logo

བོད་རྩིས་ལ་ཐོག་མའི་འཇུག་པ་ལས་བསྐྱེད་པའི་མྱོང་བ།

རྩོམ་པ་པོ།:དཀོན་མཆོག་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-22 ཀློག་གྲངས།:

  མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན། ཉེ་བའི་དུས་རབས་ཙམ་མ་ཟད་ཤིང་ལོ་གོས་སུ་གྱོན་པའི་གདོད་མའི་དུས་སྐབས་ནས་བཟུང་མིའི་རིགས་ཀྱི་འཚོ་བའི་གོམ་སྟབས་རྩིས་ཀྱི་རིག་པ་དང་བྲལ་ཐབས་མེད་པ་ཁ་གསལ་དོན་གསལ་རེད། སྲོག་ལྡན་གང་རང་བྱུང་ཁམས་ཆེན་མོ་འདིར་ཚོགས་པ་ཆུང་ཆུང་ཞིག་གྲུབ་ཉིན་ནས། ནམ་རྒྱུན་གྱི་འཚོ་བའི་ཁྲོད་སྐད་ཆ་ཚིག་གཅིག་བཤད་ནའང་རྩིས་དང་འབྲེལ་བ་མེད་པ་ཕལ་ཆེར་ཉུང་ཉུང་རེད། དེ་ལས་ཀྱང་དུད་འགྲོར་གྱུར་བའི་སྒོ་ཁྱི་དང་འདབ་ཆགས་ག་གེ་མོའི་ཕྲུ་གུ་མང་པོ་ལས་གཅིག་མེད་གྱུར་ན། ཁོ་ཚོས་སེམས་སྡུག་གིས་སྐད་འབྱིན་པ་དང་ཕར་ཚུར་རྒྱུགས་པ་སོགས་བྱེད་སྲིད། དེ་ལས་ཁོ་ཚོ་ལ་ཡང་རང་ཉིད་ཀྱི་བུ་ཕྲུག་གི་གྲངས་ཀ་འཛིན་པའི་རྩིས་རིག་ཕྲ་མོ་ཞིག་ཡོད་པ་ཤེས་ཐུབ། དེ་བཞིན་རྩིས་ཀྱི་རིག་པ་འདི་ནི་མི་རྣམས་ཀྱིས་རང་བྱུང་ཁམས་ཆེན་མོར་ངོས་འཛིན་དང་སྒྱུར་བཅོས་བྱ་བའི་བྱ་བཞག་ཆེན་མོའི་ཁྲོད་འཚོ་གནས་ལ་མེད་དུ་མི་རུང་བའི་གཞུང་ལུགས་ཆེན་པོ་ཞིག་ཡིན་པ་སུས་ཀྱང་བསྙོན་ཏུ་མེད། བློ་དང་འཇོན་ནུས་ཆེ་བའི་རང་རེའི་མེས་པོ་དག་གིས་ཀྱང་རང་བྱུང་ཁམས་ཆེན་མོ་འདི་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད། འཚོ་བ་དང་དོན་དངོས་ཀྱིས་སྤྲད་པའི་ཉམས་མྱོང་དག་རང་གི་ཐུན་མོང་མ་ཡིན་པའི་རྩལ་དང་ནུས་པར་སྤྲུགས་ནས་མི་རབས་རྗེས་མ་ལ་སྐྱེས་སུ་འབུལ་ཡོད་པ་མིག་མཐོང་ལག་ཟིན་རེད། 
  ཆུང་བྱིས་པའི་དུས་ནས་བཟུང་དྲིན་ཆེན་ཕ་མའི་གཏམ་ལ་དགོང་ཕྱི་དྲོའི་སྤྲིན་དམར་མེ་དང་ནངས་སྔ་མོའི་མཚམས་སྤྲིན་ཆུ་ཡིན་ཚུལ། ལྷོ་སྤྲིན་བྱང་ལ་ལྡང་ན་བྱང་གི་རྒྱ་མཚོ་ཆེན་པོ་དགུང་ལ་འཕྱོ་བ་དང་བྱང་སྤྲིན་ལྷོ་ལ་ལྡང་ན་ལྷོ་ཡི་ཙན་དན་དམར་པོ་མེ་རུ་འབར་ཚུལ། གཞན་ད་དུང་སྟོན་དགོང་མཐའ་ཡིན་ན་ལོ་འབྲེག་རྒན་པོས་ཟོར་བ་རྡོར། དཔྱིད་དགོང་མཐའ་ཡིན་ན་ལུག་རྫི་རྒན་པོས་ལྷམ་འཚེམ་ལ་སོགས་པའི་སྤྲིན་པ་དང་རླུང་བུ་ལ་དཔྱད་ནས་གནམ་གཤིས་བརྟག་ཚུལ་སོགས་མང་མོད། འོན་ཀྱང་ལོ་ན་ཚོད་ཆུང་ལ་སྦྱོང་ཤེས་ཡོན་ཏན་མེད་པའི་ང་ཚོའི་བློ་ངོར་དེ་ནི་འཇིག་རྟེན་བྱེད་པོས་མིའི་རིགས་ལ་ཐོག་མ་ནས་སྤྲད་པའི་ལེགས་སྐྱེས་ཆུང་ཆུང་ཞིག་ཏུ་བརྩི་བ་ལས་དོ་སྣང་ཆེར་བྱེད་མྱོང་མེད། ལྷག་པར་དུ་ལྷ་མོ་རྩིས་གསུམ་ལུང་དུ་བསྟན་པའི་སྐབས་རྩིས་ནི་སོ་སྐྱེས་ཕལ་མོ་ཆེས་སྦྱོང་ཆོག་ལ་སྦྱོང་ནུས་པའི་རིག་པ་ཞིག་ཏུ་དེ་བས་ཀྱང་ངོས་འཛིན་ག་ལ་ཕོད།  ངོ་མཚར་དང་ལྷའི་སྤྲུལ་བ་ལ་མོས་པའི་ང་ཚོས་དེ་ནི་སུ་ཞིག་གིས་གང་ལ་སྔོན་ནས་གནང་ཡོད་པའི་ཐོབ་སྐལ་ཞིག་ཏུ་སེམས་བཞིན་ཡོད།
  སྔོན་བསགས་ལེགས་བྱས་བཟང་པོའི་མཐུ་དང་ནུས་པ་མངོན་ཏུ་གྱུར་བའི་བར་སྐབས་འདིར། ངས་ད་བཟོད་རྒན་ལགས་ཀྱི་འཆད་ཁྲིད་ལས་ཆེས་ཐོག་མར་རིག་གནས་ཆུང་བ་ལྔའི་གྲངས་འདྲེན་སུ་བགྲང་མྱོང་བའི་རྩིས་ཀྱི་རིག་པ་དང་། ནང་སྒོས་སུ་རང་མི་རིགས་ཀྱི་ཁྱད་འཕགས་སྐར་རྩིས་ལ་ཐོག་མའི་ངོས་འཛིན་ཙམ་ཆགས། བཙན་པོའི་ཡར་སྔོན་ནས་རང་རེའི་ཡུལ་གྲུ་འདིར་ད་ལྟའི་བར་ལུ་གུ་རྒྱུད་དུ་དར་བའི་མྱོང་རྩིས་དང་འབྱུང་རྩིས། སྣང་མཐོང་རྩིས། གཞན་རྒན་མོ་བལ་མོའི་ཟླ་རྩིས་དང་ཞང་ཞུང་རྒན་པོའི་ངག་རྩིས་སོགས་མང་། ལྷག་པར་དུ་ལོ་ཙྰ་བའི་སྐུ་དྲིན་གྱིས་རྒྱ་གར་ནག་ནས་དུས་འཁོར་ལུགས་ལ་སོགས་པའི་རྩིས་ཀྱི་རིག་པ་ནང་དུ་དྲངས་པ་མང་དུ་སྣང་། ཆོས་རྒྱལ་ལོ་པཎ་སྐུ་བཞུགས་ནས་ཕྱི་ནང་གི་མཐུན་རྐྱེན་འཛོམས་ཡོད་པའི་སྐབས་ལོ་ཙྰའི་བྱ་བཞག་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་དར་བར་མ་ཟད། རྩིས་ཀྱི་རིག་པའང་དེ་བཞིན་དུ་དར་ཡོད། ཡིན་མོད་ཀྱང་རིག་གནས་གསར་བརྗེ་ལ་སོགས་པའི་གོད་ཆགས་རབ་དང་རིམ་པ་བྱུང་བའི་རྗེས་ཀྱི་ད་ལྟའི་གནས་བབ་ལ་མཚོན་ནས་བཤད་ན། སྤྱི་ཚོགས་དཔལ་འབྱོར་རིག་པ་དར་བའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་བོད་ཀྱི་སྐར་རྩིས་རིག་པ་འཕེལ་རྒྱས་དང་ཆ་ཚང་དུ་གཏོང་མ་ཐུབ་པར་ལུས་བ་རྐྱེན་བྱས། སྐར་རྩིས་རིག་པ་འདི་ཉིད་དགོན་སྡེ་དང་སློབ་གྲྭ ཡང་ན་རིག་གཞུང་ཞིབ་འཇུག་གི་གྲལ་ན་ཧ་ཅང་ཉམ་ཐག་ཏུ་ལུས་བའི་ལོ་རྒྱུས་ཀྱི་ལོ་ཚིགས་ཙམ་དུ་འགྱུར་བར་ཉེ། འདི་ནི་བོད་རང་གི་རྩིས་ལ་དུས་རབས་ཀྱིས་སྤྲད་པའི་ཚོད་བགམ་ཐེངས་གཅིག་མིན་པ་ག་ལ་སྲིད།   འདི་ནི་རྒན་ལགས་ཀྱི་སློབ་ཁྲིད་བརྒྱུད་ནས་ང་ལ་གནང་བའི་བསམ་གཞིག་གི་མྱོང་བ་ཟབ་མོ་དེའང་ཡིན་པར་སེམས།
  འདས་པའི་ལོ་རྒྱུས་མིག་གི་དགའ་སྟོན་དུ་འཇོ་བའི་སྐབས་འདི་ཉིད་ལ་ང་ཚོས་དཔྱོད་ཤེས་གྱི་བློ་རིག་ནང་དུ་བཀུག་ན། དུས་རབས་དང་དོན་དངོས་འཚོ་བ་ལ་རམ་འདེགས་བྱེད་མ་ཐུབ་པའི་རིག་གཞུང་དང་ཤེས་བ་མཐའ་རྟག་མིའི་སྣང་ངོ་ལས་ཡུན་དུ་མི་བརྟན་པ་གསལ་ཐག་ཆོད། བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་ཚུན་ཆད་ནས་བཟུང་རང་རེའི་བོད་མི་ཀུན་ཡང་དེང་རབས་དཔལ་འབྱོར་ལ་རེ་སྙེག་ཆེས་ཆེར་བྱས་བས། ཉེ་བའི་དུས་རབས་ནང་རང་རེའི་ཤེས་ལྡན་པའི་སྡེ་ཁག་ནས་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་དཔལ་འབྱོར་རིག་པ་སོགས་ལངས་ཕྱོགས་མི་འདྲ་བའི་རྐྱེན་སྲོལ་རྒྱུན་རིག་གནས་མཁོ་མིན་ཐད་ལྟ་བ་མི་མཐུན་པའི་ཕྱོགས་སུ་གྱར་ཡོད་པ་དོན་དངོས་རེད། རང་རེའི་རྩིས་ཀྱི་རིག་པ་འདི་ཉིད་ཀྱང་འཚོ་བའི་རྒྱུན་སྤྱོད་དུ་རགས་ཙམ་མཆིས་མོད། ཡིན་ནའང་རྩིས་དངོས་རྫས་གསུམ་ལ་སོགས་པའི་ཉེ་རབས་རིག་པའི་ཁྱབ་ཁོངས་སོ་སོ་ནས་རྒྱུན་སྤྱོད་མ་ལག་ཏུ་ཆགས་མི་ཐུབ་པའི་རྒྱུ་མཚན་གང་ཡིན་པ་དང་རྗེས་ཕྱོགས་མི་རིགས་རང་ཉིད་ཀྱི་འཚོ་བ་ལ་ཞབས་འདེགས་ཅི་ལྟར་བྱ་བ་ལ་བསམ་པ་ནི་ང་རང་ཉིད་ཀྱིས་འདིར་དཔྱད་པའི་བརྗོད་བྱ་དེ་ཡིན་པར་སེམས་ཆོག
  སྤྱིར་བཤད་ན། མི་རིགས་ཤིག་གི་སྐད་ཡིག་ལ་ཡུན་རིང་དུ་འཚོ་གནས་ཐུབ་པའི་ནུས་པ་ལྡན་པར། སྐད་ཡིག་དེ་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོར་བཀོལ་སྤྱོད་ཐུབ་དགོས། དེ་བཞིན་རང་རེའི་སྐར་རྩིས་རིག་པ་འདི་ཉིད་ཆ་ཚང་དང་འཕེལ་་རྒྱས་སུ་བཏང་ནས་སྤྱི་ཚོགས་ཚན་རིག་ལ་ཞབས་འདེགས་བྱེད་པ་དེ་ཕྱོགས་གཅིག་ནས་སྐད་ཡིག་འཚོ་གནས་ཐུབ་པའི་ནང་རྐྱེན་ཡིན་པར་ངེས་འཛིན་བྱ་ཆོག་ལ། ཕྱོགས་གཞན་ཞིག་ནས་སྐར་རྩིས་ཀྱི་རིག་པ་ཙམ་མ་ཟད། མི་རིགས་འདིར་རང་བྱུང་ཚན་རིག་དང་དཔལ་འབྱོར་དར་རྒྱས་འགྲོ་བའི་མ་མཐའི་གཞི་རྩ་ཡིན། དེ་བས་སྐར་རྩིས་འདི་ཉིད་འཕེལ་རྒྱས་སུ་གཏོང་བ་ལ་ང་རང་ཉིད་ཀྱིས་བསམ་ན། རྒྱལ་སྤྱིའི་སྟེང་བཀོལ་མུས་སུ་ཡིན་པའི་གྲངས་རིག་པའི་གཞུང་ལུགས་ལ་དཔེར་བྱས། རང་རེའི་རིག་པ་ཟབ་མོའི་སྤྱོད་ཡུལ་དུ་གྱུར་བའི་རྩིས་གཞུང་འདི་ཉིད་ལ་སོ་སྐྱེས་ཕལ་བས་རྟོགས་ཐུབ་ལ་ཉེ་རབས་རང་བྱུང་ཚན་རིག་གི་ཁྱབ་ཁོངས་སོ་སོར་སྲིང་ཐུབ་པའི་རིག་པའི་མ་ལག་ཅིག་ཏུ་གཏོང་རྒྱུ་ནི་གལ་ཆེ་བའི་གནས་ཡིན། དེ་ལྟར་ཡུན་ཙམ་སོང་ན། སྐར་རྩིས་རིག་པ་འདི་ཉིད་དགོན་སྡེ་ཙམ་མ་ཡིན་པར་བོད་སྐད་ཤེས་པའི་མི་སྐྱ་ཕལ་མོ་ཆེས་སྦྱོང་ཤེས་དང་སྤྱོད་ཤེས་སུ་འགྲོ་བར་སེམས། སྔོན་བྱུང་གི་ལོ་ཟླའི་ནང་དུ་སྐར་རྩིས་རིག་པའི་གཞུང་ལུགས་བོད་མི་བྱིངས་ལ་སྦྱོང་ཤེས་མ་བྱུང་བ་ཡང་རྒྱུ་མཚན་དེ་ཡིན་པར་སེམས། དེ་བས་སྐར་རྩིས་ཀྱི་རིག་པ་འདི་ཉིད་ལ་ཆེས་སྤྱིར་བཏང་དང་རྨང་གཞིར་གྱུར་བའི་གཞུང་ལུགས་ཀྱི་རྩ་བ་འཛུགས་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས། རང་རེའི་བོད་པའི་སྤྱི་ཚོགས་སུ་ནམ་རྒྱུན་གྱི་འཚོ་བའི་ཁྲོད་རྩིས་ཀྱི་གཞུང་ལུགས་ཅུང་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་པ་བདེན་དུ་ཆུགས་མོད། ཡིན་མོད་ཀྱང་དེ་ཉིད་རྩིས་གཞུང་ཞིག་ཏུ་བཀུར་ནས་སྦྱོང་བ་ལ་སོགས་བྱེད་པའི་འདུ་ཤེས་རྩ་བ་ནས་མེད་པར་མ་ཟད། དེ་ནི་ཐུན་མོང་མ་ཡིན་པིའ་སྐྱེས་བུ་ཁོ་ན་གཅིག་གི་སྔོན་ནས་བག་ཆགས་སུ་གྲུབ་པའི་ལས་དབང་ཞིག་ཏུ་ངོས་འཛིན་བྱ་བཞིན་ཡོད་པ་ལ་སོགས་མང་དུ་མཆིས། 
  དེ་ཡང་སྐར་རྩིས་ཙམ་མ་ཡིན་པའི་བོད་པ་རང་ཉིད་ཀྱི་གཞུང་ལུགས་གང་ལ་མཚོན་ན་ཡང་། ཕྱི་ཕྱོགས་སུ་ངོམ་སོ་བྱེད་པའི་བར་སྐབས་མ་ཡིན་པར་རིག་པ་ཀུན་ལ་རིག་ཚན་གསར་བའི་རྒྱན་སྤྲས་ནས་ཆ་ཚང་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་རང་རེའི་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ཙམ་མ་ཟད། མི་རིགས་འདི་ཉིད་ལོ་ངོ་བརྒྱ་ཕྲག་ནས་སྟོང་ཕྲག་ཏུ་གནས་ཐུབས་པའི་འཚོ་རྟེན་གྱི་རྒྱབ་ལྗོངས་ཡིན་པ་བསྙོན་དུ་མེད་དོ།།
 


འབྲེལ་ཡོད་འོས་སྦྱོར།