logo

དོན་གྲུབ་ཚེ་རིང་དང་བཀྲ་ཤིས་ལྷུན་གྲུབ་ཀྱི་སྒྱུར་རྩོམ་ཁག་གསུམ།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་དང་བཀྲ་ཤིས་ལྷུ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-18 ཀློག་གྲངས།:

དོན་གྲུབ་ཚེ་རིང་དང་བཀྲ་ཤིས་ལྷུན་གྲུབ་ཀྱི་སྒྱུར་རྩོམ་ཁག་གསུམ།
ངའི་འཇིག་རྟེན་ལྟ་བ།①
ཨེ་དབྱིན་སི་ཐཱན②ནས་བརྩམས།

        འཆི་བ་ཐེངས་ཤིག་གང་ལྟར་ཀྱང་འབྱུང་ངེས་པའི་ངེད་ཅག་འགྲོ་བ་མི་ཡི་ལས་དབང་ནི་ཇི་འདྲའི་ཁྱད་མཚར་ཞིག་ཨང་། ང་ཚོ་མི་སུ་ཡིན་རུང་འཇིག་རྟེན་འདི་ནས་དུས་ཡུན་ཐུང་ངུ་མ་གཏོགས་བསྡད་དབང་མེད་ལ། དེ་དམིགས་ཡུལ་ཅི་ཞིག་ཡིན་པར་སྐབས་རེར་ང་ཚོ་ལ་རང་ཚོད་ཀྱིས་དྲན་དྲན་པའི་ཚོར་སྣང་རེ་ཡོད་ཀྱང་། དོན་དངོས་སུ་ཅི་ཡང་རྟོགས་ཀྱིན་མེད།  འོན་ཀྱང་དེ་ལ་བསམ་མནོ་ཟབ་མོ་གཏོང་རིན་མི་འདུག་སྟེ། འཚོ་བ་དངོས་ལས་ང་ཚོས་ཤེས་གསལ་ལྟར་འགྲོ་བ་མི་སུ་ཡང་གཞན་གྱི་དོན་དུ་འཚོ་བ་ཡིན་ཏེ།  ཐོག་མར་ང་ཚོའི་སྤྲོ་སྐྱིད་དང་བདེ་ཐང་ནི་ང་ཚོ་རང་ཉིད་ཀྱི་བདེ་སྐྱིད་ཡོངས་ལ་རག་ལས་པའི་མི་དེ་དག་དང་། དེ་ནས་ང་ཚོས་རྒྱུས་ལོན་མེད་པའི་མི་དེ་དག་ལ་རག་ལས་ཤིང་། ཁོ་ཚོའི་ལས་དབང་ནི་སྙིང་རྗེའི་ཐག་པར་སྦྲེལ་ནས་ང་ཚོ་དང་འབྲེལ་བ་དམ་ཟབ་ཆགས་ཡོད། ངས་ཉིན་རེ་རེར་ཐེངས་མ་བརྒྱ་ཕྲག་གིས་རང་ཉིད་ལ་འདི་ལྟར་གསལ་འདེབས་བྱས་པ་ཡིན་ཏེ། ངའི་བསམ་པའི་འཚོ་བ་དང་དངོས་པོའི་འཚོ་བ་ཐམས་ཅད་སྐྱེ་འགྲོ་གཞན་པའི་ངལ་རྩོལ་ལ་བརྟེན་པ་ཡིན་ལ། ངས་ཀྱང་ཧུར་བརྩོན་ཀྱིས་ངས་ཉམས་སུ་མྱོང་ཟིན་པ་དང་ད་རུང་ཉམས་སུ་མྱོང་བཞིན་པའི་དངོས་པོ་དེ་དག་ལ་གྲངས་ཚད་འདྲ་མཉམ་གྱི་སྐྱིན་པ་མཇལ་དགོས་ཡོད། ངས་འཚོ་བ་ངན་ངོན་ལ་རེ་འདོད་ཆེན་པོ་ཡོད་དེ། ང་ཡི་འདོད་པ་ལྟར་ན་གྲལ་རིམ་གྱི་དབྱེ་བ་ནི་དོན་དང་མཐུན་པ་མ་ཡིན་ཏེ།  དེའི་ཆེས་མཐའ་མཇུག་གི་ཁ་གཡར་ས་ཐམས་ཅད་དྲག་ཤུགས་ཡིན་འདུག  ངས་ད་རུང་ཟས་གོས་ངན་ངོན་ལ་རོལ་ན་ང་ཚོ་མི་སུ་ཡིན་རུང་ཁོ་བོའི་ལུས་ཕུང་དང་སེམས་ཁམས་གང་ལ་ཡང་ཕན་པའི་ཡིད་ཆེས་ཡོད།
        ང་རང་སྐྱེ་འགྲོ་ཀུན་ལ་མཚན་ཉིད་རིག་པར་བཞེད་པའི་དོན་གྱི་རང་དབང་ཡོད་པར་ཡིད་ཆེས་རྩ་བ་ནས་མེད།  མི་སོ་སོའི་བྱ་སྤྱོད་ཀུན་ཕྱི་རོལ་གྱི་གནོན་ཤུགས་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་རང་སེམས་ཀྱི་འདོད་པ་ལ་མཐུན་པོ་ཡོང་དགོས་ཏེ། ཧྲུའུ་པེན་ཧཱར③་གྱིས་མིས་རང་ཉིད་ཀྱི་ལས་སྙམ་པ་ལས་སུ་རུང་སྟེ།  འོན་ཀྱང་རང་ཉིད་ཀྱི་དྲན་འདོད་པར་ཞེ་ཆགས་མི་རུང་ཞེས་གསུངས་ཡོད་ལ། ང་ལ་མཚོན་ན་ལོ་ན་གཞོན་གཞོན་ཡིན་དུས་ནས་བཟུང་གསུངས་ལུང་འདི་ནི་མན་ངག་ཡང་དག་ཅིག་ལ་ངོས་བཟུང་ནས།  རང་ཉིད་དང་ཡང་ན་གཞན་པ་འཚོ་བའི་དཀའ་ཁག་ལ་གདོང་གཏད་དུས་དེས་ང་ལ་དབུགས་དབྱུང་ཡང་ཡང་གནང་བྱུང་། དེ་མ་ཚད་དུས་ནམ་ཡིན་རུང་ངའི་བཟོད་སྒོམ་གྱི་ལུང་བསྟན་དུ་གྱུར་ཡོད། མྱོང་བ་འདི་འདྲས་བློ་གཤོག་ཆེན་པོས་སྐྱེ་འགྲོ་ཀུན་ལ་ཕངས་སེམས་སྤྲོད་པའི་འོས་འགན་དེའི་གནོན་ཤུགས་ཆུང་ངུར་གཏོང་ཐུབ་ལ། ད་དུང་ང་ཚོས་རང་ཉིད་དང་གཞན་པའི་ཐོབ་ཤོར་ལ་ཚད་ལས་འགོངས་པའི་ནན་ཏན་བྱེད་པར་བཀག་འགོག་བྱེད་ཐུབ། དེས་ད་དུང་ཁ་མཚར་དགོད་རྩེད་ལའང་མི་ཚེའི་གོ་རིམ་ཁྲོད་ལས་གོ་ས་འོས་འཚམ་ཞིག་སྤྲད་ཡོད།
        མི་རང་ཉིད་དང་སྐྱེ་འགྲོ་ཀུན་གྱི་འཚོ་བའི་སྙིང་པོ་དང་དམིགས་ཡུལ་ལ་འཚོལ་ཞིབ་བྱེད་པ་ནི་དོན་དུ་ང་རང་གིས་ཧ་ཅང་དགོད་བྲོ་བ་ཞིག་རེད་བསམས་ཀྱིན་ཡོད། འོན་ཀྱང་མི་སོ་སོ་ལ་རང་རང་གི་ཕུགས་བསམ་ཡོད་པ་དང་། ཕུགས་བསམ་འདི་དག་གིས་ཁོ་བོའི་ཧུར་བརྩོན་དང་རིན་ཐང་ཚོད་དཔག་གི་ཁ་ཕྱོགས་གཏན་ལ་ཕབ་ཡོད་ལ། འདི་འདྲར་སྨྲས་པ་ཡིན་ན། ངས་སྤྲོ་སྐྱིད་ལ་ཆགས་པ་དང་དགའ་མགུར་རོལ་བ་ནི་མི་ཚེ་ཡི་དམིགས་ཡུལ་ཏག་ཏག་རེད་ཅེས་རྩ་བ་ནས་འདོད་ཀྱི་མེད། ངས་མི་ཆོས་བསམ་སྤྱོད་འདི་རིགས་ལ་ཕག་རྭའི་ཕུགས་བསམ་བརྗོད་ཀྱིན་ཡོད། ང་རང་གི་ཕུགས་བསམ་ནི་དེ་སྔ་ནས་བདེན་དགེ་མཛེས་གསུམ་ལ་འཚོལ་བསྙེགས་བྱེད་པ་དེ་ཡིན་ལ། དེ་དག་གིས་ངའི་མི་ཚེ་བགྲོད་ལམ་ལ་འོད་སྣང་སྤྲོ་བ་མ་ཟད། དུས་རྟག་ཏུ་ང་ལ་སྤོབས་སེམས་གསར་པ་སྤྲད་ནས་སེམས་ཤུགས་ཚ་ངར་གྱིས་འཚོ་བ་ལ་གདོང་གཏད་དུ་བཅུག  གལ་ཏེ་བློ་མཐུན་སེམས་མཐུན་གྱི་བར་ནས་རྣམ་ཤེས་གཅིག་འདྲེས་ཀྱི་སྣང་བ་དེ་འདྲ་མེད་པ་ཡིན་ན། གལ་ཏེ་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ཏེ་སྒྱུ་རྩལ་དང་ཚན་རིག་ལས་གཞག་གི་ཁྲོད་དུ་ནམ་ཡང་སླེབས་དཀའ་བའི་ཕ་རོལ་པོ་འདི་ཉིད་ལ་བློ་སེམས་རྩེ་གཅིག་གིས་ལྟ་རྟོག་བྱས་མེད་ན། ངས་རང་གི་འཚོ་བར་དོན་སྙིང་ཅི་ཡང་མེད་པར་འདོད། ཡང་ང་རང་གིས་སྐྱེ་འགྲོ་ཁ་ཤས་ཀྱིས་ཧུར་ཐག་འབད་བརྩོན་གྱིས་འཚོལ་བསྙེགས་བྱེད་པའི་སྤྱིར་བཏང་གི་དམིགས་འབེན་ཏེ་འབྱོར་ཕྱུག་དང་ཕྱིའི་རྣམ་པའི་རྒྱལ་ཁ། འཚོ་བ་འབེལ་པོ་དག་ལ་སྨྲད་ར་བྱེད་ན་འོས་སྙམ་ཡོད།
        ང་ལ་སྤྱི་ཚོགས་བདེན་དོན་དང་སྤྱི་ཚོགས་འོས་འགན་བསྲུང་བའི་བློ་ཤུགས་ཆེན་པོ་ཡོད་ལ། ཡིན་ནའང་མི་གཞན་པ་དང་སྤྱི་ཚོགས་ལ་ཐད་ཀར་ཀྱི་འབྲེལ་འདྲིས་ཉུང་། འདི་གཉིས་བར་ལ་ཧ་ཅང་མི་འཚམ་པའི་བར་ཐག་ཆེན་པོ་ཞིག་ཡོད་འདུག  ང་རང་ནི་དོན་དུ་ཁེར་ཉུལ་པ་ཞིག་ཡིན་ཏེ་བློ་གཅིག་སེམས་གཅིག་གིས་རང་གི་རྒྱལ་ཁབ་དང་རང་གི་ཕ་ཡུལ། རང་གི་གྲོགས་པོ། ཐ་ན་རང་གི་ཕ་མ་སྤུན་མཆེད་ལའང་དབང་མྱོང་མེད་ཅིང་། འབྲེལ་བ་འདི་དག་ལ་ངས་ནམ་ཡང་བར་ཐག་ངེས་ཅན་ཞིག་ཟིན་ཡོད་པ་མ་ཚད། ཁེར་རྐྱང་གིས་འཚོ་བ་བསྲུང་པའི་དགོས་པ་འདུག་ལ། ཚོར་སྣང་གི་རླབས་འདི་ལོ་ཚོད་དང་བསྟུན་ནས་ཉིན་རེ་རེར་དྲག་ཏུ་རྒྱས་བཞིན་ཡོད། སྐྱེ་འགྲོ་ཀུན་གྱིས་ཁོ་རང་ཉིད་དང་གཞན་པའི་ཕན་ཚུན་བར་གྱི་ཆ་རྒྱུས་དང་འཆམ་མཐུན་ལ་ཚད་རིམ་ཡོད་པར་གསལ་ཆ་ཡོད་ལ། འོན་ཀྱང་འདི་ལ་སེམས་ཕངས་དོན་མེད་དེ། སྐྱེ་བོ་འདི་དག་གིས་ཁོ་ཚོའི་བྱིས་བློ་ལྷད་མེད་དང་དྲན་བསམ་ཅི་ཡང་མེད་པའི་སེམས་གཤིས་ཁ་ཤས་བོར་སྟོར་བྱེད་སྲིད་པ་སྨྲོས་མེད་ཡིན་ཀྱང་། ཕྱོགས་གཞན་ཞིག་ནས་ཁོ་ཚོ་ལ་གཞན་པའི་བསམ་འཆར་དང་གོམས་གཤིས།  རིན་ཐང་ལྟ་བ་སོགས་ཀྱིས་ཤན་ཞུགས་བྱེད་པ་དཀའ་བ་མ་ཟད། རང་སེམས་ཀྱི་བབ་བརླིང་པོ་དེ་དོན་མེད་བརྟན་ཆགས་མིན་པའི་བསླུ་བྲིད་ལ་ཚུད་པའི་རྣམ་པ་ལ་འགོག་སྲུང་ནན་མོ་བྱེད་ཐུབ།
        ངའི་ཆབ་སྲིད་ཀྱི་ཕུགས་བསམ་ནི་དམངས་གཙོ་རིང་ལུགས་ཡིན་ལ།  སྐྱེ་འགྲོ་སོ་སོ་ལ་མི་ཡིན་པའི་ཆ་ནས་རྩིས་མཐོང་བྱེད་དགོས་མོད།  འོན་ཀྱང་མི་སུ་ཡང་དད་པ་བྱ་ཡུལ་ཏུ་གྱུར་མི་རུང་།  ང་རང་ཉིད་ལ་ཡང་སྐྱེ་འགྲོ་མང་པོས་ཚད་ལས་འགོངས་པའི་བསྟོད་བསྔགས་དང་བརྩི་བཀུར་ཐོབ་མོད། འདི་ནི་ང་རང་གི་ནོར་འཁྲུལ་གྱི་རྐྱེན་མ་ཡིན་ལ།  ང་རང་གི་བྱས་རྗེས་ཀྱི་ཐོབ་འབྲས་ཀྱང་མིན་ཏེ།  དེ་དོན་དངོས་སུ་ལས་དབང་ཞིག་གི་དགོད་རྩེད་ཡིན་འདུག  དེ་རྒྱུ་མཚན་ནི་སྐྱེ་འགྲོ་ཀུན་ལ་ངས་རང་གི་ནུས་པ་ཆུང་ཆུང་བཀོལ་ཏེ་ཧུར་ཐག་གིས་བརྩོན་པ་བྱས་ནས་ཐོབ་པའི་ལྟ་གྲུབ་ཁ་ཤས་ལ་གོ་བ་ལོན་འདོད་པའི་རེ་འདོད་ཅིག་ཡོད་པར་ཡིན་ཤས་ཆེ་ལ། རེ་འདོད་དེ་མི་མང་པོ་ཞིག་ལ་ད་དུང་མངོན་འགྱུར་བྱུང་མི་འདུག  ཚོགས་པ་ཞིག་གི་ཁོ་བོའི་དམིགས་ཡུལ་འགྲུབ་དགོས་ན་ནི་ངེས་པར་དུ་སྐྱེ་བོ་ཞིག་གིས་བསམ་མནོ་གཏོང་དགོས་པ་དང་།  སྣེ་འཁྲིད་མཛད་ནས་འོས་འགན་མཐའ་དག་ཕྲག་ཏུ་ལེན་དགོས་སོ།། འོན་ཀྱང་འགོ་འཁྲིད་བྱེད་ཡུལ་སྐྱེ་བོ་དག་ལ་བཙན་ཤུགས་བཀོལ་མི་རུང་དེ། ཁོ་ཚོ་ལ་རང་གི་འགོ་ཁྲིད་འདེམས་པའི་དབང་སྐལ་ཡོད་དགོས་ལ།  ངས་བལྟས་ན་བཙན་ཤུགས་བཀོལ་བའི་སྒེར་དབང་ལམ་ལུགས་ནི་མྱུར་བ་མྱུར་དུ་རུལ་སུངས་སུ་འགྲོ་ངེས་ལ།  དེ་ནི་བཙན་ཤུགས་ཀྱིས་སྐྱེ་བོ་སྤྱོད་ངན་རྒྱལ་པོའི་ཁྲི་ལ་འགོད་སྲིད་ཅིང་།  སྤྱང་གྲུང་གི་དབང་སྒྱུར་འགོ་བའི་གོ་ས་ནི་བླུན་པོ་དམུན་པས་རྒྱུད་འཛིན་བྱེད་ངེས་པ་ནི་སྲིད་པ་རྒན་པའི་གཏམ་དཔེ་ལ་ཆགས་ཡོདཔར་ངས་འདོད་ཀྱིན་ཡོད། འདི་སྟབས་ཀྱིས་ངས་ཤུགས་ཆེན་པོས་དེ་རིང་དབྱི་ཐ་ལི་དང་ཨུ་རུ་སུ་ནས་མཐོང་བའི་ལམ་ལུགས་དེ་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད། དུས་དེ་རིང་གི་ཡོ་རོབ་གླིང་གི་རྣམ་པར་མིག་གིས་འདྲེན་དུས་དམངས་གཙོ་ཐབས་ལམ་ལ་དོགས་པ་ཡོད་མོད། དེ་ནི་དམངས་གཙོ་རྩ་དོན་རང་ལ་རག་ལས་པ་མ་ཡིན་པར་སྲིད་གཞུང་བརྟན་པོ་མིན་པ་དང་འདེམས་བསྐོའི་ཁྲོད་དུ་དེ་དང་འབྲེལ་མེད་ཀྱི་ཤན་ཐེབས་པའི་རྐྱེན་ཡིན་འདུག  ཕྱོགས་འདི་ལ་ཨ་མེ་རི་ཀ་ནས་སྒྲོལ་ལམ་ཡང་དག་ཅིག་རྙེད་ཡོད་པ་ཡིད་ཆེས་ཡོད། ཁོ་ཚོས་ལས་ཡུན་རིང་བའི་སྤྱི་འཛིན་འདེམས་ཐོན་བྱུང་བ་དང་། ཁོ་བོ་ཚོས་དབང་ཆ་འོས་འཚམ་གྱིས་རང་གི་འགན་འཁྲི་ལག་ཏུ་བསྟར་དགོས།  ཕྱོགས་གཞན་ནས་འཇར་མན་གྱི་ཆབ་སྲིད་ལམ་ལུགས་སུ་ནད་པ་དང་དབུལ་པོ་སྲུང་སྐྱོབ་བྱེད་པར་རྒྱ་ཅུང་ཟད་ཆེན་པོས་གཏན་འཁེལ་མཛད་ཡོད་འདུག་པར་ངས་དོ་སྣང་བྱེད་ཀྱིན་ཡོད།  སྐྱེ་འགྲོ་ཀུན་གྱི་འཚོ་བའི་གྲལ་ཤར་ཆེན་པོ་ལས་ངས་ཆེས་རྩ་ཆེན་པོ་འདོད་པ་ནི་ཆབ་སྲིད་ལམ་ལུགས་ཀྱི་རྒྱལ་ཁབ་མིན་པར་གསར་གཏོད་རང་བཞིན་དང་དུངས་ཀ་ལྡནཔའི་སྐྱེ་བོ་སོ་སོ་སྟེ་མི་གཞི་ཡིན་འདུག  མི་སྒེར་གྱིས་ད་གཟོད་ཁྱད་འཕགས་དང་དགེ་མཚན་ལྡན་པའི་དངོས་པོ་བསྐྲུན་ནུས་ལ།  མང་ཚོགས་ཀྱི་བསམ་བློ་ནི་བརྡར་ཤ་ཆོད་མེད་པ་མ་ཟད། མང་ཚོགས་ཀྱི་ཚོར་སྣང་ཡང་རྣོན་པོ་མི་འདུག  འདི་བརྗོད་དུས་ངས་མང་ཚོགས་འཚོ་བའི་ཁྲོད་ཀྱི་སྤྱོད་ངན་གང་ཞིག་ཡིད་ལ་དྲན་འོངས་ཏེ། དེ་ནི་ང་རང་སྐྱུག་བྲོ་བའི་དམག་ལས་ལམ་ལུགས་ཡིན་འདུག  སྐྱེ་འགྲོ་གང་ཞིག་ང་རྒྱལ་གྱི་ཉམས་ཚོད་ཀྱིས་དཔུང་སྡེ་རོལ་དབྱངས་དང་བསྡེབས་ནས་གྲལ་བཞི་དཔུང་སྡེ་ལས་མདུན་དུ་བསྐྱོད་པ་འདི་ཁོ་ནས་ཀྱང་ངས་ཁོ་ལ་ཞེ་ནས་མཐོང་ཆུང་བྱེད་སྲིད།  ཁོ་བོ་ལ་མགོ་བོ་ཞིག་སྐྱེས་པ་ནི་ནོར་འཁྲུལ་ཁོ་ན་ཡིན་འདུག  དོན་དངོས་སུ་སྒལ་བའི་རྩ་ཚིགས་གཅིག་གིས་ཁོ་བོའི་རེ་བ་ཡོད་ཚད་སྐོང་ཐུབ་འདུག  དཔལ་ཡོན་རྒྱལ་ཁབ་ཀྱི་ནག་ཉེས་ཆེན་པོ་འདི་རིགས་དུས་མྱུར་བ་མྱུར་དུ་མེད་པར་བཟོ་དགོས་ལ།  བློ་སེམས་རྩེ་གཅིག་གིས་བཀའ་བརྩི་བྱེད་པའི་དཔའ་བོའི་བྱ་སྤྱོད་དང་། གང་འདོད་འདོད་ཀྱི་བཙན་ཤུགས།  ད་དུང་རྒྱལ་གཅེས་རིང་ལུགས་སུ་བསྒྲགས་པའི་སྐྱུག་བྲོ་བའི་སྤྱོད་རྩིང་དེ་དག་ལ་ང་རང་སེམས་གཏིང་ནས་ཞེན་པ་ལོག་ཡོད། ངས་གཡུལ་འཁྲུག་ནི་ཧ་ཅང་གིས་མི་རུངས་པ་དང་སྤྱོད་པའི་ཐ་ཤལ་ཏུ་བརྩི་བཞིན་ཡོད།  ང་རང་ལ་གྲི་གཤར་སྟོང་ཕྲག་བྱས་རུང་ལས་ངན་སྤྱོད་ངན་ལ་འདི་འདྲ་ལ་ཞུགས་སེམས་མེད། ངས་འགྲོ་བ་མིའི་རིགས་ལ་རེ་བ་ཆེན་པོ་བཟུང་ཡོད་ལ། ཚོང་པ་དང་ཆབ་སྲིད་པ་ཚོས་སློབ་གྲྭའི་སློབ་གསོ་དང་གསར་འགྱུར་སྨྱན་བྱེད་བརྒྱུད་ནས་མི་རིགས་ཐམས་ཅད་ཀྱི་རིག་པ་ཡང་དག་པོ་ལ་དྲི་མ་འགོས་པ་མིན་ན། གཡུལ་འཁྲུག་གི་བདུད་འདྲེ་འདི་ཉིད་ལ་དུས་སྔ་མོ་ནས་ཤུལ་རྗེས་མེད་སྲིད་དོ།།
        ང་ཚོ་ལ་སྐལ་བ་ལྡན་པའི་ཆེས་མཛེས་སྡུག་གི་མྱོང་པ་ནི་ལྐོག་གྱུར་གྱི་འཚོལ་བསྙེགས་ཡིན་ཏེ།  དེ་ནི་དོན་དམ་པའི་སྒྱུ་རྩལ་དང་ཚན་རིག་མུ་མཐུད་དུ་གོང་སྤེལ་གཏོང་བའི་རྩ་བའི་མྱོང་བ་ཡིན། གལ་ཏེ་སྐྱེ་བོ་སུ་ཞིག་གིས་དེ་ལ་མྱོང་བ་མེད་པ་དང་།  དེ་རྟོགས་འདོད་ཀྱི་སེམས་ཤུགས་ཆུང་པ་དང་། དེ་ལས་ཡ་མཚར་བའི་ཚོར་སྣང་མི་འབྱུང་ན་ནི་བེམ་པོ་ཞིག་དང་གཉིས་སུ་མེད་ཅིང་མིག་ཕྱེ་ལྡོངས་པའི་གྲོགས་སུ་མཐུན།  ཆོས་ལུགས་ལས་ཞེད་སྣང་ཁ་ཤས་འདུ་རུང་དེ་ནི་ལྐོག་གྱུར་གྱི་མྱོང་བ་ཏག་ཏག་ལས་བྱུང་བ་ཡིན།  ང་ཚོས་ཀྱང་ངེད་ཅག་གིས་རྟོགས་མི་ནུས་པའི་དོན་དངོས་ཞིག་ཡོད་པར་ངོས་ཟིན་ཡོད་ལ།  ཆེས་གདོད་མའི་རྣམ་པ་ཁོ་ནས་ང་ཚོའི་སེམས་དབུས་ཀྱི་ལྐོག་གྱུར་གྱི་རིག་པ་དང་ཆེས་བཀྲ་བའི་མཛེས་སྡུག་ལ་ཚོར་བས་མྱོང་ཞིང་།  དེ་ཡང་ངོས་ཟིན་འདི་དང་དུངས་ཀ་འདིས་ཡང་དག་པའི་ཆོས་ལུགས་དད་སེམས་ཆགས་ལ། རྒྱུ་མཚན་འདི་དང་རྒྱུ་མཚན་འདི་ཁོ་ནའི་དོན་དུ་ང་ལ་ལྷད་མེད་པའི་ཆོས་ལུགས་དུངས་ཀ་ཡོད། རང་ཉིད་ཀྱི་གསར་གཏོད་བྱས་པའི་དངོས་པོ་ལ་བསྟོད་སྨད་བྱེད་པའི་ལྷ་དབང་ཞིག་ངས་ཡིད་ལ་དྲན་དཀའ་ཞིང་།  དེ་ལ་ང་ཚོས་རང་སྟེང་ནས་ཉམས་སུ་མྱོང་བའི་དེ་འདྲའི་སེམས་ཤུགས་ཤིག་ཡོད་པ་དེ་བས་ཀྱང་ཡིད་ལ་དྲན་དཀའ།  ངས་སྐྱེ་བོ་ཞིག་གི་ལུས་པོར་འཆི་བ་ཐེབས་རུང་ད་དུང་མུ་མཐུད་དུ་གསོན་རྒྱུ་ཞིག་ཡོད་པར་ཡིད་ལ་དྲན་དཀའ་ལ་དྲན་བསམ་གྱིན་ཡང་མི་འདུག  སེམས་ཤུགས་ཆུང་བའི་སྐྱེ་བོ་དེ་དག་གིས་ཞེད་སྣང་དང་བདག་འཛིན་ཁྱད་པར་གྱི་དབང་གིས་དྲན་ཚུལ་འདི་རིན་ཆེན་དཀོན་མཆོག་ཏུ་རྩིས་ཤིག  ང་རང་ཉིད་ནི་ཚེ་སྲོག་གི་རྟག་བརྟན་གྱི་ལྐོག་གྱུར་རྟོགས་འདོད་ཀྱི་རེ་བས་ཁེངས་ཤིང་།  ཕྱི་རོལ་འཇིག་རྟེན་གྱི་གྲུབ་གཞི་ཁྱད་མཚར་འདི་ཟུར་ཙམ་ཡང་མཐོང་ན་འདོད་པའི་རེ་བས་ཁེངས་ཤིང་།  དེ་བཞིན་ཧུར་ཐག་འབད་སེམས་ཀྱིས་རང་བྱུང་ཡུལ་ནས་མངོན་པའི་རིག་པའི་  ཆ་ཤས་ཤིག་གི་གོ་བ་ལོན་འདོད་ཡོད་ལ། དོན་དུ་དེ་འདྲ་ཡིན་ཚེ་གོ་རྟོགས་ཕྲན་བུ་ཐོབ་པ་ཙམ་གྱིས་ཀྱང་ངའི་ཡིད་སེམས་སྤྲོ་བས་ཁེངས་སྲིད།
①འབོལ་རྩོམ་འདི་ནི་ཨེ་དབྱི་སི་ཐཱན་གྱིས་བརྩམས་གནང་མཛད་ཞིང་། སྤྱི་ལོ1930ལོར་གླེང་སྟེགས་དང་དུས་རབས་ཞེས་པའི་དུས་དེབ་དེའི་བམ་གྲངས84པར་འཁོད་ཡོད་ལ། དེ་དུས་མཚན་བྱང་ལ་ང་ཡི་དད་པ་ཞེས་བྲིས་འདུག
② ཨེ་དབྱིན་སི་ཐཱན། ཁོང་ནི་འཇར་མན་གྱི་རིགས་རྒྱུད་ལྡན་པའི་དབྱི་ཐེ་་རིགས་ཡིན་ལ། སྤྱི་ལོ1879ལོར་སྐྱེས་པ་དང1955ལོར་སྐུ་གཤེགས། ཁོང་ནི་སྐད་དུ་གྲགས་པའི་དངོས་ལུགས་རིག་པ་སྨྲ་བ་པོ་ཡིན་པ་མ་ཟད།  བསམ་བློ་རིག་པ་སྨྲ་བ་དང་མཚན་ཉིད་རིག་པ་སྨྲ་བ་ཅན་ཞིག་ཀྱང་ཡིན། རྗེས་རབས་པས་ཁོང་ནི་དེང་རབས་དངོས་ལུགས་རིག་པའི་གསར་གཏོད་པ་དང་རྨང་འདིང་མཁན་ལ་ངོས་འཛིན་གྱིན་ཡོད་པ་མ་ཟད།  ལྟོས་བཅས་སྨྲ་བའི་གཞུང་ལུགས་ཀྱི་མཛད་པོ་ཡིན་ལ། སྤྱི་ལོ1999ལོེར་ཨ་མེ་རི་ཀའི་དུས་དེབ་དུས་རབས་གཟའ་དེབ་ཀྱིས་དུས་རབས་མི་སྣ་ཆེན་པོ་ལ་འདེམས་ཐོན་བྱུང་ཡོད།
③ཧྲུའུ་པེན་ཧཱར་ནི་སྐད་དུ་གྲགས་པའི་འཇར་མན་རྒྱལ་ཁབ་ཀྱི་མཚན་ཉིད་སྨྲ་བ་པོ་ཡིན་ལ། སྤྱི་ལོ1788ལོར་སྐྱེས་ཤིང1860ལོར་སྐུ་གཤེགས།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།