logo

ཞི་བདེ་ཉི་མའི་སྙན་ངག་འདམས་བཀོད།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-28 ཀློག་གྲངས།:


སྙན་ངག་པའི་མཚན་མོ།

མཚན་མོ་འདིར། རུས་རྐང་གི་དཀྱིལ་ན་མཆེད་པའི་མེ་ཕུང༌།
ངའི་རི་བོ་འདིའི་རླབས་ཆེ་བའི་སྐྱོ་གདུང་རེད།
མཚན་མོ་འདིར། མེ་ཕུང་དེ་རྒྱལ་སྲས་དག་གི་དཔལ་འབར་ལྟར།
ཁྱིམ་གཞིས་གང་མང་གི་སྔས་མགོར་ཚ་དྲོད་ཀྱིས་བབས།
ཁ་བའི་ལྷག་མ་ཁྱེར་བའི་རྒྱུ་སྐར་ཚོགས།
བྲག་རིའི་ཁ་གཏད་དུ་ཤར་ནས། མེ་ཕུང་གི་བཟོ་ལྟར་བསམ་བློ་ཁ་ཤས་བསྣན།


མཚན་མོ་འདིར། ཟླ་འོད་དཀར་པོ་འཁྱིལ་བའི་བྲག་རྡོའི་ཕང་དུ།
གནའ་བོའི་སྐྱུག་ལྡད་འཕྲོག་པའི་རྔོན་པ་ཡོང་མི་སྲིད།
མུན་ནག་ལས་ཀྱང་འཇགས་པའི་རི་ཚོགས།
ངའི་བརྩེ་མདངས་དང་རྦད་སེམས་ཀྱི་གནས་མལ་ཡིན།
མཚན་མོ་འདིར། ཐབས་ཅད་ཞི་བདེ་ཡི་ཆེད་དུ་འཚོ།
ངའི་དབུགས་རྒྱུ་ནི། རི་བོ་འདིའི་གྲགསའགུལ་ཉག་གཅིག་རེད།
དོ་ནུབ། ང་བསམ་བློ་ཁ་ཤས་ལ་གྱེས་བྲལ་བྱེད་འོས།
ཁྱེད་ཅག་ཀྱང༌། ངའི་རྗེས་སུ་དཔལ་འབར་ལེན་དུ་ཤོག


ང་ཚོས་རླུང་བུ་ཞིག་གི་འཇོན་ཐང་ལ་མགོ་བོ་བསྙེས་ནས།
ཟུངས་ཁྲག་གི་འོད་སྟོང་རྙེད་མི་སྲིད།
རི་ཚོགས་གང་མང་གི་འབྱོར་ཕྱུག་ནི།
ཉི་མ་དང་བྱ་རྒོད་ཀྱི་དགོས་མཁོ་རེད།


མཚན་མོ་འདི་དག ངའི་མདུན་ན་འཇགས།
ས་ཆེན་གྱི་ཕུགས་འདུན་ཁྱེར་བའི་སྐར་ཚོམ་དེ།
ལམ་ཆེན་གྱི་བར་སྣང་དུ་དཔུང་ཆེན་ལྟར་བཞུར་དུས།
ང་ཚོའི་འདོད་བློ་ནི་ལུ་གུ་ཇི་བཞིན་འཇམ་པ།
སུ་ཞིག་གིས་བདེན་ལུགས་ངང་གསེད་བཀྲོལ་བྱེད་མྱོང༌།


མཚན་མོ་འདིར། ང་ལ་རི་རབ་དང་སྐར་ཚོགས།
ད་དུང༌། འདོད་མོའི་ལུག་ཁྱུ་དཀར་པོ་ཡོད།
མཚན་མོ་འདིར། ང་ནི་ཞི་བདེ་ཇི་བཞིན་འཇམ།
ལྷ་ཆེན་གྱི་འོད་སྟོང་ཁྲོད་འཚོ་བའི་རྒྱལ་སྲས་ཚོགས།
མྱུ་གུ་དང་ཐ་སྙད་ཕྱར་ནས། ང་ལ་ཟུངས་ཁྲག་གླེང་བར་ཡོང༌།
ང་ཚོ་ཕན་ཚུན་ཁ་གཏད་དུ་བསྡད་དེ།
སྒྲོན་མེ་རྐང་གཅིག་སྦར་ནས། རང་རང་གི་རྨ་ཁ་བཙལ།
སྐྱོ་གདུང་ཁྱོར་གང་བཟུང་ནས། འཇིག་རྟེན་ལ་གནས་ཚང་གླེང༌།


མཚན་མོ་འདིར། སྙན་ངག་པར་བསམ་བློ་མང༌།
མཚན་རླུང་ཁྲོད་ཞུམ་པའི་མར་མེ་ཚོགས་ཀྱང༌།
ངའི་སྙན་ངག་ཁྲོད། དགུང་ལྗོངས་ཀྱི་སྐར་ཚོགས་བཞིན་འདར།


དོ་ནུབ། ངའི་ནམ་མཁའ་དང་རྒོད་པོའི་ཚོགས་ནི།
ང་དང་སྒྲོན་འོད་ལ་རྒྱང་ཐག་ཅི་འདྲའི་ཉེ།
1995.6.5བྲིས།


རྒོད་པོ་འཕུར་སོང་།

སྨུག་པ་དེ་ཡལ་རྗེས།
རྒོད་པོ་དེ་སྔ་མོ་ནས་འཕུར་ཚར།
རི་དེ་ཆག་གྲུམ་ཅི་ཡང་མེད་པར།
རྔམ་བརྗིད་ངང་ང་ལ་བཞག་སོང་།
གཞིས་དེ་དབེན་ཐིང་ངེར་ང་ལ་བཞག་སོང་།


རྒོད་པོ་དེ་འཕུར་རྗེས།
ང་ཧ་ཅང་བརྟན།
གླུ་བླངས་པའི་ལོ་ཟླ །
ཐང་ཆེན་པོའི་ལོ་ཟླ།
ནགས་ཚལ་གྱི་ལོ་ཟླ།
ད་དུང་ངའི་རུ་སྡེ་ན་འགྲོ


སྨུག་པ་དེ་ཡལ་རྗེས།
ང་གཞི་ནས་སད་བྱུང་བ་འདྲ།
ངས་ཀི་ཅོ་ཞིག་འདོན་དགོས།
རྒོད་པོ་དེས་ཐེངས་ཤིག་ཉན་རྗེས།
བྲག་ཐེམ་ལ་བསམ་བློ་གཏོང་ངེས།

         
རྒོད་པོ་དེ་འཕུར་རྗེས  །
ལྕམ་སྲིང་དག་གིས་རི་སྒང་གི་སྨུག་ཞགས་ཁྲོད།
རང་ཉིད་ཀྱི་རླུང་རྟ་ག་ལེར་གཏོར།
དེ་ནི་ཁྱོད་འཕུར་ཤུལ་གྱི་དགོས་མཁོ་རེད།
དེ་ནི་ང་ཐང་ཆད་པའི་ཁ་གསབ་རེད།


རྒོད་པོ་དེ་འཕུར་ཤུལ་དུ།
ངས་ཞེ་འཁོན་གང་ཡང་གླེང་མ་མྱོང་།
རླུང་གི་རྒྱུ་ཕྱོགས་དེས།
ང་ལ་སེམས་གསོ་ཕྲན་བུ་གནངས།


རྒོད་པོ་དེ་འཕུར་རྗེས།
ང་ལ་ཆག་སྒོ་གང་ཡང་མ་བྱུང་།
ངས་ཉི་ཤར་དང་ཉི་ནུབ་ཀྱི་འཁོར་བསྐྱོད་ཁྲོད།
སྒོ་མོ་དེ་ལན་གང་མང་ལ་ཕྱེས་ནས།
བྱ་ཁྱུ་དེའི་འཕུར་སྟངས་ལ་མཛུབ་རྩིས་ལན་མང་བརྒྱབ།
2005-8-28ཉིན

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།