རྨེ་རུ་ཕག་མོ་ཚེ་བརྟན་གྱི་ཚིགས་བཅད་སྙན་ངག་ཐུང་ངུ་ཞིག
ཨེ་མ་མང་པོའི་ཚོགས་འདི་ཨ་ཧོ་རྨད།
རྨེ་རུ་ཕག་མོ་ཚེ་བརྟན།(ཉི་ཧོང་། )
ལྷ་སའི་གྲོང་ན་བཙུན་པའི་འདུར་བརྒྱུགས་རྒོད།།
ཁམས་ཀྱི་ཕྱོགས་སུ་མཁན་པོའི་བསྟན་པ་རྒྱས།།
མདོ་སྨད་ཡུལ་ཏུ་མཁས་པའི་བ་དན་གཡོ།།
ཨེ་མ་མང་པོའི་ཚོགས་འདི་ཨ་ཧོ་རྨད།།
ཟི་ལིང་མཁར་ན་བོད་ཁྱིམ་སྨུག་པོ་མོད།།
བོད་མིའི་ཁྲོམ་ན་སྤྲང་པོའི་འདུ་ལོང་འཁྲིགས།།
དུག་གི་ཉིང་ཁུའི་ཀློང་ན་དཔའ་སྤོབས་རྒྱས།།
ཨེ་མ་མང་པོའི་ཚོགས་འདི་ཨ་ཧོ་རྨད།།
གཅན་ཚའི་ཡུལ་ན་ཤོ་བརྒྱག་འཕྲིན་ལས་དར།།
སོག་རྫོང་ཡུལ་ན་དཔའ་བོ་ཁེར་འགྲོ་མང་།།
ཡུལ་ཤུལ་པ་ཡི་སྣང་བ་དགོང་ལས་མཐོ།།
ཨེ་མ་མང་པོའི་ཚོགས་འདི་ཨ་ཧོ་རྨད།།
བོད་ཁམས་ཡུལ་ན་སྤྲུལ་སྐུ་རྫིག་པོ་མང་།།
མིག་རེ་བཙིམས་ན་ཕྱི་མ་མཁྱེན་མཁན་མང་།།
གྲྭ་བ་རྫུན་མས་སྐར་མར་ཅོ་འདྲི་བྱེད།།
ཨེ་མ་མང་པོའི་ཚོགས་འདི་ཨ་ཧོ་རྨད།།
འཁོར་བར་ངེས་འབྱུང་སྐྱེས་པའི་དགེ་བཤེས་མང་།།
སྡེ་བཞིའི་ནོར་ལ་རྔམ་པའི་ཨ་ཁ་མང་།།
ཙི་ནའི་ཡུལ་ན་འཁྱམས་པའི་སློབ་དཔོན་མང་།།
ཨེ་མ་མང་པོའི་ཚོགས་འདི་ཨ་ཧོ་རྨད།།
རང་ལྟ་མཆོག་ཏུ་སྒོམ་པའི་དགེ་རྒན་མང་།།
རང་སྤྱོད་དྲང་བོར་སེམས་པའི་སློབ་མ་མང་།།
བོད་འདི་མང་པོའི་ཚོགས་ཀྱི་མཛོད་ཡིན་པས།།
ཨེ་མ་མང་པོའི་ཚོགས་འདི་ཨ་ཧོ་རྨད།།
༢༠༡༣ ལོའི་ཟླ ༠༢ ཚེས༠༢ཉིན་ཏུང་ཅིན་ནས་སྦྱར།