཀྱི་མཚམས་ནས་བརྟག་དཔྱད་དུ་ཡོང་བར་རེ་སྐུལ་བྱས་པ་དང་། ཁོ་ཚོར་མི་འགྱངས་བར་བདེ་ཐང་བྱིས་པ་སྙིང་རྗེ་ཞིག་བདེ་བླག་ངང་སྐྱེས་པའི་སྨོན་འདུན་བརྗོད་དེ། ལས་འགྲུབ་བཟའ་ཚང་གང་བོ་སྐྱེལ་མ་བྱེད་འགོ་བརྩམས། ལས་འགྲུབ་དང་སྨན་པ་ཚེ་རིང་སྐྱིད། ནད་གཡོག་མ་སྒྲོན་དཀར་བཅས་ཀྱིས་བཟང་མོ་སྐྱོར་ཞིང་། ལས་འགྲུབ་ཀྱི་ཕ་མ་གཉིས་ཀྱིས་སོ་སོར་ཏ་ལེན་ཁུག་མ་དང་བཟང་མོའི་ལྭ་བ་སོགས་ལག་ཏུ་བཟུང་ནས་སྒོར་འབུད་འགོ་བརྩམས།   ཅུང་ཙམ་སོང་རྗེས།
      ལས་འགྲུབ་ཀྱིས"ཨ་མ། ཁྱོད་ཀྱིས་བཟང་མོ་སྐྱོར་ཞིག  ང་འགྲོ་ནས་ལག་སྐྱོར་འཁོར་ལོ་སྐོར་ར་ཡོང"ཞེས་ལས་འགྲུབ་ཀྱིས་མྱུར་དུ་ལག་སྐྱོར་འཁོར་ལོ་ལྡིར་སྒྲ་དང་བཅས་ཁ་ལོ་བསྒྱུར་ཏེ་ལམ་ཁར་བཞག་རྗེས། བཟང་མོ་སྐྱོར་དུ་འོང་། ལས་འགྲུབ་ཀྱིས་བཟང་མོ་པང་དུ་བཟུང་སྟེ་འཁོར་སྒྲོམ་དུ་བཞག་པ་དང་། ཕ་མ་གཉིས་ཀྱང་འཁོར་སྒྲོམ་དུ་བསྡད་དེ་སྨན་པ་ཚོར་བདེ་མོ་བཞག་ལ། ལག་སྐྱོར་འཁོར་ལོ་སྦགས་སྒྲ་དང་བཅས་རེབ་གོང་བུ་བཙའ་ལྟེ་གནས་དང་རྒྱང་ཐག་རིང་དུ་གྱེས་ཤིང་། སྨན་པ་ཚེ་རིང་སྐྱིད་དང་ནད་གཡོག་མ་སྒྲོན་དཀར་སོགས་བུ་བཙའ་ལྟེ་གནས་ཀྱི་སྒོ་མདུན་དུ་ཀྲོང་ངེར་ལངས་ཏེ་མིག་ཟུང་ལག་སྐྱོར་འཁོར་ལོའི་ལྡིར་སྒྲའི་ཕྱོགས་སུ་འཁོར་ཏེ་ལག་གཡུག་གནང་གིན་འདུག
      ལག་སྐྱོར་འཁོར་ལོ་སྦགས་སྒྲ་དང་བཅས་ཕ་ཡུལ་ཕྱོགས་སུ་འཐེན་པའི་ཀྱག་ཀྱོག་གི་བཞུད་ལམ་ཕྲ་མོར་འབུ་ནག་བཞིན་འདུར་བཞིན་ཡོད་ལ། ལས་འགྲུབ་བཟའ་ཚང་གང་བོ་ལག་སྐྱོར་འཁོར་ལོའི་སྟེང་དལ་ཅག་གེར་འདུག ས་སྲོད་ཀྱི་མཚམས་སུ་སླེབས་དུས་ད་གཟོད་ཁོ་ཚོ་ཕ་ཡུལ་དུ་འབྱོར་བྱུང་།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།