logo

ལྷ་མགོན་གྱི་སྨྱུག་རྩེར་བསྒྱུར་བའི་སྙན་ངག་ཚན་པ་འགའ།

རྩོམ་པ་པོ།:ལྷ་མགོན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-26 ཀློག་གྲངས།:
རྟ་འདོ་བ། སྡེ་ཆེན་པའི་གསང་ལམ་ཉུལ་དུས།
རོགས་ཆུང་ལོར་ཕྱི་སྐོར་རྒྱག་དུས།
འུ་གཉིས་ཀྱི་འགྲུལ་བཞུད་ལ་ངལ་དུབ་ཡོད་མྱོང་ངམ།

རྟ་འདོ་བ། ས་ཆེན་པོ་འདི་ལེབ་ཀྱིས་གཅོད་དུས།
ཆུ་གཙང་མོ་དེར་འཕྲེད་ཀྱིས་བརྒལ་དུས།
སྒྲོག་སུམ་རྩ་དེའི་བགག་རྒྱ་གཏོར་ཤོག

དྲན་གདུང་གི་མི་ཚེ།

དཔྱོད་ལྡན་བླ་མར་ལུང་བསྟན་གསར་བ་ཞིག །
དྲིན་ཆེན་ཕ་མར་བཀའ་ལུང་བཙན་པོ་ཞིག །
གཞོན་ནུ་གཉིས་ལ་ལས་དབང་ངན་པ་ཞིག །
ཐོད་པའི་ཁ་ཡིག་ཁ་ཕྱོགས་གཉིས་ལ་བྲིས།།

སྡེ་ལུང་མཐའ་ན་མོ་ལ་དྲན་གདུང་ཞིག །
རང་སྡེའི་གྲལ་ན་ཁོ་བོར་གདུང་སེམས་ཤིག །
སྡེ་མཐའ་རེ་ན་དྲན་གདུང་གཉོམ་པོ་རེ།།
དྲན་གདུང་རེ་ལ་སྡུག་བསྔལ་ལྕི་མོ་རེ།།

མཛའ་མོའི་མལ་ན་མཛའ་མོར་རྨི་ལམ་ཞིག །
མཛའ་བོའི་མལ་ན་མཛའ་བོར་རྨི་ལམ་ཞིག །
མལ་ས་རེ་ན་རྨི་ལམ་ཞིམ་པོ་རེ།།
རྨི་ལམ་རེ་ལ་དངན་པ་རིང་མོ་རེ།།
སེམས་ཀྱི་སྨྲེང་བ་སྐྱི་བསེར་རླུང་ལ་བསྐུར།།
ལོ་ཟླའི་འཁོར་ལོ་རུས་སྦལ་འགྲོས་དང་བསྟུན།།
ལང་ཚོའི་མེ་ཏོག་དྲན་གདུང་ཆར་གྱིས་ཟག།
མི་ཚེའི་རྣམ་ཐར་རེ་སྒུག་རི་མོས་བྲི།།

 གཙང་བཞེས་གནོངས་དང་།

ཤག་ཤག་འཇོ་བའི་དྭངསས་གཙང་གི་ཆབ་རྒྱུན་མངར་མོ།
གློ་སྙིང་མཆིན་གསུམ་གྱིས་ཕུལ་བའི་མཆོད་ཆང་མིན་ནམ།
གཙང་བཞེས་གནོངས་དང་། འདི་ལ་ལྗན་ལྗིན་གྱི་དྲི་མ་མེད།
བསིལ་བསིལ་རྒྱུ་བའི་དྲོད་འཇམ་གྱི་མཁའ་དབུགས་ཡངས་མོ།

དུངས་ཞེན་གྱི་སྨྲེང་གླུ་ཁུར་བའི་བསིལ་རླུང་མིན་ནམ།
ཤུགས་ཀྱིས་རྔུབས་དང་། འདི་ལ་རབ་རིབ་ཀྱི་མུན་པ་མེད།
ལྷུག་ལྷུག་བརྗོད་པའི་སེམས་གཏིང་གི་སྐད་ཆ་མང་པོ།
དྲང་བདེན་གྱི་མ་ལོས་གནང་བའི་སྙིང་གཏམ་དྲོན་པོ་མིན་ནམ།

ཡིད་ཆེས་མཛོད་དང་། འདི་ལ་བཅོས་མ་ཡི་འཛུམ་མདངས་མེད།
ནེམ་ནེམ་སྨིན་པའི་མེ་ཏོག་གི་འདབ་མ་འཇམ་པོ།
དྲན་ཤིང་གི་བུ་མོར་བཏབ་པའི་སྨོན་ཚིག་མིན་ནམ།
ཡུན་གྱིས་བཏུས་དང་། འདི་ལ་དུག་ཚེར་གྱི་ལོ་མ་མེད།

ངའི་ཡུལ་ལྗོངས་ཀྱི་མེ་ཏོག་མ།
ངའི་ལྷག་བསམ་གྱི་དྭངས་མ་ཡོད་ཚད།
གཙང་བཞེས་གནོངས་དང་།

གཅེས་ཕྲུག་ཚོ། མེ་ཏོག་འཐུས།

ངའི་བརྩེ་ཞེན་གྱི་ལུག་ཁྱུ་སྒོར་སྒོར།
ཅེ་སྤྱང་གི་འཚེ་བ་མེད་པའི་སྤངས་ངོགས་ནས་འཕེལ་ཤོག
གཅེས་ཕྲུག་ཚོ། མེ་ཏོག་འཐུས།
བྱིས་དུས་ཀྱི་རྩེད་འཇོ་ཡི་གར་འོང་།
བྱིས་དུས་ཀྱི་སེམས་པར་དྲི་མ་མེད།
བྱིས་དུས། ཨ་ཕའི་སེམས་ཁུར་གྱི་མིག་ཆུ་ཡིན།
བྱིས་དུས། ཨ་ཕའི་རེ་ལྟོས་ཀྱི་མྱུ་གུ་ཡིན།

བྱིས་དུས་ནི་རང་ཉིད་ཀྱི་འཇའ་ཚོན་ལྟ་བུའི་རྨི་ལམ་ཡིན།
ཁྱོད་ཚོ་ནི་ཕ་གཞིས་ཀྱི་མཛེས་སྡུག་ཡིན་པས།
གཅེས་ཕྲུག་ཚོ། མེ་ཏོག་འཐུས།

རྫ་ཆུ་བཞིན་གཙང་བའི་གཤིས་ཀ་དྭངས་མོ།
ནག་ནོག་གི་དྲི་མ་མེད།
གློག་ཞགས་ལྟར་མྱུར་བའི་བློ་རིག་སྐྱེན་པོ།
ཡ་ཡོག་གི་འགྱུ་བ་མེད།
བལ་ཐིག་བཞིན་ལྷོད་པའི་སེམས་འགྱུ་ཕྲ་མོར།
གཅོང་རོང་གི་བཀག་རྒྱ་དཀོན།
ཡོད་ཚད་ལྟ་ན་སྡུག་པའི་བྱིས་དུས་འདིར།
ཀ་ཁའི་དབྱངས་རྟ་འཁྱིལ་བའི་ནེའུ་གསིང་དུ།
གཅེས་ཕྲུག་ཚོ། མེ་ཏོག་འཐུས།
སྨག་རིམ་གྱི་འཇིག་པ་མ་མཐོང་བའི་ཞོགས་པ་སྔ་མོར།
དགུན་གཞུང་གི་ཁ་བས་མ་མནན་པའི་དབྱར་ཟླ་དྲོན་མོར།
སྟོན་རླུང་གི་སྤུ་གྲིས་མ་གཏུབ་པའི་དཔྱིད་ཟླ་མགོ་མར།
གཅེས་ཕྲུག་ཚོ། མེ་ཏོག་འཐུས།
ངས་འདང་རྒྱག་གི་ཟབ་ས་ནས་ཁྱོད་ཚོར་བལྟས་ཡོད།

ངའི་གཤོག་མཐུན་ཚོ།

གཤོག་རྡང་མ་ཐོར་བའི་ཁྲུང་ཁྲུང་གི་ཁྱུ།
གནས་འདི་ནས། མཚོ་སྔོན་པོའི་མཐིང་མདོག་གི་རེ་ཁཱ་ཁུར་ཏེ་ལམ་ལ་ཆས།
ཁོར་ཡུག་གི་དྲོད་འཇམ་གྱི་ཐུ་འོག་ནས་སད་པའི་གཤོག་མཐུན་ཚོ།
མཛའ་མཐུན་གྱི་འདབ་གཤོག་རེ་རེར།
སྙིང་སྡུག་སུ་ལ་བསྐུར་འོས་པའི་གསང་འཕྲིན་རུམ།
གྲིམ་ལྷོད་མ་ཤོར་བའི་བརྩེ་འདུན་རེ་ལ།
གཏན་གྲོགས་སུ་ལ་བཞག་པའི་དམ་ཚིག་ཉར་ཡོད།
སྟོན་མཇུག་གི་སྡོང་ལོ་བཞིན་འཐོར་བའི་གཤོག་མཐུན་ཚོ།
ཁ་བཏགས་ལྟ་བུའི་ལྷག་བསམ་གྱི་ཐིགས་པ་རེ་གཏོར་དང་།
མདུན་ལྗོངས་ཀྱི་སྤང་ཐང་དེ་ན།
ལྷད་མ་ཞུགས་པའི་དྭངས་གཙང་གི་སེམས་པ་འབུས་ཡོད།
དུས་ཚིགས་ཀྱི་འཛུམ་མདངས་ཁུར་བའི་གཤོག་མཐུན་ཚོ།
ཁུ་བྱུག་བཞིན་སྙན་པའི་འཕྲིན་བཟང་རེ་སླར་ཡང་སྒྲོགས་དང་།
རྒྱང་རིང་གི་ལུང་ཁོག་དེ་ན།
འཕག་མ་ཐུབ་པའི་གྲོང་ཚོ་དེ་ད་རུང་གཉིད་ལ་ཡུར་ཡོད།
ངའི་ཡིད་ཀྱི་མེ་ཏོག་ལྟ་བུའི་གཤོག་མཐུན་ཚོ།
གྲང་འདར་གྱིས་སྐྱོམས་པའི་མིང་སྲིང་ཚོའི་ཆེད་དུ།
རྟག་བརྟན་གྱི་གནས་ཚང་དེ་རུ།
ཁ་དོག་ལྡན་པའི་མཁའ་དབུགས་རེ་བསྐྲུན་དང་།
དུས་རབས་གཉིས་ཀྱི་དཀྱོགས་མཚམས་ན་འགྲེང་བའི་ལམ་པ་དེ་ང་ཚོ་ཡིན།

སྙན་ངག

སྙན་ངག རྒས་རྒྱུ་མེད་པའི་ཕོ་གསར་ཞིག་གི་དཔའ་ཉམས་ཡིན།
སྙན་ངག བསམ་རྒྱུ་མེད་པའི་བུ་མོ་གོ་རྒས་ཤིག་གི་ཞོར་ཟས་ཡིན།
སྙན་ངག བུ་ཆུང་བཙོན་དུ་ལྷུང་བའི་ཨ་མ་བགྲེས་མོ་ཞིག་གི་མིག་ཆུ་ཡིན།
སྙན་ངག གནས་ལ་བཙན་གྱིས་བརྫངས་བའི་བུ་མོ་ཞིག་གི་སེམས་གཞས་ཡིན།
སྙན་ངག བྱིས་པ་བསམ་མེད་ཅིག་གི་ཨ་མའི་གམ་གྱི་རྩེད་འཇོ་ཡིན།
སྙན་ངག ཕ་བུ་ལྷན་དུ་འཛོམས་པའི་གོ་ཁའི་ལྷུག་བརྗོད་ཡིན།
སྙན་ངག རི་དྭགསས་རྨས་མ་ཞིག་གིས་རྫ་ལ་བྲིས་པའི་ལོ་ཟླའི་ཆགས་འཇིག་ཡིན།
སྙན་ངག ཡང་ཡང་ཁྲུས་ལ་ཞུགས་པའི་མི་ཚེ་ཞིག་གི་འོད་མདངས་ཡིན།
སྙན་ངག གཡང་ལ་ལྷུང་བའི་བུ་ཆུང་ཞིག་གི་རུས་རྐང་གི་ཟུག་གཟེར་ཡིན།
སྙན་ངག དགྲ་བོའི་སོ་ཁར་མཆོངས་པའི་དཔའ་བོ་ཞིག་གི་ཀི་སྒྲ་ཡིན།

འབྲེལ་ཡོད་འོས་སྦྱོར།