ལོ་ཙཱ་རིག་པའི་ཤེས་བྱ་གནད་བསྡུས་ཞེས་བྱ་བ།
མཆོད་པར་བརྗོད་པ།
མཐའ་བཞི་རིག་པའི་ཆུ་བོ་ཆེ། ། ཐབས་མཁས་འཕྲུལ་གྱིས་བསྡུ་མཛད་པ། །
མཚུངས་མེད་ལོ་པཎ་རིམ་བྱོན་གྱི། ། བཀའ་དྲིན་སྲིད་མཐའི་བར་དུ་དྲན། །
དེང་འདིར་ཕྱི་ནང་གཞུང་བརྒྱའི་བཅུད། ། ཚུར་ལེན་ཕར་ལ་སྤེལ་མཁས་ཤིང་། །
རིགས་པ་གསར་པའི་ཤིང་རྟ་བ། ། འཇིག་རྟེན་མིག་རྣམས་མཆོད་ཅིང་བཀུར། །
ཟབ་ཡངས་ལོ་ཙཱའི་གཞུང་ལུགས་ལས། །སློབ་དཔོན་དམ་པའི་གསུང་སྒྲོས་བཞིན། །
ཉེར་མཁོའི་རྣམ་གཞག་མདོར་བསྡུས་ཙམ། །ཡིད་ལ་བསྒོམ་ཕྱིར་བཤད་ཀྱི་ཉོན། །
རབ་ཏུ་བྱེད་པ་དང་པོ། ལོ་ཙཱའི་དགོས་པ་བཤད་པ།
དེ་ལ་ཀུན་མཁྱེན་དབྱིག་གཉེན་གྱིས། །ཉན་པ་པོ་ཡིས་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དེ་བཞིན་རྗེ་བཙུན་ས་པཎ་གྱིས། །བསྟན་བཅོས་དམ་པར་སྟོན་པའི་ཕྱིར། །སྟོན་པའི་ཐོག་མར་དགོས་པ་བསྟན། །ཡོངས་སུ་རྟོགས་པས་དེ་མཐོང་ན། །དཔྱོད་པ་ལ་ཡང་ཅིས་མི་འཇུག །གཞན་ཡང་ཟླ་བ་མངོན་དགའ་བས། །བསྟན་བཅོས་དང་ནི་ཐམས་ཅད་དང་། །ལས་ནི་ཅི་ཡང་རུང་བ་ཡི། །ཇི་སྲིད་དགོས་པ་མ་སྨྲས་པར། །དེ་སྲིད་དུ་ནི་སུ་ཞིག་འཛིན། །གསུངས་པའི་དོན་ལྟར་ལོ་ཙཱ་ཡི། །དགོས་པ་མདོ་ཙམ་བཤད་པར་བྱ། །
གཞན་གྱི་ཁྱད་འཕགས་རིག་པའི་བཅུད། །རང་ཉིད་འཕེལ་བའི་གསོས་སུ་འདྲེན། །རང་གི་ངོ་མཚར་མཛད་འཕྲིན་ཆེ། །གཞན་སྡེ་དགའ་བའི་སྟོན་མོར་འགྲེམས། །མེས་དབོན་གསུམ་གྱི་སྐུ་རིང་ལ། །འཕྲིན་ལས་རྒྱ་ཆེན་རྒྱས་ལ་ལྟོས། །རྨད་བྱུང་ལོ་ཙཱའི་བྱིན་མཐུ་ལས། །བཅུ་ཕྲག་རིག་པ་དཔལ་དུ་འཁོར། །
དེང་འདིར་བོད་ཀྱི་རིག་པ་ཞེས། །ཡང་སྒོས་བོད་བརྒྱུད་ནང་བསྟན་ཞེས། །གྲགས་པ་སྲིད་རྩེར་གཡོ་བ་གང་། །ཐོན་མིར་བཅས་པའི་དྲིན་ལས་སུ། །
མཁས་པས་ལེགས་བཤད་རིན་ཆེན་སྡུད། །གཞན་གྱི་ཡོན་ཏན་ཆུང་ངུའང་ལེན། །ཇི་བཞིན་འདྲེན་པའི་རྩལ་སྤྲུགས་པ། །མངོན་པར་འཕེལ་བའི་རྟེན་འབྲེལ་ལགས། །
མང་དུ་བརྗོད་པ་ག་ལ་དགོས། །འདས་དང་ད་ལྟ་བསྡུར་ལས་ཤེས། །རང་དང་གཞན་སྡེ་གཤིབ་ལས་རྟོགས། །དེ་ལྟ་རེ་ཞིག་རྫོགས་པར་བྱ། །ལོ་ཙཱ་རིག་པའི་ཤེས་བྱ་གནད་བསྡུས་ལས་ལོ་ཙཱའི་དགོས་པ་བཤད་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དང་པོའོ། །
རབ་ཏུ་བྱེད་པ་གཉིས་པ། ལོ་ཙཱའི་གོ་དོན་བཤད་པ།
ཕྱི་ནང་མཁས་པའི་ངག་སྒོ་ལས། །གོ་དོན་འཇོག་ལུགས་སྣ་ཚོགས་བཞེད། ། རྣམ་པའི་ཚུལ་ནི་ཐ་དད་ཀྱང་། །སྲོག་གི་སྙིང་བོ་གཅིག་ཏུ་འབབ། །
སྐད་ཡིག་ཅིག་གིས་བསྟན་པའི་དོན། །སྐད་ཡིག་གཞན་གྱིས་མཚོན་པ་ལ། །ལོ་ཙཱ་ཞེས་བྱ་འཇིག་རྟེན་མིག །སྐད་གཉིས་སྨྲ་བའི་དོན་ལ་འཇུག །ལེགས་སྦྱར་ལོ་ཀ་ཙཀྵ་ཉིད། །བོད་ཀྱི་སྐད་དུ་ཟུར་ཆག་ཅིང་། །སྐད་སྒྱུར་ཡིག་སྒྱུར་གཉིས་ལ་གོ། །
འདིར་བསྟན་སྐད་ཡིག་ཅིག་ཅེས་པ། །བསྒྱུར་བར་བྱ་བའི་མ་ཡིག་དང་། །སྐད་ཡིག་གཞན་དེ་སྒྱུར་བྱེད་ཀྱི། །འགྱུར་བྱའི་སྐད་ཡིག་ཉིད་ལ་གོ། །
མ་ཡིག་གིས་གྲུབ་རྒྱུ་ཆ་ལ། །མ་རྩོམ་ཞེས་སུ་འབོད་པ་དང་། །སྒྱུར་བྱེད་ཡི་གེས་གྲུབ་པ་ཡི། །རྒྱུ་ཆ་ཉིད་ལ་འགྱུར་ཡིག་གོ། །
འདི་རུ་བསྟན་པའི་སྐད་ཡིག་ཀྱང་། །ངག་ཐོག་ཡིག་ཐོག་ཅི་རིགས་ཀྱི། །འགྲོ་བ་མི་ཡི་སྐད་བརྡ་ལས། །གཞན་དུ་གོ་བའི་གནས་མ་མཆིས། །
འདིར་སྨྲས་བསྟན་པའི་དོན་དག་ནི། །སྒྲ་ཉིད་ཡངས་པོར་འཇུག་པ་སྟེ། །མ་ཡིག་གི་ནི་ནང་དོན་དང་། །རྩོམ་ལུས་རིག་གནས་རྒྱབ་ལྗོངས་དང་། །ཁྱད་ཆོས་བརྩེ་གདུང་རྩོམ་གཤིས་སོགས། །ཤུགས་སུ་བསྟན་པའི་དོན་ཡང་འདུ། །
སྐད་དང་ཡི་གེ་རིགས་གཅིག་ནས། །བསྟན་པའི་དོན་དང་བརྗོད་པའི་ཚུལ། །དམ་པ་མཐར་ཕྱིན་འོས་འཚམ་སྒོས། །སྐད་དང་ཡིག་རིགས་གཞན་ཞིག་ཏུ། །ཇི་ལྟ་ཇི་བཞིན་ཕབ་སྒྱུར་གྱི། །གསར་གཏོད་ལྡན་པའི་བྱེད་སྒོ་ལ། །ལོ་ཙཱ་ཞེས་བྱ་ཡོངས་སུ་གྲགས།།
མ་ཡིག་གིས་བསྟན་དོན་རྣམས་ནི། །ཚིག་དོན་རྩོམ་ལུས་ལ་སོགས་པ། །དམ་པ་མཐའ་རུ་ཕྱིན་པ་དང་། །འོས་ཤིང་འཚམ་པར་མཚོན་པ་ལ། །ལོ་ཙཱ་ཞེས་བྱར་ནེ་ཏས་བཞེད། །
སྐད་ཡིག་ཅིག་ནས་གཞན་ཞིག་ཏུ། །སྐད་ཆའི་རྒྱུ་ཆ་བརྗེ་སྤོ་ལ། །ལོ་ཙཱར་ཁ་ཐེ་ཧྥུ་ཐེས་སྨྲ། །
པ་ཨར་ཧུའུ་ཏ་ལའོ་ཧྥུ་ཡིས། །ནང་གི་བརྗོད་སྙིང་མི་འགྱུར་བར། །སྐད་ཡིག་ཅིག་གི་སྐད་ཆ་ཡི། །ཐོན་དངོས་སྐད་ཡིག་གཞན་ཞིག་ཏུ། །བརྗེ་སྤོ་བྱེད་པ་ལོ་ཙཱར་བཞེད། །
སྐད་ཡིག་ཅིག་གིས་མཚོན་པ་ཡི། །བསམ་བློའི་ནང་དོན་ཆ་ཚང་ཞིང་། །རྣམ་པར་དག་པར་གཞན་ཞིག་གིས། །མཚོན་པར་བྱེད་པའི་འགུལ་སྐྱོད་ལ། །ལོ་ཙཱར་ཀྲང་ཕེ་ཅི་ཡིས་གསུངས། །
ལོ་ཙཱའི་ངོ་བོར་ཕྱོགས་གསུམ་སྟེ། །སྐད་དང་ཡི་གེ་སྤྱོད་པ་ཡི། །རིག་གནས་བྱེད་སྒོ་རིགས་ཤིག་དང་། །སྒྱུ་རྩལ་ཚན་རིག་ཟུང་འབྲེལ་ལམ། །ལག་རྩལ་གསར་གཏོད་རང་བཞིན་གཉིས། །ཟུང་སྦྲེལ་ཀླད་ཤུགས་ངལ་རྩོལ་ཞིག །རིག་གནས་ཕན་ཚུན་སྤེལ་རེས་ཀྱི། །གསེར་ཟམ་ལྟ་བུའི་ལས་སྒོ་དང་། །སྤྱི་ཚོགས་བྱ་འགུལ་ཞིག་ཀྱང་ཡིན། །
ལོ་ཙཱའི་ངོ་བོ་མཐར་གཏུགས་ན། ། རིག་གནས་ཀྱི་ནི་བརྗེ་རེས་སོ། །
འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས། །ནེ་ཏ་ཉུའུ་མ་ཁེ་སོགས་ཀྱིས། །ལོ་ཙཱ་ཞེས་བྱ་རིག་ཚན་ཞིག །ཡིན་པའི་ལྟ་བ་བཏོན་པ་དང་། །དུས་རབས་ཉི་ཤུའི་སྟོད་ཀྱི་ཆར། །དབྱིན་ཇིའི་ལོ་ཙཱ་བ་རྣམས་ཀྱིས། །ལོ་ཙཱ་རིག་པའི་ཐ་སྙད་སྤྱད། །
ལོ་ཙཱའི་ལག་ལེན་གཞུང་ལུགས་ཆར། །ཞིབ་འཇུག་བྱེད་པའི་རིག་ཚན་ལ། །ལོ་ཙྰ་རིག་པ་ཞེས་བྱ་ཞིང་། །དེ་ལ་རིགས་ཀྱི་རྣམ་གྲངས་གཉིས། །སྤྱིར་བཏང་ལོ་ཙཱ་རིག་པ་དང་། །རང་གནས་ལོ་ཙཱ་རིག་པའོ། །ལོ་ཙཱའི་གོ་དོན་ཁྱད་ཆོས་སོགས། །ཞིབ་འཇུག་བྱེད་པ་སྔ་མ་དང་། །བསྒྱུར་བྱ་སྒྱུར་བྱེད་སྐད་ཡིག་གི། །ཁྱད་པར་སྒྱུར་སྟངས་ལ་སོགས་པར། །ཞིབ་འཇུག་བྱེད་པ་ཕྱི་མའོ། །ཞིབ་འཇུག་བྱེད་པའི་དམིགས་ཡུལ་ནི། །ལོ་ཙཱའི་གཞི་ལམ་འབྲས་གསུམ་ལ། །ངོས་འཛིན་ཡང་དག་བྱས་པ་བརྒྱུད། །ལག་ལེན་མཛུབ་སྟོན་བྱེད་པའོ། །ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་སུ། །རྩ་བའི་གཞུང་ལུགས་ལག་ལེན་དང་། །སྒྲིག་འཛུགས་མི་སྣ་གསོ་སྐྱོང་དང་།འཕྲུལ་ཅན་ཅན་དུ་བསྒྱུར་སོགས་སོ། །ལོ་ཙཱ་རིག་པའི་ཤེས་བྱ་གནད་བསྡུས་ལས་ལོ་ཙཱའི་གོ་དོན་བཤད་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གཉིས་པའོ། །
རབ་ཏུ་བྱེད་པ་གསུམ་པ། ལོ་ཙཱའི་དབྱེ་བ་བཤད་པ།
གཞི་འཛིན་ཐ་དད་སྣང་བ་ལ། ། རིགས་ནི་རྣམ་པ་དུ་མར་དབྱེ། །
རང་གཞན་ཚུལ་ནི་མི་མཐུན་པས། །སྐབས་བསྟུན་རིགས་སུ་བསྒྲེ་བ་གལ། །
འགྱུར་མཛད་སྐད་ཀྱི་རིགས་ལྟར་ན། ། ཀྲུང་གོར་ཕྱི་ཡིག་ལོ་ཙཱ་དང་། །གྲངས་ཉུང་མི་རིགས་སྐད་ཡིག་གི། །ལོ་ཙཱ་གཉིས་སུ་དབྱེ་བ་ཡོད། །
བསྒྱུར་བྱའི་ཁ་ཕྱོགས་གཞིར་བཟུང་ན། །རང་ཡིག་གཞན་ལ་བསྒྱུར་བ་དང་། །གཞན་ཡིག་རང་ལ་བསྒྱུར་བ་ཡོད།།སྐད་མང་ཁོང་དུ་ཆུད་པ་ལ། །གཞན་ནས་གཞན་དུ་བསྒྱུར་བའང་ཡོད། །
སྐབས་འགར་སྐད་ཡིག་རང་ལྡོག་ནས། །བྱེ་བྲག་ཚུལ་ལ་མངོན་དགོངས་ཏེ། །མི་མཐུན་དུས་ཀྱི་གསར་རྙིང་བརྡ། །ཡུལ་ཁམས་སོ་སོའི་ལུང་སྐད་བཅས། །ཕན་ཚུན་བསྒྱུར་བའི་རིགས་གཉིས་བདོག །
སྐད་བརྡའི་རྣམ་པ་གཞིར་བཟུང་ནས། །སྐད་སྒྱུར་ཡིག་སྒྱུར་སྐད་ཡིག་སྒྱུར། །ཡི་གེ་སྐད་སྒྱུར་བཞི་རུ་དབྱེ། །མ་རྩོམ་འགྱུར་ཡིག་གཉི་ག་ནི། །སྐད་ཀྱིས་མཚོན་པ་སྐད་སྒྱུར་དང་། །ཡི་གེས་སྟོན་པ་ཡིག་སྒྱུར་ཉིད། །མ་རྩོམ་སྐད་དུ་བྱེད་པ་ལ། །འགྱུར་ཡིག་ཡི་གེ་སྐད་ཡིག་སྒྱུར། །སྤྱིར་ན་ཟིན་འགོད་དག་སྒྲིག་ཟེར། །མ་རྩོམ་ཡི་གེར་ངེས་པ་ལ། །འགྱུར་ཡིག་སྐད་ཀྱིས་མཚོན་པ་ནི། །ཡི་གེ་སྐད་སྒྱུར་ཀློག་སྒྱུར་དང་། །སྟ་གོན་བདོག་པའི་སྐད་སྒྱུརའང་ཟེར། །
སྒྱུར་བྱེད་ཐབས་ཀྱི་སྨྱན་བྱེད་ལྟར། །སྐད་སྒྱུར་ཡིག་སྒྱུར་དེ་བཞིན་དུ། །འཕྲུལ་ཆས་ལོ་ཙཱ་གསུམ་དུ་དབྱེ། །
བསྒྱུར་བྱའི་རྒྱུ་ཆའི་ངོ་བོ་ལ། །གཞིགས་ན་རྣམ་པ་གཉིས་སུ་སྟེ། །རྩོམ་རིག་བརྩམས་ཆོས་ལོ་ཙཱ་དང་། །རྩོམ་ཆོས་མིན་པའི་ལོ་ཙཱའོ། །སྔ་མ་སྙན་ངག་ལྷུག་རྩོམ་དང་། །བརྩམས་སྒྲུང་ཟློས་གར་རྩོམ་རིག་ལ། །ཕྱི་མ་ཆབ་སྲིད་ཚན་རྩལ་དང་། །གསར་འགྱུར་གཞུང་ཡིག་སོགས་སུ་དབྱེ། །
འགྱུར་ཡིག་འགྲུབ་པའི་ཚད་གཞིགས་ན། །ཧྲིལ་སྒྱུར་གདམ་སྒྱུར་རྩོམ་སྒྱུར་གསུམ། །མ་རྩོམ་ཆ་ཚང་བསྒྱུར་བ་ལ། །ཧྲིལ་སྒྱུར་ཆ་ཤས་ཙམ་ཞིག་ལས། །འབྲེལ་ཏེ་སྣོན་པར་མི་བྱ་བ། །གདམ་སྒྱུར་ཡང་ན་བཏུས་སྒྱུར་ཟེར། །ཆ་ཤས་བསྒྱུར་ཅིང་དེར་མཐུད་དེ། །ཁ་སྣོན་བྱེད་ལ་རྩོམ་སྒྱུར་ཟེར། །སྒྲིག་སྒྱུར་འགྲེལ་སྒྱུར་དུའང་འབོད། ། ལོ་ཙཱ་རིག་པའི་ཤེས་བྱ་གནད་བསྡུས་ལས་ལོ་ཙཱའི་དབྱེ་བ་བཤད་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ། །
རབ་ཏུ་བྱེད་པ་བཞི་བ། ལོ་ཙཱའི་གོ་རིམ་བཤད་པ།
སྤྱིར་བཏང་ལོ་ཙཱའི་གོ་རིམ་ལ། ། ལས་རིམ་གཉིས་སུ་ངེས་པ་སྟེ། །མ་ཡིག་གོ་བ་ལེན་པ་དང་། །སྒྱུར་བྱེད་ཡི་གེས་བརྡ་སྤྲོད་པ། །སྔ་མ་ནང་དུ་འཛུལ་བ་ལ། །ཕྱི་མ་ཕྱི་ལ་དོན་པའོ། །
ནང་དུ་འཛུལ་ཞེས་བྱ་བ་ནི། །བསྒྱུར་བར་བྱ་བའི་མ་ཡིག་གི། །རྗོད་བྱེད་ཚིག་གི་སྡེབ་སྦྱོར་དང་། །བསམ་དོན་བརྗོད་པའི་ཉམས་འགྱུར་བཅས། །ཉམས་ཞིབ་ནན་ཏན་བྱེད་ལ་གོ། །ཕྱི་ལ་དོན་ཞེས་བྱ་བ་ནི། །བསྟན་དོན་ཡོངས་སུ་རྟོགས་པའི་རྗེས། །སྒྱུར་བྱེད་སྐད་ཡིག་གང་དེ་ཡི། །སྐད་ལུགས་ཡིག་སྲོལ་དང་མཐུན་པར། །བསྒྱུར་བྱའི་བརྗོད་པ་འདྲེན་ཚུལ་གྱི། །བཀག་རྒྱས་མ་བཅིངས་སྒྱུར་བྱེད་དུ། །ཕབ་སྒྱུར་གནད་ལ་འཕྲོད་པར་གོ། །
དང་པོ་གོ་བ་ལེན་པ་ནི། །མ་ཡིག་ནང་དུ་འཛུལ་བ་སྟེ། །ལོ་ཙཱར་འཇུག་པའི་སྟ་གོན་དང་། །སྔོན་འགྲོའི་མཐུན་རྐྱེན་ཉིད་དུ་བཤད། །གོ་བ་ཟབ་མོ་ལོན་པ་ནི། །བརྡ་དག་སྟོན་པའི་གནད་འགག་ཡིན། །འདི་ལ་རིམ་པ་གསུམ་ཙམ་སྟེ། །ཐོག་མར་མ་རྩོམ་རགས་ལྟ་དང་། །བར་དུ་ཞིབ་མོར་ཀློག་པ་ལ། །མཐའ་མ་དོགས་གཅོད་བྱེད་དང་གསུམ། །གཉིས་པ་བརྡ་ནི་སྤྲོད་པ་ལ། །སྒྱུར་བྱེད་ཡི་གེའི་གོ་བ་རྣམས། །མཚོན་པར་བྱེད་ལ་བསྟན་པ་སྟེ། །འདི་ལའང་རིམ་པ་གསུམ་ཙམ་སྟེ། །ཐོག་མར་ལོ་ཙཱའི་མ་ཟིན་འདེབས། །བར་དུ་ཞུ་དག་བཟོ་བཅོས་རྒྱག །མཐའ་མར་བདེ་བཅོས་གཏན་ལ་འབེབས། །
ལོ་ཙཱའི་བྱ་སྒོའི་གོ་རིམ་ཁྲོད། །བྱེ་བྲག་ལོ་ཙཱའི་གོམ་པ་དགུ། །དུས་རིམ་གསུམ་དུ་ཕྱེ་བ་ཡོད། །དང་པོ་མ་རྩོམ་ཞིབ་ཏུ་ཀློག །གཉིས་པ་རྩོམ་པ་པོར་ཞིབ་འཇུག །གསུམ་པ་མ་དཔེར་ཉམས་ཞིབ་བྱེད། །དེ་གསུམ་དུས་རིམ་དང་པོའོ། །བཞི་བ་ཕབ་སྒྱུར་གནད་འཕྲོད་བྱེད། །ལྔ་བ་རིམ་པར་ཞུ་དག་གཏོང་། །དྲུག་པ་སྐབས་ཤིག་ལོགས་སུ་འཇོག །དེ་གསུམ་དུས་རིམ་གཉིས་པའོ། །བདུན་པ་གསར་དུ་ཞུ་དག་གཏོང་། །བརྒྱད་པ་མ་ཟིན་ཀློག་ཏུ་འཇུག །དགུ་བ་མཐའ་མའི་བདེ་བཅོས་རྫོགས།།དེ་གསུམ་དུས་རིམ་གསུམ་པའོ།།
གཞན་ཡང་བྱ་སྒོའི་གོ་རིམ་ཁྲོད། །མི་མཐུན་ཚུལ་ལ་མངོན་དགོངས་ཏེ། །ལས་སུ་བྱ་བ་འགའ་ཡང་མཐོང་། །དང་པོ་པར་ཞུ་དཔྱད་བསྡུར་གྱིས། །རྣམ་པར་དག་པའི་པར་གཞི་འདེམ། །གཉིས་པ་ལོ་ཙཱ་བ་ཡི་གཏམ། །གླེང་གཞི་འགྱུར་བྱང་ཚུལ་དུ་འགོད།།གསུམ་ནི་འགྱུར་མཆན་འགོད་པ་སྟེ། །ནང་དོན་ཕལ་ཆེར་ཕྱོགས་གཉིས་འདུ། །གཅིག་ནི་མ་རྩོམ་ཉིད་ལ་འབྲེལ། །གཞན་ནི་འགྱུར་རྩོམ་ལ་འབྲེལ་ཏེ། །གཙོ་ཆེར་འགྱུར་རྩོམ་ཁྲོད་ཀྱི་ནི། །མིང་ཚིག་དམིགས་བསལ་བ་རེ་འགར། །འགྲེལ་བ་གནང་སྟེ་སྟབས་བདེ་བསྐྲུན། །བཞི་ནི་ཆེད་མིང་འཚོལ་བྱར་བཟོ། །མི་མིང་ས་མིང་དཔེ་མིང་སོགས། །མ་དཔེར་བསྡུར་བ་བདེ་བའི་སླད། །འབྱེད་དམ་སྡུད་པར་ཤན་སྦྱར་འགོད། །
འགྱུར་ཆད་འགྱུར་ལོག་སྐྱོན་སེལ་ལ། །མཐའ་མའི་ཞུ་དག་ངེས་པར་མཁོ། །ཞུ་དག་ཐེངས་གསུམ་གཏོང་བ་གཅེས།།ཐོག་མར་མིང་ཚིག་ཡི་གེ་གསུམ། །ཡང་དག་མིན་ལ་ཞུ་དག་གཏོང་། །བར་དུ་བརྗོད་པའི་ནང་དོན་ལ། །ཞུ་དག་གཏོང་ཞིང་གཏན་ལ་འབེབས། །མཐའ་མར་གནད་ལ་འཕྲོད་མིན་ལྟ། །སྔ་མ་གཉིས་ནི་ཕྲ་བར་འཇུག །ཕྱི་མ་རགས་པར་ཞུ་དག་གཏོང་། །ལོ་ཙཱ་རིག་པའི་ཤེས་བྱ་གནད་བསྡུས་ལས་ལོ་ཙཱའི་གོ་རིམ་བཤད་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཞི་བའོ། །
རབ་ཏུ་བྱེད་པ་ལྔ་བ། ལོ་ཙཱའི་རྩ་དོན་བཤད་པ།
རྩ་བའི་དོན་གནད་ལ་གཞིགས་ནས། །བྱ་བ་བསྒྲུབ་པའི་ཚད་གཞི་འབྱུང་། །དེ་བཞིན་ཚད་གཞི་ལ་བརྟེན་ནས། །ངོ་བོའི་གནས་ལུགས་དོན་དུ་འཁྱོལ། །
སྒྲ་སྦྱོར་བམ་པོ་གཉིས་པ་ལས། །བྱཱ་ཀ་ར་ཎའི་ལུགས་དང་མཐུན། །ཆོས་ཀྱི་དོན་དང་མི་འགལ་བ། །བོད་མི་རང་གིས་གོ་བདེ་བའི། །དོན་མཐུན་གོ་བདེ་གང་བདེར་ཞེས། །ལོ་ཙཱའི་རྩ་དོན་གསུམ་དུ་བཤད། །
《དམ་པའི་གསུང་རབ》ཆེས་ཐོག་མར། །འཇར་མན་སྐད་དུ་སྒྱུར་པ་པོ། །མཱ་ཏིང་ལུ་ཏེ་ཞེས་ཞུ་བས། །འགྱུར་ཡིག་གོ་བདེ་རྟོགས་སླ་བ། །ལོ་ཙཱའི་རྩ་དོན་ཡིན་པར་གསུངས། །
མཁས་པའི་དབང་བོ་ཏོ་ལེ་ཡིས། །ལོ་ཙཱའི་རྩ་དོན་ལྔ་རུ་གསུངས། །མ་ཡིག་དོན་ནི་མཐིལ་ཕྱིན་རྟོགས། །སྐད་རིགས་གཉི་གར་ནང་བྱན་ཆུབ། །མིང་བརྡ་ཐད་གཏུག་མི་བསྒྱུར་བ། །གོ་བ་བདེ་བོར་ཡོང་ཐབས་བྱེད། །བརྗོད་དོན་གནད་ལ་འཕྲོད་བཅས་སོ།།
དབྱིན་ཇིའི་མཁས་ཆེན་ཐའེ་ཐེ་ལེས། །མ་རྩོམ་དོན་རྣམས་ཡོངས་སུ་མཚོན། །བརྡ་ལུགས་ཉམས་འགྱུར་ཇི་བཞིན་མཚོན། །རྗོད་ཚིག་བདེ་ཞིང་གོ་སླ་བ། །ལོ་ཙཱའི་རྩ་དོན་གསུམ་དུ་བཤད། །
སྐད་རིགས་གཉི་ག་བརྗེ་སྒྱུར་གྱིས། །བསམ་དོན་ཇི་བཞིན་གོ་བརྡ་སྤྲོད། །སྒྱུར་བྱེད་ཚིག་གི་སྡེབ་སྦྱོར་སོགས། །དེང་རབས་སྐད་སྲོལ་དག་དང་མཐུན། །སྒྱུར་བྱེད་སྐད་རིགས་དེ་ག་ཡི། །བརྡ་སྤྲོད་ལུགས་ལ་མི་འགལ་བ། །ལོ་ཙཱའི་རྩ་དོན་ཉིད་དུ་གསུངས། །ལོ་ཙཱ་རིག་པའི་ཤེས་བྱ་གནད་བསྡུས་ལས་ལོ་ཙཱའི་རྩ་དོན་བཤད་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ལྔ་བའོ། །
རབ་ཏུ་བྱེད་པ་དྲུག་པ། ལོ་ཙཱའི་ཚད་གཞི་བཤད་པ།
འཁོར་འདས་ཆོས་ཀྱི་ལེགས་ཉེས་ནི། ། གཅོད་པའི་མཚམས་ཐིག་ཚད་གཞི་སྟེ། །འགྱུར་ཡིག་དག་མིན་འཇལ་བ་ལ། །ལོ་ཙཱའི་ཚད་གཞི་ཉེ་བར་མཁོ། །གནའ་དེང་ཕྱི་ནང་ལོ་ཆེན་ཚོས། །ཚད་གཞི་འདྲ་མིན་གཏན་ལ་དབབ། །བརྗོད་ཚུལ་ཐ་དད་ཙམ་ཞིག་ལས། །ཕལ་ཆེར་དགོངས་པ་གཅིག་ཏུ་འབབ། །ཐམས་ཅད་བརྗོད་པས་ག་ལ་ལང་། །དཔེ་མཚོན་ཙམ་གྱིས་འཐུས་པར་བྱ། །ཤེས་འདོད་དོན་གཉེར་ཅན་རྣམས་ཀྱིས། །རྒྱས་པར་གཞན་ལས་ཤེས་པར་བྱ། །
སྒྲ་སྦྱོར་བམ་པོ་གཉིས་པ་རུ། །དམ་པའི་ཆོས་ཀྱི་བསྒྱུར་ལུགས་ནི། །ཆོས་ཀྱི་དོན་དང་མི་འགལ་ལ། །བོད་ལ་གར་བདེར་གྱིས་ཤིག་གསུངས། །གཞན་ཡང་དོན་དང་མི་འགལ་ལ། །སྒྲ་ཡི་ལུགས་དང་མཐུན་པ་དང་། །བོད་སྐད་ལ་ནི་གོ་བདེ་ཞེས། །བསྒྱུར་གྱི་ཚད་གཞི་སྔ་ཤོས་གྲགས། །
སྤྱི་ལོ་དུས་རབས་བཅུ་གསུམ་པར། །ས་པཎ་ཀུན་དགའ་རྒྱལ་མཚན་གྱིས། །ལོ་ཙཱ་བ་ནི་ནེ་ཙེའི་དཔེར། །གསུངས་པ་འདི་ཀོ་ཨེ་མ་རྨད། །
སྤྱི་ལོ་དུས་རབས་བརྒྱད་པའི་ནང་། །ལྕང་སྐྱ་རོལ་པའི་རྡོ་རྗེ་ཡིས། །བསྟན་འགྱུར་ཧོར་སྐད་བསྒྱུར་བ་ལ། །《དག་ཡིག་མཁས་པའི་འབྱུང་གནས》སུ། །ཚིག་ནི་གསལ་ཞིང་གོ་བདེ་བ། །དོན་དང་མི་འགལ་ཚད་གཞི་བཅོས། །
ནུབ་གླིང་ལོ་ཙཱའི་ཚད་གཞི་ལས། །དཔེར་མཚོན་ལུགས་ནི་རྣམ་པ་གཉིས། །དོ་མཉམ་ནུས་མཚུངས་སྨྲ་བ་ལ། །སྔ་མ་ཧྥེ་ཏའོ་ལོ་ཧྥུ་སོགས། །དོ་མཉམ་ཕྱོགས་ནི་གཉིས་སུ་སྟེ། །མ་ཡིག་དང་ནི་འགྱུར་ཡིག་གི། །ནུས་པ་མཉམ་ཞིང་དེ་གཉི་གའི། །སྐད་ཆའི་རྒྱུ་ཆ་མཉམ་པའོ། །ཕྱི་མ་ནེ་ཏའི་བཞེད་ཚུལ་ལ། །བསྒྱུར་བྱའི་མ་ཡིག་ཀློག་པ་དང་། །འགྱུར་ཡིག་ཀློག་པ་གཉིས་པོ་ལས། །རྟོགས་པའི་བརྡ་འཕྲིན་མཚུངས་དགོས་གསུངས། །
རྒྱ་ནག་མཁས་པ་ཡན་ཧྥུ་ཡིས། །《འཕེལ་འགྱུར་རྣམ་བཤད》བསྒྱུར་བའི་དུས། །མཛད་པའི《འགྱུར་ལུང་བརྗོད་པ》འི་ནང་། །ལོ་ཙཱར་དཀའ་བ་རྣམ་གསུམ་གདའ། །མཐུན་བདེ་སྙན་གསུམ་དག་ཏུ་འདོད། །མཐུན་པར་བསྒྱུར་པ་རབ་ཏུ་དཀའ། །གལ་ཏེ་མཐུན་པར་བསྒྱུར་ནའང་། །བརྗོད་མི་བདེ་ཞིང་རྟོགས་དཀའ་ན། །འགྱུར་ཀྱང་དོན་ལ་མ་བསྒྱུར་བཞིན། །དེས་ན་བརྗོད་པ་བདེ་ལ་འབུངས། །ཡན་ཧྥུས་བསྟུན་བདེ་སྙན་གསུམ་ནི། །ལོ་ཙཱའི་ཚད་གཞིར་མ་གསུངས་མོད། །ཀུན་གྱིས་ཚད་གཞི་ཡོངས་སུ་འཛིན། །བསྟུན་ནི་ཕུད་པའི་གཞན་གཉིས་ལ། །མི་མཐུན་གོ་བ་སྣ་ཚོགས་ཆགས། །ཇི་སྐད་མཁས་དབང་ཀའོ་མའོ་རོས། །མ་བསྟུན་ལོག་སྒྱུར་འགྱུར་ལོག་དང་། །མི་བདེ་བཙན་སྒྱུར་མཁྲེགས་སྒྱུར་དང་། །མི་སྙན་མཐར་ལྷུང་ཚིག་མི་གྲུབ། །རྩོམ་རིག་མཁན་པོ་མའོ་ཏུན་གྱིས། །མཐུན་ནི་མ་དཔེར་བསྟུན་པ་ལ། །བདེ་ནི་འགྱུར་ལ་གོ་བ་བསྐྱེད། །སྙན་ནི་རྩོམ་གཤིས་ཡོད་པ་སྟེ། །བསྒྱུར་བྱའི་གཞུང་གི་བསྟན་དོན་དང་། །རྣམ་པ་ཇི་བཞིན་སྟོན་དགོས་བཞེད། །ཇི་སྐད་ཧྥུ་ལེའི་ཞལ་སྔ་ནས། །མཐའ་འབྲས་ལྟར་ན་ལོ་ཙཱ་ནི། །རི་མོ་བཞེངས་པ་ཇི་བཞིན་ཏེ། །རྣམ་པའི་འདྲ་བ་མ་ཡིན་པར། །སྲོག་གི་སྙིང་བོ་མཚུངས་པར་བརྩོན། །མཁས་པའི་དབང་བོ་ལུའུ་ཞུན་གྱིས། །མ་རྩོམ་རྩོམ་ཉམས་ཐོན་དགོས་གསུངས། །མཁས་དབང་ཆན་ཀྲུང་ཧྲུའུ་མཆོག་གིས། །བསྒྱུར་བྱའི་རྩོམ་གྱི་རོ་ཉམས་ནི། །ཅི་ལྟ་ཇི་བཞིན་ཐོན་དགོས་ཟེར།།སྐད་ཆའི་སྦྱོར་སྲོལ་ཐ་དད་ལས། །རྡོ་ཆག་བཙན་སྒྲིག་མི་རིགས་གསུངས། །མཁས་དབང་ཞོས་ཡན་ཁྲུན་མཆོག་གིས། །མ་དཔེའི་དོན་ལ་མཐུན་པ་དང་། །འགྱུར་ཡིག་བརྗོད་པ་བདེ་བ་དང་། །སྒྱུར་བྱེད་བཟང་ཆ་མངོན་པར་སྤྱད། །ལོ་ཙཱའི་ཚད་གཞི་ཉིད་དུ་འོས། །སྔར་སོང་གཏམ་གྱིས་མདོར་བསྟན་ན། །མཐུན་བདེ་སྙན་གསུམ་གྱིས་ནི་འཐུས། །
ད་ལྟའི་ཡིག་སྒྱུར་ཚད་གཞི་ལ། །ནང་དོན་མ་ཡིག་ཇི་བཞིན་བསྟུན། །ཚིག་སྦྱོར་བདེ་ཞིང་གོ་སླ་བ། །ཉམས་ཐོན་པ་བཅས་གསུམ་དུ་གསུངས། །
ལོ་ཙཱའི་ཚད་གཞིར་མཐུན་བྱའི་ཕྱིར། །ལོ་ཙྰའི་ལས་སུ་འཇུག་པའི་ཚེ། །གཞུང་ལུགས་དང་ནི་ལག་ལེན་དང་། །གོ་བ་ལེན་དང་བརྡ་སྤྲོད་པ། །བསྟན་བྱའི་དོན་དང་སྟོན་པའི་ཚུལ། །ཆ་དང་ཆ་ཅན་ཐད་དོན་སྒྱུར། །སྒྲ་དོན་སྒྱུར་བཅས་འབྲེལ་བ་དྲུག །ཐག་གཅོད་རྣམ་པར་དག་པ་དགོས། །ལོ་ཙྰ་རིག་པའི་ཤེས་བྱ་གནད་བསྡུས་ལས་ལོ་ཙཱའི་ཚད་གཞི་བཤད་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དྲུག་པའོ། །
རབ་ཏུ་བྱེད་པ་བདུན་པ། ལོ་ཙཱའི་སྒྱུར་ཐབས་བཤད་པ།
སྐད་ཡིག་ཅིག་གིས་བསྟན་པའི་དོན། །སྐད་ཡིག་གཞན་གྱིས་ཇི་བཞིན་དུ། །མཚོན་པའི་ཐབས་དང་རྩལ་དེ་ལ། །ལོ་ཙཱའི་སྒྱུར་ཐབས་ཞེས་སུ་གྲགས། །
སྒྲ་སྦྱོར་བམ་པོ་གཉིས་པ་རུ། །བསྒྱུར་ཐབས་དམ་པ་བཞི་རུ་བསྟན། །སྒྲ་སྒྱུར་དོན་སྒྱུར་ཐད་སྒྱུར་དང་། །ཐད་ལོག་སྒྱུར་བ་རྣམ་བཞིའོ། །དེང་རབས་ལོ་ཙཱའི་གཞུང་ལུགས་སུ། །འགྲེལ་སྒྱུར་སྣོར་སྒྱུར་བཅོས་སྒྱུར་དང་། །སྣོན་སྒྱུར་འཕྲི་སྒྱུར་ལ་སོགས་པའི། །རྒྱུན་དུ་སྤྱོད་པའི་ཐབས་འགའ་མཐོང་། །
བསྒྱུར་བྱའི་སྒྲ་གདངས་ཇི་ལྟ་བ། །གཞན་དུ་མ་བསྒྱུར་སོར་བཞག་པ། །སྒྲ་སྒྱུར་རིགས་ནི་ཆེན་པོ་གཉིས། །སྒྲ་དོན་རང་སོར་འཇོག་ཐབས་དང་། །སྒྲ་གཅིག་སྣོན་དོན་སོར་འཇོག་ཐབས། །བྱེ་བྲག་དབྱེ་བ་བཞི་རུ་བཀར། ། ཡོངས་སུ་སྒྲ་སྒྱུར་སྒྲ་དོན་འདྲེས། །མིང་གཅིག་བླ་ཐབས་སུ་བསྣན་པ། །སྒྲ་སྒྱུར་དོན་ལྡན་བཅས་སུ་འདོད། །སྐད་རྐྱང་གོ་དོན་འགྲེལ་དཀའ་བ། །མིང་གཅིག་དོན་མང་འཇུག་དག་དང་། །གསང་བ་སྔགས་ཀྱི་གཞུང་དོན་བཅས། །རྒྱ་གར་སྐད་དུ་རང་སོར་འཇོག །
བསྒྱུར་བྱའི་ནང་དོན་གཙོར་བཟུང་ནས། །ཇི་ལྟ་ཇི་བཞིན་སྒྱུར་བྱེད་དུ། །རྗོད་བྱེད་ཁ་གསལ་གོ་བདེ་སྒོས། །མཚོན་པར་བྱེད་ལ་དོན་སྒྱུར་རོ། །
བསྒྱུར་བྱའི་དོན་དང་མི་འགལ་ལ། །བརྗོད་པའི་རིམ་པ་མི་བསྣོར་བར། །བསྒྱུར་བྱའི་སྐད་ཀྱི་གོ་རིམ་བཞིན། །ཐད་སོར་བསྒྱུར་བ་ཐད་སྒྱུར་ཐབས། །
མ་དཔེའི་བསྟན་དོན་ཇི་བཞིན་དུ། །གོ་རིམ་བརྗེས་ནས་སྒྱུར་བྱེད་དུ། །བསྒྱུར་བའི་ཐབས་ནི་ཐད་ལོག་སྒྱུར། །ཐད་སྒྱུར་ཐབས་ལས་ལྡོག་པའོ། །
བསྒྱུར་དོན་གསལ་བོར་འཁྲོལ་བྱའི་ཕྱིར། །འགྲེལ་བཤད་བླ་ཐབས་སུ་སྦྱར་ནས། །བསྒྱུར་བྱའི་བསྟན་དོན་མཚོན་བྱེད་པ། །འགྲེལ་སྒྱུར་ཐབས་སུ་ངེས་པའོ། །
ལྕང་སྐྱ་རོལ་བའི་རྡོ་རྗེ་ཡིས། །ཚིག་ནི་གོང་འོག་བསྣོར་བ་ན། །གོ་བ་གསལ་ཞིང་བརྗོད་བདེ་རྣམས། །གང་བདེར་སྣོར་ཞིང་བསྒྱུར་བར་བྱ། །དེ་ལ་དེང་དུས་སྣོར་སྒྱུར་འབོད། །
སྐད་ལུགས་ཡིག་སྲོལ་ཐ་དད་པས། །རེ་འགར་བརྗོད་དོན་ལེགས་སྟོན་ཕྱིར། །གཞན་ཏུ་བཅོས་ནས་བསྒྱུར་བ་ལ། །བཅོས་སྒྱུར་ཐབས་སུ་བཤད་པའོ། །
ཇི་སྐད་ས་པཎ་མཁས་འཇུག་ལས། །འགའ་ཞིག་བོད་ལ་གོ་བདེའི་ཕྱིར། །བསྒྱུར་བྱའི་སྐད་ལ་མེད་ན་ཡང་། །ཅུང་ཟད་ལྷག་པར་བསྒྱུར་བ་ཡོད། །དེ་ལ་ད་ལྟ་སྣོན་སྒྱུར་ཟེར། །
ཇི་སྐད《དག་ཡིག་མཁས་འབྱུང》ལས། །འགའ་ཞིག་ཇི་བཞིན་བསྒྱུར་ན་ནི། །ཚིག་ལྷག་མང་བས་དོན་བསྒྲིབས་ན།།དོན་ལ་མི་གནོད་པར་བྱས་ཏེ། །ཚིག་ལྷག་རྣམས་ནི་དོར་བས་ཆོག །གསུང་བའི་དོན་ལྟར་འཕྲི་སྒྱུར་ནི། །བསྒྱུར་བྱའི་སྐད་ལས་སྒྱུར་བྱེད་ལ། །ཚིག་རོར་གྱུར་རྣམས་འཕྲི་བ་སྟེ། །ཚིག་ལྷག་སྐྱུང་ཆེད་འཕྲི་བ་དང་། །ཟློས་སྐྱོན་སེལ་ཕྱིར་འཕྲི་བའོ། །
བྱེ་བྲག་འཇུག་པའི་ཐབས་ཇུས་ལ། །ལོ་ཆེན་མཁས་གྲུབ་རིམ་བྱོན་གྱི། །གསུངས་རྣམས་བསྡུས་ཏེ་བཞི་རུ་བཤད། །ཚིག་གི་གོ་རིམ་བསྣོར་ཏེ་བསྒྱུར། །བརྗོད་པ་ཕྲལ་ཏེ་བསྒྱུར་བ་དང་། །སྣོན་འཕྲི་ལྡོག་ཟློས་གང་འཚམ་བསྒྱུར། ། རིག་གནས་གོམས་སྲོལ་མཐུན་པར་བསྒྱུར། །ལོ་ཙཱ་རིག་པའི་ཤེས་བྱ་གནད་བསྡུས་ལས་ལོ་ཙཱའི་བཤད་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བདུན་པའོ། །
རབ་ཏུ་བྱེད་པ་བརྒྱད་པ། ལོ་ཙཱའི་གཞུང་ལུགས་བཤད་པ།
རྒྱུན་རིང་ལོ་ཙཱའི་ལག་ལེན་ལས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །སྤྱི་སྡོམ་མཛད་ཅིང་ལག་ལེན་ལ། །མཛུབ་སྟོན་བྱེད་པ་ལོ་ཙཱའི་གཞུང་། །
ལོ་ཙཱའི་གཞུང་ལུགས་གཉིས་སུ་དབྱེ། །སྤྱིར་བཏང་བ་ཡི་གཞུང་ལུགས་དང་། །རང་མཚན་པ་ཡི་གཞུང་ལུགས་སམ།།སྤྱི་ལ་ཁྱབ་པའི་གཞུང་ལུགས་དང་། །ཁྱད་པར་བ་ཡི་གཞུང་ལུགས་སོ། །སྤྱིར་བཏང་བ་ཡི་གཞུང་ལུགས་ནི། །ལོ་ཙཱའི་ངོ་བོ་ལོ་རྒྱུས་དང་།།ཚད་གཞི་གོ་རིམ་སྒྱུར་ཐབས་སོགས། །སྤྱི་ལ་ཁྱབ་པའི་གནད་དང་འབྲེལ། །རང་མཚན་པ་ཡི་གཞུང་ལུགས་ནི། །རིགས་ཆོས་གཅིག་གི་གནད་དང་འབྲེལ། །གོང་དུ་བསྟན་པའི་རིགས་དབྱེ་ལྟར། །རྣམ་གྲངས་རེ་ལ་གཞུང་ལུགས་རེ། །སྐད་རིགས་མི་འདྲ་བར་གཞིགས་ན། །བོད་རྒྱ་བོད་དབྱིན་ལྟ་བུའི་གཞུང་། །དེ་བཞིན་བསྒྱུར་བྱའི་ཁ་ཕྱོགས་ལྟར། །བོད་རྒྱའི་ལོ་ཙཱ་ཉིད་ལ་ཡང་། །བོད་རྒྱ་རྒྱ་བོད་གཉིས་སུ་དབྱེ། །སྐད་བརྡའི་རྣམ་པ་གཞིར་བཟུང་ན། །སྐད་སྒྱུར་ཡིག་སྒྱུར་གཞུང་ལུགས་ཟུང་། །རྒྱུ་ཆའི་ངོ་བོ་ལ་གཞིགས་ན།།རྩོམ་རིག་ཚན་རྩལ་སོགས་ཀྱི་གཞུང་། །
བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཀྱི། །བྱུང་བ་མདོ་ཙམ་བཤད་པར་བྱ། །སྤྱི་ལོ་བརྒྱད་བརྒྱ་བཅུ་བཞི་ལོར། །བཙན་པོ་ཁྲི་ལྡེ་སྲོང་བཙན་རིང་། །རྒྱ་བོད་མཁས་མང་ཞལ་འཛོམས་ནས། །དཀར་ཆག་ལྡན་དཀར་རྨང་བཅས་ཏེ། །ལོ་ཙཱའི་གཞུང་ལུགས་ཆེས་སྔ་བ། །སྒྲ་སྦྱོར་བམ་པོ་གཉིས་པ་བཟོས། །བརྗོད་བྱ་དོན་ཚན་ལྔ་རུ་བཤད། །བསྒྱུར་གྱི་རྩ་དོན་ཚད་གཞི་དང་། །ཐབས་ཤེས་ཐབས་རྩལ་བྱེ་བྲག་པ། །བསྒྱུར་གྱི་སྒྲིག་སྲོལ་གཏན་འབེབས་བཅས། །རྩ་དོན་ཆེན་པོ་རྣམ་གསུམ་དང་། །བསྒྱུར་བའི་ཐབས་ནི་དམ་པ་བཞི། །ཡིད་འཇོག་བྱེད་ས་ཁ་ཤས་བསྟན། །
སྤྱི་ལོ་དུས་རབས་བཅུ་གསུམ་པར། །ས་པཎ་མཆོག་གིས་མཁས་འཇུག་ཏུ། །སྔ་རབས་ཉམས་མྱོང་ཕྱོགས་བསྡོམས་ཀྱིས། །ལོ་ཙཱའི་དཔྱད་གཏམ་འདི་སྐད་སྤེལ། །བོད་ཀྱི་སྐད་ལ་མི་ཤེས་པ། །ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །འགའ་ཞིག་འགྱུར་གྱི་བྱེ་བྲག་དང་། །ཡུལ་སྐད་དག་གིས་བསྒྲིབས་པ་ཡོད། །འགའ་ཞིག་རྣམ་གྲངས་ནོར་བ་དང་། ། ལ་ལས་ས་མཚམས་འཆུགས་པ་དང་། །ལ་ལ་མུན་སྤྲུལ་གྱིས་བསླད་པས། །ལོག་པར་བསྒྱུར་བར་གོ་བར་དཀའ། །ལ་ལས་སྔོན་རབས་ལས་བྱུང་བའི། །གཏམ་རྒྱུད་ལེགས་པར་མི་ཤེས་པས། །མིང་གི་རྒྱུ་མཚན་མི་ཤེས་པས། །ལོག་པར་བསྒྱུར་བ་ཅུང་ཟད་མཐོང་། །འགའ་ཞིག་བོད་ལ་གོ་བདེའི་ཕྱིར། །ལེགས་པར་སྦྱར་ལ་མེད་ན་ཡང་། །ཅུང་ཟད་ལྷག་པར་བསྒྱུར་བ་ཡོད། །དེ་ལ་མཁས་པས་བཤད་མི་དགོས། །འགའ་ཞིག་དོགས་པ་བཟློག་པའི་ཕྱིར། །རྣམ་གྲངས་ཟློས་པར་བཤད་ན་ཡང་། །དེ་དག་སྐྱོན་དུ་མི་བཟུང་སྟེ། །དགོས་པ་མཐོང་ནས་བཤད་ཕྱིར་རོ། །འགའ་ཞིག་གུས་པ་བསྐྱེད་པའི་ཕྱིར། །བཟླས་པའི་ཚིག་དོན་སྦྱོར་བར་བྱེད། །
ལྕང་སྐྱ་རོལ་བའི་རྡོ་རྗེ་ཡིས། །བསྟན་འགྱུར་ཧོར་དུ་བསྒྱུར་བ་ལ། །གཞུང་ལུགས་དགོས་པ་ཉེར་དགོངས་ཏེ། །《དག་ཡིག་མཁས་པའི་འབྱུང་གནས》སུ། །བསྒྱུར་ཐབས་རྩ་དོན་དོན་ཚན་བཞི། །ལོ་ཙཱ་བ་ལ་འཛོམས་དགོས་པའི། །ཆ་རྐྱེན་བདུན་སོགས་ལེགས་པར་བསྟན། །
དེང་དུས་ཕྱི་ནང་གཞུང་བརྒྱའི་བཅུད། །ཉེ་བར་བསྡུས་པའི་ལོ་ཙཱའི་གཞུང་། །ཆར་རྗེས་ཤ་མོ་བརྡོལ་བ་བཞིན། །དཔྱོད་ལྡན་དགའ་བའི་སྟོན་མོར་འགྲེམས། །ལོ་ཙཱ་རིག་པའི་ཤེས་བྱ་གནད་བསྡུས་ལས་ལོ་ཙཱའི་སྒྱུར་ཐབས་བཤད་པ་ ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བརྒྱད་པའོ། །
རབ་ཏུ་བྱེད་པ་དགུ་པ། ལོ་ཙཱའི་ལོ་རྒྱུས་བཤད་པ།
ལོ་ཙཱའི་ལོ་རྒྱུས་དབྱེ་བ་ལ། །རགས་པ་སྐད་སྒྱུར་ཡིག་སྒྱུར་གཉིས། །གནའ་རབས་སྐད་སྒྱུར་ལོ་རྒྱུས་ནི། །ནམ་བྱུང་དུས་ནི་མ་ངེས་ཏེ། །ཧ་ལམ་སྐད་ཆ་རང་དང་མཉམ། །རང་གི་སྐད་ཆ་བྱུང་བ་ལ། །གཞན་དང་འབྲེལ་འདྲིས་བྱས་ལས་ཚུགས། །
ཡིག་སྒྱུར་འབྱུང་བའི་སྔོན་འགྲོ་ལ། །ངེས་པར་རང་ལ་ཡི་གེ་དགོས། །ཡི་གེ་མེད་པའི་སྔ་རོལ་དུ། །ཡིག་སྒྱུར་བྱ་བའི་མིང་ཡང་མེད། །
བོད་ཀྱི་ཡི་གེ་ནམ་བྱུང་ལ། །མི་མཐུན་བཞེད་ལུགས་གཉིས་སུ་མཆེད། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས། །སློབ་དཔོན་ཐོན་མིས་བཟོས་ཞེས་གྲགས། །འགའ་རེས་སྲོང་བཙན་ཡར་སྔོན་དུ། །བོད་ལ་ཡི་གེ་ཡོད་པ་སྟེ། །བོན་གྱི་ཆོས་གཞུང་འབོར་ཆེན་ཞིག །ཞང་ཞུང་སྐད་ནས་བསྒྱུར་ཅེས་སྨྲ། །
ཇི་སྲིད་བོད་ཀྱི་ཡི་གེ་མཆོག །ནམ་བྱུང་དུས་ནི་མ་ངེས་པར། །དེ་སྲིད་རང་རེའི་ཡིག་སྒྱུར་ནི། །གང་ནས་དབུ་ཚུགས་ཆ་མ་འཚལ། །
འདིར་བསྟན་ལོ་ཙཱའི་ལོ་རྒྱུས་ནི། །ཡིག་སྒྱུར་ལོ་རྒྱུས་ཉིད་ལ་གོ། །བོད་ཀྱི་ལོ་ཙཱའི་ལོ་རྒྱུས་ལ། །བཞེད་ལུགས་དབྱེ་ཚུལ་མང་དུ་སྣང་། །
བོད་ཀྱི་ལོ་ཙཱའི་ལོ་རྒྱུས་ལ། །སྤྱིར་ན་དུས་རིམ་གསུམ་དུ་དབྱེ། །ཞང་བོད་ལོ་ཙཱའི་བྱུང་བ་གཅིག །སམ་བོད་ལོ་ཙཱའི་བྱུང་བ་གཉིས། །དེང་རབས་ལོ་ཙཱའི་བྱུང་བ་གསུམ། །
ཞང་བོད་ལོ་ཙཱའི་བྱུང་འཕེལ་ཚུལ། །ཐོག་མར་མདོ་ཙམ་འགོད་པ་ལ། །ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི། །《ལེགས་བཤད་རིན་ཆེན་གཏེར་མཛོད》དུ། །དང་པོ་བོད་ཀྱི་ཡི་གེ་ནི། །སྟོན་པས་མཛད་ཚུལ་མདོ་ལ་གཏུགས། །བོན་ཆོས་འགྱུར་ཚུལ་གཞུང་དེ་རུ། །ཐོག་མར་སྟག་གཟིག་ཡི་གེ་ནས། །ཞང་ཞུང་རྒྱ་དཀར་ནག་ཏུ་འགྱུར། །དེ་ག་གསུམ་ནས་བོད་དུ་འགྱུར། །བོད་དུ་འགྱུར་བས་སུམ་འགྱུར་རོ། །སྟོན་པ་གཤེན་རབ་སྐུ་རིང་ལ། །ལོ་ཆེན་རྣམ་དྲུག་བྱུང་བར་བཤད། །སྟག་གཟིག་དམུ་ཙ་ཧྲ་ཧེར་པེ། །ཞང་ཞུང་ཁྲི་ཐོག་སྤ་ཙ་དང་། །སུམ་པ་གུ་ལུ་ཧུ་སྤར་ལེགས། །རྒྱ་གར་ལྷ་བདག་སྔགས་དྲོ་ལ། །རྒྱ་ནག་ལེགས་བཏང་རྨང་པོ་དང་། །ཕྲོམ་ལ་གསེར་ཐོག་ལྕེ་འབྱམས་དྲུག །བོན་རྣམས་རང་རང་ཡུལ་དུ་དྲངས། །སོ་སོའི་སྐད་སྒྱུར་དར་བར་མཛད། །གཉའ་ཁྲི་བཙན་པོའི་སྐུ་རིང་ལ། །ཞང་བོད་ལོ་ཆེན་རྣམ་བཞི་བྱུང་། །ཁྱུང་པོ་སྟག་སྒྲ་དོམ་གཙིག་དང་། །གཉན་ལི་ཤུ་སྟག་རིང་བྷེ་ཤོད་ཀྲམ། །གཙོ་བོན་ཁྲི་གཙུག་བཅས་ཏེ་བཞི། །
《ལེགས་བཤད་རིན་ཆེན་གཏེར་མཛོད》ལས། །དེའང་རྣམ་འབྱེད་འཕྲུལ་ལྡེ་ལས། །རྗེ་གཉའ་ཁྲི་བཙན་པོ་མན་ཆད་ནས། །གནམ་རི་སྲོང་བཙན་ཡན་ཆད་དུ། །ཆབ་སྲིད་འཛིན་པའི་རྒྱལ་པོ་རེ། །ཐར་ལམ་འདྲེན་པའི་སྐུ་གཤེན་རེ། །སྐད་རིགས་བསྒྱུར་བའི་ལོ་པཎ་རེ། །བྱས་ཐབས་གསུང་རབ་རེ་རེ་བཞག །
གཞན་ཡང《བསྐལ་བཟང་མགྲིན་རྒྱན》ལས། །ཞང་ཞུང་ལས་གཞན་ཨོ་རྒྱན་དང་། །བྲུ་ཤ་དཀར་ནག་རྒྱ་ཁ་ཆེ། །ཁྲོམ་དང་སྟག་གཟིག་སུམ་པ་ལི། །ཧོར་དང་སྤུ་གུར་ཐོ་གར་སོགས། །ལོ་ཙཱ་བྱེད་སྲོལ་ཡོད་པར་བསྟན། །
བོན་གྱི་བསྟན་པ་འཕེལ་ཚུལ་ལ། །སྔ་དར་བར་དར་ཕྱི་དར་གསུམ། །གྲི་གུམ་ཡར་སྔོན་སྔ་དར་ལ། །དགུ་བ་སྤུ་དེ་གུང་རྒྱལ་ནས། །ཁྲི་སྲོང་ལྡེ་བཙན་བར་དར་དང་། །སྤྱི་ལོ་དུས་རབས་བཅུ་བའི་ནང་། །གཏེར་སྟོན་གཤེན་ཆེན་ཀླུ་དགའ་ཡིས། །གཏེར་བཏོན་པ་ནས་ཕྱི་དར་རོ། །བོན་བསྟན་བར་དུ་དར་བའི་སྐབས། །ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། །ཤ་རི་དབུ་ཆེན་རྣམ་གཉིས་བྱོན། །ཁྱད་པར་ཤ་རི་དབུ་ཅན་གྱིས། །ཞང་བོད་སྐད་གཉིས་ཤན་སྦྱར་བའི། །མིང་མཛོད《ཤ་རིའི་སྒྲ་འགྲེལ》བསྒྲིགས། །བོད་ཀྱི་མིང་མཛོད་ཐོག་མར་གྲགས། །
སམ་བོད་ལོ་ཙཱའི་བྱུང་འཕེལ་ཚུལ། །བར་དུ་མདོར་ཙམ་བསྟན་པ་ལ། །སྤྱི་ལོ་དུས་རབས་བདུན་པའི་ནང་། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་། །སློབ་དཔོན་ཐོན་མི་སམ་བྷོ་ཊས། །མདོ་རྒྱུད་ཉེར་གཅིག་བོད་དུ་བསྒྱུར། །སམ་བོད་ལོ་ཙཱའི་སྲོལ་གསར་ཕྱེས། །རྒྱ་བལ་མཁས་མང་སྤྱན་དྲངས་ཏེ། །གསུང་རབ་བསྒྱུར་ཅིང་དར་བར་མཛད། །ལེགས་སྦྱར་ཡི་གེ་བསྒྱུར་ལས་གཞན། །རྒྱ་བོད་ལོ་ཙཱའི་སྲོལ་ཡང་དར། །ལང་ཚོ་ལྡོང་ལེགས་འབྲེ་སྙ་བརྟན། །དེ་བཞིན་བྱ་གག་སྟོང་ཀུན་དང་། །འདར་མི་སྟག་ཁ་རྒྱ་རུ་བཏང་། །རྒྱ་ནས་རྩིས་བསླབ་བོད་དུ་བསྒྱུར། །ནག་རྩིས་དར་བའི་ཐོག་མར་བཤད། །
སྤྱི་ལོ་དུས་རབས་བརྒྱད་པའི་ནང་། །མཁན་སློབ་ཆོས་གསུམ་གདན་འཛོམས་ཏེ། །བསམ་ཡས་གཙུག་ལག་ཁང་བཞེངས་ལ། །སྒྲ་སྒྱུར་རྒྱ་གར་གླིང་བཙུགས་ནས། །བཀའ་དང་དགོངས་འགྲེལ་གཙོ་བྱས་པའི། །བསྟན་བཅོས་འབོར་ཆེན་བོད་དུ་བསྒྱུར། །
དེ་ཡང《བཀའ་ཐང་སྡེ་ལྔ》ལས། །ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ། །པ་གོར་བེེ་རོ་ཙ་ན་བྱོན། །རྒྱ་གར་ཐེག་ཆེན་དམ་ཆོས་བསྒྱུར། །ཟ་ཧོར་ཡུལ་ན་མཁས་པ་ཡི། །མཁན་ཆེན་ཞི་འཚོ་གདན་དྲངས་ནས། །ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱིས། །མཁན་པོ་ཞི་འཚོའི་གསུང་འགྲོས་བསྒྱུར། །རྒྱ་ནག་ཡུལ་ན་མཁས་པ་ཡི། །མ་ཧ་ཡ་ན་གདན་དྲངས་ནས། །རྒྱ་ནག་སྨན་དང་འབྱུང་རྩིས་སོགས། །སྣ་ནམ་ས་ལ་བཙུན་གྱིས་བསྒྱུར། །ཨུ་རྒྱན་ཡུལ་དུ་མཁས་པ་ཡི། །པད་མ་འབྱུང་གནས་གདན་དྲངས་ནས། །གསང་སྔགས་བདེ་ཆེན་འདུས་པའི་ཆོས། །མན་ངག་དཔག་མེད་གསུངས་པ་རྣམས། །ལོ་ཆེན་བེེ་རོ་ཙ་ན་དང་། །ལྡན་མ་རྩེ་མང་རྣམ་གཉིས་ཀྱིས། །སྒྲ་སྒྱུར་རྒྱ་གར་གླིང་དུ་བཀོད། །རྒྱ་གར་ཡུལ་ན་མཁས་པ་ཡི། །བི་མཱ་མི་ཏྲ་གདན་དྲངས་ནས། །ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་། །སྐད་སྣ་བདུན་ལ་མཁས་པ་ནི། །གནུབས་ལོ་སངས་རྒྱས་ཡེ་ཤེས་ཀྱིས། །མཁས་པའི་དམ་ཆོས་བོད་དུ་བསྒྱུར། །
སང་ཤི་རྒྱ་ཡི་ཡུལ་དུ་བཏང་། །ཆོས་དྲངས་དེ་རྣམས་བོད་དུ་བསྒྱུར། །
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་རིང་།ལོ་ཙཱ་བ་ནི་རབ་དགུ་བྱུང་། །
པ་གོར་བེེ་རོ་ཙ་ན་དང་། །འདམ་མ་རྩེ་མངས་ཨ་ནན་ཏ། །ལོ་ཙཱ་བ་ནི་རྒན་གསུམ་ལ། །གཉགས་ཉྫཱ་ན་ཀུ་མ་ར་དང་། །འཁོན་ཀླུའི་དབང་བོ་རྨ་རིན་ཆེན། །མཆོག་ནི་ལོ་ཙཱ་བ་འབྲིང་གསུམ། །སྐ་ཅོག་ཞང་གསུམ་གཞོན་གསུམ་མོ། །
སྒྲ་སྒྱུར་གཞུང་ལུགས་ཐོག་མ་སྟེ། །《སྒྲ་སྦྱོར་བམ་གཉིས》གཏན་ལ་ཕབ། །སམ་བོད་ཤན་སྦྱར་མིང་མཛོད་ཆེ། །《བྱེ་བྲག་རྟོགས་བྱེད་ཆེན་མོ》བསྒྲིགས། །ཁྲི་གཙུག་ལྡེ་བཙན་ཡབ་སྲས་རིང་། །དཀར་ཆག་ལྡན་འཕང་མཆིམས་གསུམ་བསྒྲིགས། །
སྔ་དར་དུས་སུ་བྱོན་པ་ཡི། །ལོ་པཎ་རྣམས་ཀྱི་མཚན་ཐོ་ནི། །《བུ་སྟོན་ཆོས་འབྱུང》གཞུང་དངོས་སུ། །ཐོན་མི་ནས་ནམ་མཁའ་སྐྱོང་བར། །ལོ་ཙཱ་བ་ནི་ང་གཅིག་དང་། །རྒྱ་གར་པཎ་ཆེན་ཉེར་བཞི་བྱུང་།།མ་འདུས་པའང་མང་དུ་གསུངས། །
སྨད་ཀྱི་སིལ་འཐོར་དུས་སྐབས་སུ། ལོ་ཙཱའི་རྒྱུན་ནི་རེ་ཞིག་ཆད། །ལོ་ཆེན་རིན་བཟང་སོགས་ནས་བཟུང་། །ལོ་ཙཱའི་བྱ་བ་མཚོ་ལྟར་རྒྱས། །
རྗེ་བཙུན་ས་པཎ་སྐུ་རིང་ལ། །བཅུ་ཕྲག་རིག་པ་རྣམ་པར་གྲུབ། །ཁྱད་པར་ཤོང་དཔང་སྐུ་དྲིན་ལ། །ཐུན་མོང་རིག་གནས་མངོན་པར་དར། །
ཕྱི་དར་དུས་སུ་གདན་དྲངས་པའི། །རྒྱ་གར་པཎ་ཆེན་དོན་གསུམ་དང་། །ལོ་ཆེན་རིན་ཆེན་བཟང་བོ་ནས། །ཇོ་ནང་ཏཱ་ར་ནཱ་ཐའི་བར། །བོད་དུ་རིམ་བྱོན་ལོ་ཙཱ་བ། །བརྒྱ་དང་ལྔ་བཅུ་ང་བདུན་བྱུང་། །
བེེ་རོ་ཙ་ན་ནམ་མཁར་ཉམས། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་། །རིན་བཟང་ཐོ་རེངས་སྐར་ཆེན་འདྲ། །བསྔགས་པར་ངེས་པ་དོན་དང་ལྡན། །
དེང་རབས་ལོ་ཙཱའི་བྱུང་བའི་ཚུལ། །མཇུག་ཏུ་མདོ་ཙམ་འགོད་པ་ལ། །རབ་བྱུང་བཅུ་དྲུག་ལྕགས་ཡོས་ལོར། །《མཚོ་སྔོན་བོད་ཡིག་གསར་འགྱུར》སྤེལ། །《བསྡུས་གསལ་གསར་འགྱུར》འདོན་འགོ་བརྩམས། །རབ་བྱུང་བཅུ་དྲུག་ཆུ་སྦྲུལ་ལོར།།《མཚོ་སྔོན་བོད་སྐད》གློག་བརྙན་སྒྱུར་སྒྲིག་ཚན་ཁག་བཙུགས། །བོད་སྐད་གློག་བརྙན་སྒྱུར་འགོ་བརྩམས། །
རབ་བྱུང་བཅུ་དྲུག་ཤིང་རྟ་ལོར། །ཆོལ་གསུམ་མཁས་པ་ཉི་ཤུ་ལྷག །པེ་ཅིང་མཁར་དུ་གདན་འཛོམས་ནས། །ཁྲིམས་ཆེན་ལྔ་ཙམ་བོད་དུ་བསྒྱུར། །《བོད་རྒྱ་མིང་ཚིག་ཕྱོགས་བསྒྲིགས》ཞེས། །མིང་མཛོད་བསྒྲིགས་ནས་པར་དུ་བསྐྲུན། །ཆབ་སྲིད་གཞུང་ལུགས་མང་པོ་བསྒྱུར།།རྒྱས་པར་གཞན་ལས་ཤེས་པར་བྱ། ། ལོ་ཙཱ་རིག་པའི་ཤེས་བྱ་གནད་བསྡུས་ལས་ལོ་ཙཱའི་ལོ་རྒྱུས་བཤད་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དགུ་བའོ། །
རབ་ཏུ་བྱེད་པ་བཅུ་བ། ལོ་ཙཱའི་དཔྱད་བརྗོད་བཤད་པ།
ལོ་ཙཱའི་དཔྱད་བརྗོད་ཅེས་པ་ནི། །ཚད་ལྡན་གཞུང་ལུགས་གཞིར་བཅོལ་ཏེ། །འགྱུར་མ་མ་དཔེར་གཤིབ་བསྡུར་སྒོས། །བསྟན་དོན་ཇི་བཞིན་ཐོན་མིན་དང་། །སྐད་ལུགས་ཡིག་སྲོལ་མཐུན་ཡོད་མེད། །ཁ་གསལ་གོ་བདེ་བྱུང་མིན་དང་། །དེ་བཞིན་སྐད་གཉིས་བྱང་ཚད་དང་། །དོན་ལ་དཔྱོད་པའི་རིག་སྟོབས་དང་། །འཁུར་དུ་ལེན་པའི་རྣམ་འགྱུར་བཅས། །དགེ་སྐྱོན་གསལ་བོར་འབྱེད་པ་དང་། །ལེགས་ཉེས་གདེང་འཇོག་བྱེད་ལ་གོ། །སྤྱིར་ན་འགྱུར་དཔྱད་རྣམ་གསུམ་སྟེ། ། མིང་དང་ཚིག་དང་གཞུང་སྤྱིའོ། །དཔྱད་བརྗོད་བགྱིས་པའི་དགོས་པ་ནི། །མ་དཔེར་ཡང་དག་ལྟ་བ་བསྐྱེད། །ལོ་ཙཱའི་སྤུས་ཀ་ཇེ་བཟང་གཏོང་། །ལོ་ཙཱའི་གཞུང་ལུགས་འཐུས་ཚང་གཏོང་། ། ལོ་ཙཱ་རིག་པའི་ཤེས་བྱ་གནད་བསྡུས་ལས་ལོ་ཙཱའི་དཔྱད་བརྗོད་བཤད་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བའོ། །
མཇུག་བྱང་།
ལོ་ཙཱའི་གཞུང་ལས་གསུངས་པའི་དོན། །དམ་པ་དག་གི་རྗེས་འབྲངས་ནས། །
ལོ་ཙཱའི་ཤེས་བྱ་གནད་བསྡུས་ཙམ། ། ལོ་ཙཱ་སློབ་འདོད་དོན་དུ་བཀོད། །
རིག་པར་ཐོས་པ་ཆུང་བའི་ཕྱིར། ། སྔོན་མེད་ལེགས་བཤད་མ་མཆིས་ཀྱང་། །
གཞུང་བརྒྱའི་སྙིང་བོ་བསྡུས་པའི་ཕྱིར། །བློ་གསལ་འཇུག་པའི་སྒོ་མོར་བསམ། །
དེ་ལས་བྱུང་བའི་དགེ་བ་ཡིས། །སྔོན་བྱོན་ལོ་པཎ་ལུགས་བཟང་བཞིན། །
མཐའ་བཞིའི་རིག་གནས་བསྡུ་བ་ལ། །ལོ་ཙཱའི་བསྟན་པ་དར་བར་ཤོག །
ཅེས་པ་འདི་ནི་སྒྲོལ་དཀར་ཚེ་རིང་དུ་འབོད་པས2013ལོའི་ཟླ8ཚེས22ཉིན་རང་ཤག་དཔེ་མང་སྤུངས་པའི་དགའ་ཚལ་ནས་སྦྱར་བའོ།།
དཔྱད་གཞིའི་ཡིག་ཆ།
དང་པོ། བོད་ཡིག་གི་སྐོར།
1. འབྲུག་ལྷ་དང་ཟླ་བ་ཚེ་རིང་། རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན། མི་རིགས་ དཔེ་སྐྲུན་ཁང་།
2. འབའ་སྟོད་ཚེ་དབང་རྡོ་རྗེ། རྒྱ་བོད་ལོ་ཙྰའི་རྣམ་བཤད་བློ་གསལ་དགའ་སྟོན། མི་རིགས་ དཔེ་སྐྲུན་ཁང་།
3.འཕྲིན་ལས་ཆོས་གྲགས། བོད་ཀྱི་ལོ་ཙྰའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
4.ཁྲི་བསམ་གཏན། སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད། ཀན་སུའུ་མི་རིགས་དཔེ་ སྐྲུན་ཁང་།
5.ཁྲི་བསམ་གཏན་དང་ཚེ་དབང་ཐར། སྐད་གཉིས་སྨྲ་བའི་སྒྲོན་མེ། ཀན་སུའུ་མི་རིགས་ དཔེ་སྐྲུན་ཁང་།
6.དབང་འདུས་ཚེ་རིང་དང་འཕྲིན་ལས་རྒྱ་མཚོ། བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙྰ་བ་རིམ ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་།
7. རིན་ཆེན་བསམ་གྲུབ། ལོ་ཙྰའི་རིགས་ལམ་འཇིག་རྟེན་མིག་གི་དགའ་སྟོན། ཀན་སུའུ་མི་ རིགས་དཔེ་སྐྲུན་ཁང་།
8. མགོན་པོ་སྐྱིད། སྒྲ་སྦྱོར་བམ་པོ་གཉིས་པ་དང་འབྲེལ་བའི་སྒྱུར་ཐབས་ཞིབ་འཇུག ཀན་ སུའུ་མི་རིགས་དཔེ་སྐྲུན་ཁང་།
9. བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་བསྒྲིགས། དཀར་ཆག་འཕང་ཐང་མ། སྒྲ་ སྦྱོར་བམ་པོ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་།
10.རྩེ་གཞུང་སྐལ་བཟང་འབུམ། ཕྱི་ཡོང་ཡིག་འབྲུའི་བསྡུས་མིང་ལོ་ཙྰའི་ཐབས་ལམ་ལ་ དཔྱད་པ་ཉི་གཞོན་འདྲེན་པའི་སྐྱ་རེངས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
11. ལྕང་སྐྱ་རོལ་པའི་རྡོ་རྗེ། དག་ཡིག་མཁས་པའི་འབྱུང་གནས། མི་རིགས་དཔེ་སྐྲུན་ཁང་།
12. ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཅུའུ། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་ མའི་འགྱུར་བྱང་བློ་གསལ་དགའ་སྐྱེད། མཚོ་སྔོན་མི་རིགས་པར་ཁང་། ནང་ཁུལ་གྱི་དཔྱད་ གཞིའི་ཡིག་ཆ།
13.ཤ་བོ་ཚེ་རིང་། རྒྱ་བོད་ཚན་རྩལ་ལོ་ཙྰའི་གཞུང་ལུགས་ཀྱི་རྣམ་བཤད། མི་རིགས་དཔེ་ སྐྲུན་ཁང་།
14. རྣམ་རྒྱལ་རྡོ་རྗེ། བོད་བཙན་པོའི་སྐབས་ཀྱི་བཀའ་བསྟན་དཀར་ཆག་ལ་དཔྱད་པ། ཀན ་སུའུ་མི་རིགས་དཔེ་སྐྲུན་ཁང་།
15. ཁྲག་འཐུང་རྒྱལ་པོ། མར་པ་ལོ་ཙྰའི་རྣམ་ཐར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
16. ཞལ་ལྕེ་ལྷག་པ་ཚེ་རིང་། ལོ་ཙྰ་གླིང་། སྤྱིའི་དེབ་གྲངས་གསུམ་པ། ཀན་སུའུ་མི་རིགས་ དཔེ་སྐྲུན་ཁང་།
17. དཔའ་རིས་སངས་རྒྱས། དཔེ་ཆོས་ཚིག་མཛོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
18. ཚུལ་ཁྲིམ་བློ་གྲོས། རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད། སི་ཁྲོན་མི ་རིགས་དཔེ་སྐྲུན་ཁང་།
19.དཔའ་རིས་སངས་རྒྱས། བརྡ་སྤྲོད་གསལ་བྱེད་ངག་སྒྲོན།
གཉིས་པ། རྒྱ་ཡིག་གི་སྐོར།
一.《汉藏互译教程》周季文、傅同和编著,民族出版社1999年1月版。
二.《汉藏翻译教程》巴桑多吉著,民族出版社2006年9月版。
三.《汉藏翻译理论与实务》付挺刚著,民族出版社2009年9月版。
四.《中外翻译简史》高华丽编著,浙江大学出版社2009年7月版。
五.《西方翻译简史》谭载喜著,商务印书馆2004年12月版。
六.《图解翻译学》张伟平编著,世界图书出版公司2010年3月版。
七.《西方翻译理论通史》刘军平著,武汉大学出版社2009年9月版。