ཚེ་བརྟན་རྒྱལ་པོའི་མུ་འབྲེལ་སྙན་ངག་ཚན་པ་གཉིས།
དངོས་མིང་། ཚེ་བརྟན་རྒྱལ་པོ།
སྨྱུག་མིང་། སྐྱིད་སྟོད་པ་ཚེ་རྒྱལ།
ཕ་ཡུལ། འཕན་པོ་ལྷུན་གྲུབ་རྫོང་མཁར་རྩེ་སྐྱབས་གནས།
སློབ་གྲྭ། བོད་ལྗོངས་སློབ་ཆེན།
དུས་གསུམ་མུ་འབྲེལ་སྙན་ངག
ཁ་སང་ཕ་ས་གྲང་གིས་མནར་ནས་དྲོད་ཀྱིས་རྒྱས་པའི་ཁོམ་མ་བྱུང་།།
ཁ་སང་དགུན་ཁའི་སླེབས་མྱུར་མགྱོགས་པས་དཔའ་རྩལ་ངོམས་པའི་སྟེགས་མི་རྙེད།།
ཁ་སང་སྒེར་དོན་བརྩེགས་སུ་འཛིན་པའི་སྤྱི་དོན་བསམ་མཁན་མི་ཉུང་ཉུང་།།
ཁ་སང་ཕྱི་རྐྱེན་ནང་རྐྱེན་མང་པོས་གངས་རིའི་ལྗོངས་སུ་སྐྱོ་གར་མང་།།
དེ་རིང་ས་མཐོའི་བུ་ཕྲུག་མང་པོར་འཛམ་གླིང་འགྲིམ་པའི་དུས་བཟང་ཤར།།
དེ་རིང་རིགས་ཞེན་སྤུན་ཟླ་མང་པོས་གཉིད་ལས་སད་པའི་སད་སྒྲ་བསྒྲགས།།
དེ་རིང་ས་ཆ་གང་ས་གང་དུ་གངས་བུས་བཏོད་པས་ཚན་རིག་འདུག།
དེ་རིང་ང་ཚོར་གང་ནས་བལྟས་ཀྱང་གོམ་པ་སྤོ་བའི་ལམ་ཞིག་འདུག།
མ་འོངས་ང་ཚོའི་བུ་ཚའི་མདུན་ལམ་དེ་རིང་ང་ཚོའི་ལག་ན་འདུག།
མ་འོངས་ཕ་སའི་འཕེལ་རྒུད་དེ་ནི་དེ་རིང་ང་ཚོའི་ལས་ནས་ཤེས།།
མ་འོངས་དུས་སུ་ཡ་གླིང་གཡོམས་པའི་མེས་པོའི་སྙིང་སྟོབས་བླུད་ནས་ནི།།
མ་འོངས་གངས་རིའི་དག་ཞིང་འདི་ན་ང་ཚོས་གཏོད་པའི་ལོ་རྒྱུས་དགོས།།
འཇའ་ཚོན་འཛིན་མཁན་བྱིས་པ་ཚོ།།
བྱིས་པ་ཚོས་འཇའ་ཚོན་དེད་དུས།
ངས་འདི་འདྲ་ཞིག་དྲན་འོང་།
མཛེས་སྡུག་གིས་བརྒྱན་པའི་འཇའ་ཚོན་དེ།
ཨ་མའི་པ་ཕྲུག་ཏུ་སྒྲོན་རྒྱུ་བྱུང་ན།
ཨ་མའི་སེམས་ཁར་སྤྲོ་བ་རྒྱས་སྲིད།
བྱིས་པ་ཚོས་འཇའ་ཚོན་ལ་ལྟ་དུས།
སླར་ཡང་། ལོ་ཡིས་ཉག་མས་ཚོས་པའི་སྒྲུང་ཞིག་
བསླུ་བྲིད་ངར་མ་བཏགས་པའི་སྒྲུང་ཞིག་འཁོར་གིས།
ཁྱི་དམར་པོས་གཞོན་རྟ་བྱས།
ཁྱི་བྲུན་ནག་པོའི་སྐེ་སྐོར་གྱོན་དགོས་པའི་སྒྲུང་སྙན་མོ་ཞིག
འཇའ་ཚོན་འཛིན་པའི་ཐབས་སུ་སྐྱེས་འོངས།
རྨི་ལམ་ལྟ་བུའི་འཇའ་ཚོན་དེས།
རྨི་ལམ་ལྟ་བུའི་ཐབས་ཤེས་དེས།
ངའི་བྱིས་དུས་ཀྱི་དུས་ཚོད་འཕྲོག་པ་ཧ་ཅང་མང་།
བྱིས་དུས་ཀྱི་འཇའ་ཚོན།
ངས་སྒྲུང་གཏམ་གསེང་ནས་ཁྱེད་རང་དེད་ཡོད།
ངོམས་རྒྱུ་དང་རེག་རྒྱུ་མེད་པའི་ཁྱེད་ཀྱིས་མཛེས་པ།
ངའི་རྨི་ལམ་བཅོམས་མཁན་གྱི་ཁྱི་དམར་པོ།
བྱིས་པ་ཚོས་འཇའ་ཚོན་ལ་རེ་དུས།
ངས་ ཁྱི་དམར་བཞོན་པའི་ང་རང་།
ང་རང་བཞོན་པའི་ཁྱི་དམར་དེར་མཐོང་གིས།
བྱིས་པ་ཚོས་འཇའ་ཚོན་ལ་སྙེགས་དུས།
ངས་ཡང་སྐྱར་འཇའ་ཚོན་དང་ཁྱི་དམར་འདྲ་བའི་ང་རང་བཙལ་ན་འདོད།
ང་རང་ཁྱི་དམར་དང་ལྷན་དུ་འཇའ་ཚོན་གྱིས་འཛིན་གིས།
ང་རང་ཁྱི་བྲུན་དང་འདྲ་རུ་འདྲ་རུ།
འཇའ་ཚོན་གྱིས་འཐེན་པའི་ང་དང་ང་ཚོས།
ད་དུང་བྱིས་པ་ཚོས་འཇའ་ཚོན་འཛིན་པའི་རྣམ་ཐར་བསྐྱོངས་གིས།
འཇའ་ཚོན་དང་བྱིས་པ།
ཁྱི་དམར་དང་ཁྱི་བྲུན།
ང་དང་ང་ཚོ།