བཀྲ་ཤིས་རྒྱལ་གྱི་རང་མོས་སྙན་ངག་ཁག་གཉིས།
ཁ་བ་ཅན།
ཡར་ཀླུང་ནས་ཆས་དུས
ང་ནི་ཀླ་ཀློ་ཞིག་ཡིན
ལོ་མའི་ལྭ་བ་གྱོན་ནས
ཤིང་གི་སིལ་ཏོག་བཟའ་དུས
ང་ལ་སྤྲེའུ་བྱང་ཆུབ་དང་བྲག་གི་སྲིན་མོའི་རྣམ་ཐར་སྤྲས་ཡོད
དབུས་གཙང་གི་གཞི་རུ
ང་ལ་ཆོས་ཀྱི་རྣམ་ཤེས་ཞུགས་ཡོད
མ་ནི་ཡིག་དྲུག་བསྒྲེང་ནས
ཕྱག་གི་གནམ་ས་འགྱེད་དུས
ང་ལ་ལྐོག་གྱུར་དང་གསང་བའི་ཤུགས་ཀྱི་མངོན་མཁྱེན་ཞིག་སྦས་ཡོད་སྐད
ཁམས་ཕྱོགས་ནས་འགྱིངས་དུས
ང་ནི་དཔའ་བོ་ཞིག་ཡིན
ལྕགས་ཀྱི་མཚོན་ཆ་བསྣམས་ནས
ནང་ལ་བརྙས་བཅོས་བྱེད་དུས
ང་ལ་སྤོབས་པ་དང་ང་རྒྱལ་གྱིས་བསྟམས་པའི་བསམ་བློ་ཞིག་ཆགས་ཡོད་སྐད
ཨ་མདོ་ན་བཞུགས་དུས
ང་ནི་མཁས་པ་ཞིག་ཡིན
ལེགས་ཉེས་བླང་དོར་མ་འབྱེད
རང་འཚང་དམར་རྗེན་ཕུད་དུས
ང་ལ་ཁྱོད་ཤི་དང་ང་གསོན་གྱི་ཕྲག་དོག་ཅིག་གིས་མནར་ཡོད་སྐད
ང་རང་རྒས་དུས
འགྱོད་པ་སྐྱེ་འོང
གང་ནས་ཡོང་བ་མ་ཤེས
གང་དུ་སོང་བའང་ཆ་མ་འཚལ
དོན་དངོས་སུ་ང་ནི་རང་ཉིད་སྤྲང་བོར་གཏོང་བའི་གླེན་པ་ཞིག་རེད
ཁྱོད
གཞན་གྱི་བཤད་ཚོད་ལ
ང་ཁྱོད་དང་རྒྱང་གྱེས་ཀིན་འདུག་ཟེར
དོན་དངོས་སུ་ང་ནི་ནམ་ཡང་ཁྱོད་ཀྱི་གཅེས་ཕྲུག་དེ
ང་རྒྱལ་གྱི་གཤོག་ཟུང་ཇི་ལྟར་བརྐྱངས་ཀྱང
ཁྱོད་ཀྱི་མཁའ་དབྱིངས་ནས་བརྒལ་མ་ཐུབ
གནའ་གཏམ་དང་ངག་རྒྱུན་གྱི་བག་ཆགས་ཤིག་གིས
ཆུང་དུས་ཀྱི་བདག་གི་བློ་ངོར
ཁྱོད་ནི་གསང་བ་དང་སྒྱུ་མས་གཏམས་པའི་ལྷ་སྒྲུང་གི་འཇིག་རྟེན་ཞིག་རེད
ལོ་རྒྱུས་ཀྱི་བང་སོ་བསླགས་ཤིང་རྣམ་ཐར་གྱི་མེ་ལོང་ལ་ཆགས་དུས
ཁྱོད་ནི་དུངས་པ་ཞིག་གི་ཆེད་རང་ཉིད་འབོར་སྲིད་པའི་དཔའ་བོ་ཞིག་རེད
མང་པོ་ཞིག་གིས་ཁྱོད་ལ་དམོད་མོ་རྒྱག་ཀིན་འདུག
ཁོ་ཚོས་ཁྱོད་ཀྱི་གླེན་རྟགས་དང་ཨུ་ཚུགས་ཁོ་ན་གླེང་ཀྱིན་འདུག
ཡིན་ནའང་ཁོ་ཚོ་ནམ་ཡང་ཁྱོད་ཀྱི་མངའ་ཐང་ནས་འཕུར་མ་ཐུབ
འུད་བསྟོད་ཀྱིས་རང་ཉིད་བརྒྱན་ཞིང
ངོ་མཚང་གིས་གཞན་སྲོག་གཅོད་པ་དེ
ཁྱོད་ཀྱི་སྐད་ཆ་མིན
སྒེར་སེམས་ཀྱི་མེ་དཔུང་འབར་ཞིང
འཚེ་སེམས་ཀྱི་གནམ་ས་གཡོ་བ་དེ
ཁྱོད་ཀྱི་བསམ་བློ་མིན
ཕྲག་དོག་གི་རལ་གྲི་རྣོ་ཞིང
སྒྱིད་ལུག་གི་རྔམ་ཁ་མཐུག་པ་དེ
ཁྱོད་ཀྱི་རང་གཤིས་མིན
དེ་བས ངས་རྫོབ་དྲེག་པའི་གྲོང་ཁྱེར་གྱི་གྲུ་ཁ་འདི་ནས
དུས་ནམ་ཡང་ཁྱོད་ཀྱི་དྭངས་གཙང་གི་མཁའ་དབུགས་དེ་བརྔུབ་ན་འདོད
གང་ལྟར་ཁྱོད་ནི་ང་ཚོ་སྲུང་བའི་མཁར་རྫོང་བརྟན་པོ་དེ་ཡིན
ཁྱོད་ལ་ཇི་ལྟར་བློ་གཏོད་པ་དང་རྒྱ་བསྐྱེད་པ་དེ
ང་ཚོ་སྟེ ཁྱོད་ཀྱི་རྒྱུན་སྲུང་བའི་ནུས་པའི་སྟེང་ན་ཡོད
ཁྱོད་རང་རྟེན་དུ་འཇོག་པ་ནི་ང་ཚོའི་འོས་འགན་མིན་ལ
ཁྱོད་ཀྱི་རྩ་བ་རྫོགས་པའང་ང་ཚོའི་འཕེལ་རྒྱས་མིན
ཁྱོད་ལ་དུས་རབས་ཀྱི་མཛེས་ཆས་སྤྲས་ཤིང
ཁྱོད་ཀྱི་ཚེ་སྲོག་གི་གཟུང་ཐག་དམ་མཁན་དེ
ང་ཚོ་སྟེ ཁྱོད་ཀྱི་འོ་ཞོ་འཐུང་བའི་གཅེས་ཕྲུག་གི་ཚོགས་ཡིན་ལ
ང་ཚོའི་རྟག་བརྟན་གྱི་ཁ་ཏན་ཡང་ཡིན་འོས
མཚོ་སྔོན་དགེ་ཐོན་སློབ་ཆེན་མི་གཞུང་སློབ་གླིང་། བཀྲ་ཤིས་རྒྱལ།