སྙན་ངག་གི་བསྟན་བཅོས་གྲགས་ཅན《སྤྲིན་གྱི་ཕོ་ཉའི》འགྲེལ་བ་རགས་བཀོད།༢
སྙན་ངག་གི་བསྟན་བཅོས་གྲགས་ཅན《སྤྲིན་གྱི་ཕོ་ཉའི》འགྲེལ་བ་རགས་བཀོད།༢
སྟག་རིག་འབྲུག་ཐར།
ང
ཕྱུགས་བདག་གླང་ཆེན་པགས་རློན་འདོད་བཞིན་གྱོན་ནས་གར་ནི་རྩོམ་པ་འཕྲོགས་པར་གྱུར་པ་བཞིན།།
ཁྱོད་འོངས་སྔ་དྲོའི་ཐུན་མཚམས་ཉི་གཞོན་དམར་བའི་འོད་ཀྱིས་དམར་བའི་ཆུ་སྐྱེས་འཛིན་བྱེད་ཅིང༌།།
རྒྱབ་ནས་མཐོ་བའི་ལག་པ་ཟླུམ་པོའི་ནགས་ཀྱི་ཤིང་ཆེན་དག་གིས་བརྒྱངས་ནས་འཛིན་ཅིང་གནས།།
ཞི་བའི་ཆར་རྒྱུན་འབབ་ཚེ་རི་ཡི་སྲས་མོས་གཡོ་མེད་མིག་གིས་གུས་པས་ལྟ་བར་བྱེད།།
ཅེས་གསུངས་པ་ནི། ཕྱུགས་བདག་དབང་ཕྱུག་ཆེན་པོས་ཁྲག་གིས་འཚོས་པའི་གླང་ཆེན་གྱི་པགས་པ་རློན་པ་ཀུན་ནས་དམར་བ་གོས་སུ་འདོད་པ་བཞིན་གྱོན་ནས་ཞི་བའི་གར་སྤངས་ནས་དྲག་པོའི་ཉམས་སྟོན་པ་བཞིན་དུ་ཆུ་འཛིན་ཁྱོད་འོང་བའི་ཕྱི་ཉིན་ཉི་ཤར་ལ་སྔ་དྲོའི་ཐུན་མཚམས་ཉི་གཞོན་དམར་པོའི་འོད་ཀྱིས་དམར་པོར་གྱུར་པའི་ཆུ་སྐྱེད་པད་མ་རྗེས་སུ་འཛིན་པ་སྟེ་པད་མའི་འདབ་སྟོང་ལྷུག་པོར་ཕྱེ་བས་ཐུན་མཚམས་དང་པད་མ་དམར་པོའི་དམར་འོད་ཤིན་རུ་ཆེ་བས་ཐ་གྲུ་ཀུན་ལ་ཁྱབ་པར་བྱེད་ཅིང༌། དབང་ཕྱུག་གི་རྒྱབ་ནས་མཐོ་བའི་ལག་པ་ཟླུམ་པོ་བསྐྱངས་པ་ལྟར་ནགས་ཀྱི་ཤིང་ཆེན་དག་གིས་དབང་ཕྱུག་གི་གོས་གླང་ཆེན་ཀོ་རློན་གྱི་སུག་བཞི་བརྒྱངས་ནས་འཛིན་པ་ལྟ་བུའི་དྲག་ཤུལ་གྱི་དམར་འོད་དེ་ཡང་མཁའ་དབྱིངས་སུ་སྤྲིན་རུམ་བསྡུས་ནས་ཆར་རྒྱུན་ཕབ་པས་དྲག་ཤུལ་གྱི་ཉམས་དེ་ཞི་ནས་དགྱེས་ཉམས་བསྟན་པར་རི་ཡི་སྲས་མོ་སྟེ་དབང་ཕྱུག་གི་བཙུན་མོ་ལྷ་མོ་ཨུ་མ་རབ་ཏུ་དགའ་བས་ཆུ་འཛིན་ཁྱོད་ལ་གཡོ་བ་མེད་པའི་མིག་གིས་གུས་པས་བལྟ་བར་བྱེད་དོ།།
ཅ
དེ་ཡི་རི་ངོས་དག་ལ་ཁྱོད་ནི་འགྲོ་ཚེ་སྣུམ་པའི་མིག་སྨན་དག་དང་མཚུངས་པ་དང༌།།
དེ་ནི་གཉིས་འཐུང་སོ་ནི་འཕྲལ་ལ་བཅད་པར་བྱས་པ་ལྟ་བུར་དཀར་ཞིང་མཛེས་པ་དེ།།
མཛེས་པའི་རི་བོ་ལ་ནི་གཡོ་བ་མེད་པའི་མིག་གིས་བལྟ་བྱ་ཉིད་དུ་འགྱུར་བ་དང༌། །
སྟོབས་ལྡན་དཀར་བའི་དཔུང་པ་དག་ལ་གོས་སྔོན་བཀོད་པར་གྱུར་བཞིན་འབྱུང་བ་བདག་གིས་ཤེས།།
ཞེས་གསུངས་པ་ནི། ཆུ་འཛིན་ཁྱོད་རང་གངས་དཀར་ཏི་སེ་དེའི་རི་ངོས་སུ་འགྲོ་བའི་ཚེ་ཁྱོད་ཀྱི་ལུས་ནི་ནང་གི་སྙིང་པོ་ཆུའི་ཁུར་དང་ལྡན་པས་སྣུམ་པའི་མིག་སྨན་དག་དང་མཚུངས་ཤིང༌། གངས་དཀར་ཏི་དེ་ནི་གཉིས་འཐུང་གླང་པོའི་མཆེ་བ་འཕྲལ་ལ་བཅད་པ་ལྟར་དཀར་ཞིང་འོད་ལྡན་པའི་མཛེས་པ་དེ་དག་གིས་མཛེས་པའི་རི་བོ་དེ་ལ་ནི་སྐྱེ་བོ་ཀུན་གྱི་མིག་གིས་གཡོ་བ་མེད་པར་བལྟ་བར་བྱ་བའི་ཡུལ་ཉིད་དུ་འགྱུར་བ་དེ་ཡང་ཁྱབ་འཇུག་གི་ཕུ་བོ་སྟོབས་ལྡན་གྱི་ལུས་པོ་དཀར་བའི་དཔུང་བ་དག་ལ་སྟོད་གོས་སྔོན་པོ་བཀོད་པ་བཞིན་གྱི་མཛེས་པ་འབྱུང་བ་བདག་གིས་ཤེས་སོ།།
ཆ
ཀྭ་ཡེ་འདོད་བཞིན་རྒྱུ་བྱེད་ཁྱོད་ནི་དེ་ནས་བརྒལ་ཚེ་ལྕང་ལོ་ལྡན་མ་ཤེས་པར་འགྱུར།།
སླར་ཡང་རི་དེ་གཡོ་ལྡན་གང་གཱའི་ཆུ་གོས་ལྡན་མའི་བདག་པོ་བཞིན་དུ་མི་མཐོང་མིན།།
མཐོང་བའི་གཞལ་མེད་ཁང་སྟེང་ཆར་སྤྲིན་ཆེ་ལས་ཁྱོད་ཀྱིས་ཆུ་བྱས་སྐྱུགས་བྱས་དུས་སུ་ནི།།
གང་ཞིག་འདོད་ལྡན་མ་ནི་ལན་བུ་མུ་ཏིག་དྲ་བས་བསྒྲིགས་པའི་ཕྲེང་བ་ལྡན་པ་བཞིན།།
ཞེས་གསུངས་པ་ནི། གཞན་དབང་གིས་འཆིང་རྒྱར་འཚུད་པ་བདག་དང་མི་འདྲ་བ་རང་གི་འདོད་པ་བཞིན་ས་གནས་གང་དུའང་རྒྱུ་བར་བྱེད་ལ་རང་དབང་ལྡན་པ་ཀྭ་ཡེ་གྲོགས་པོ་ཁྱོད་ནི་རི་བོ་ཏི་སེ་དེ་ནས་བརྒལ་བས་གནོད་སྦྱིན་བདག་པོའི་གནས་ལྕང་ལོ་ཅན་ནམ་ལྕང་ལོ་ལྡན་མ་དེ་ཉིད་ཁྱོད་ཀྱིས་ངོ་ཤེས་པར་འགྱུར་ལ་ལྕང་ལོ་ཅན་ནས་ཕྱིར་བལྟས་ཚེ་གངས་དཀར་ཏི་སེའི་དབུས་སུ་ཆུ་གོས་ལྟ་བུ་རྦ་རླབས་གཡོ་བ་ལྡན་པ་ཆུ་བོ་གང་གཱའི་བདག་པོའམ་ཡབ་ཏི་སེ་རབ་ཏུ་དཀར་འོད་འཕྲོ་བ་དེ་ནི་སླར་ཡང་མི་མཐོང་བ་མིན། ལྕང་ལོ་ཅན་གྱི་གཞལ་མེད་ཁང་གི་སྟེང་དུ་ཁྱོད་ཀྱིས་ཆར་སྤྲིན་ཆེན་པོས་ཕབ་པའི་ཆུ་ཆེན་པོས་རི་དེ་བརྒྱུད་ནས་འགྲོ་བའི་གང་གཱ་ཡང་ཆེས་ཆེར་རྒྱས་ཏེ་རབ་ཏུ་དགའ་བའི་དབུ་བ་དཀར་པོའི་འཛུམ་མདངས་གསལ་བོར་སྟོན་པ་ནི་གང་ཞིག་སྐྱེས་བུའི་མདུན་དུ་འདོད་ལྡན་མ་རྣམས་ཀྱི་སྐྲ་ཡི་ལན་བུའི་ངོས་ལ་མུ་ཏིག་དཀར་པོའི་དྲ་བས་བསྒྲིགས་པའི་ཕྲེང་བ་ལྡན་པ་བཞིན་རབ་ཏུ་མཛེས་པ་དེ་ཡང་སྣང་བར་འགྱུར་རོ།།
ཇ
ཁྱོད་ལ་གློག་འོད་ལྡན་བཞིན་སྒེག་པའི་མཛེས་མ་དང་ལྡན་དབང་པོའི་གཞུ་བཞིན་བཀྲ་བར་ལྡན།།
སྙན་པའི་དབྱངས་ནི་ཟབ་པ་བཞིན་དུ་གླུ་དབྱངས་དག་དང་རོལ་མོའི་དབྱངས་སྙན་རྣམས་དང་ལྡན།།
ཆུ་ཡི་སྙིང་པོ་ཅན་བཞིན་ས་གཞི་ནོར་བུའི་རང་བཞིན་མཐོ་བཞིན་རྩེ་མོ་མཁའ་ལ་རེག།
གང་དུ་ཁྱད་པར་དེ་རྣམས་ཀྱིས་ནི་ཁྱོད་དང་ཁང་བཟང་མཚུངས་པའི་ཆེད་དུ་ནུས་པར་ལྡན།།
ཞེས་གསུངས་པ་ནི། ཆུ་འཛིན་ཁྱོད་ལ་གློག་གི་དགའ་མའི་འོད་མདངས་ལྡན་པ་བཞིན་དུ་གནོད་སྦྱིན་བདག་པོའི་གནས་མཆོག་ལྕང་ལོ་ཅན་གྱི་ཕོ་བྲང་ནང་དུ་སྒེག་པའི་ཉམས་ལྡན་མཛེས་མའི་ཚོགས་དང་ལྡན་པ་དེ་དག་ནི་རྒྱན་གོས་ཀྱང་དབང་བོའི་གཞུ་བཞིན་ཤིན་ཏུ་རྣམ་པར་བཀྲ་བ་དང༌། ཁྱོད་ཀྱི་འབྲུག་སྒྲ་དལ་བུར་སྒྲོག་པའི་དབྱངས་སྙན་པ་བཞིན་དུ་མཛེས་མ་མངོན་པར་དགའ་བའི་གླུ་དབྱངས་དག་དང་རྣམ་པ་སྣ་ཚོགས་པའི་རོལ་མོ་འཁྲོལ་བའི་དབྱངས་སྙན་རྣམས་དང་ལྡན་པ། ཁྱོད་ལུས་ཆུ་ཡི་སྙིང་པོ་ཅན་བཞིན་དུ་ཕོ་བྲང་དེའི་ས་གཞི་ནོར་བུའི་རང་བཞིན་གྱིས་གང་ལ། ཁྱོད་ནི་མཁའ་དབྱིངས་མཐོན་པོར་གནས་པ་བཞིན་དུ་ཕོ་བྲང་དེའི་གསེར་གྱི་རྒྱ་ཕིབས་ཀྱི་རྩེ་མོ་ཡང་ནམ་མཁའ་ལ་རེག་པ་བཅས་ལྕང་ལོ་ཅན་གྱི་ཕོ་བྲང་གི་གང་དང་གང་དུ་གནས་པའི་ཁྱད་པར་དེ་དང་དེ་དག་གིས་ཆུ་འཛིན་ཁྱོད་དང་ལྕང་ལོ་ཅན་གྱི་གཞལ་མེད་ཁང་བཟང་གཉིས་མཚུངས་པའི་ཁྱད་པར་ནི་ཆེད་དུ་བྱས་པ་ལྟར་གྱི་ནུས་པའམ་ངོ་མཚར་ཀུན་ནས་ལྡན་པའོ།།
ཉ
ཀྭ་ཡེ་གྲོགས་བཟང་ཁྱོད་ནི་གློག་གི་དགའ་མ་གཡོ་བཞིན་ཉེ་བར་མཐོང་བར་གྱུར་པ་ན།།
མཚོ་དེའི་ངོགས་ན་མཛེས་པའི་རི་བོ་ཡིད་འོང་མཆོག་གི་ཨིན་དྲ་ནཱིལ་རྣམས་ཀྱིས་ནི།།
རྩེ་མོ་མཛེས་པར་བྱས་པར་གསེར་གྱི་ལྗོན་པ་རྣམས་ཀྱིས་བསྐོར་བ་ཁྱོད་ཀྱིས་བལྟ་བྱ་བ།།
བདག་གི་དགའ་མ་དགའ་བྱེད་དང་བཅས་དེ་ཉིད་སེམས་གདུངས་བདག་ནི་ཤིན་ཏུ་དྲན་པར་འགྱུར།
ཞེས་གསུངས་པ་ནི། ཀྭ་ཡེ་བདག་གི་གྲོགས་པོ་བཟང་པོ་སྤྲིན་དཀར་ཁྱོད་ནི་གློག་ནི་དགའ་མ་མིག་འཕྲུལ་ཀེམ་ཀེམ་གཡོ་བཞིན་དུ་ཉེ་བར་འོངས་ཏེ་བདག་གི་གྲོང་ཁྱེར་མཐོང་བ་ན་གྲོང་ཁྱེར་དེར་ཉམས་དགའ་བའི་མཚོ་ཞིག་ཡོད་པ་དེའི་ངོགས་སུ་རབ་ཏུ་མཛེས་པའི་རི་བོ་མཆོག་གང་དེ་རྩེ་མོ་ཕུལ་དུ་བྱུང་བའི་རིན་ཆེན་ཨིན་དྲ་ནཱིལས་ཡིད་དུ་འོང་པར་མཛེས་པར་བྱས་ཤིང༌། དེའི་མཐའ་སྐོར་དུ་གསེར་གྱི་ལྗོན་པ་དང་མེ་ཏོག་རྣམ་པར་རྒྱས་པ་དག་གིས་བསྐོར་བའི་གྲོང་ཁྱེར་དེ་ནི་གྲོགས་པོ་ཁྱོད་ཀྱིས་བལྟ་བར་བྱ་བའི་ཡུལ་དུ་གྱུར་པ་དེའི་ཚེ་བདག་གི་དགའ་མ་དགའ་བར་བྱེད་པའི་ཕོ་བྲང་དང་བཅས་པའི་དགའ་མ་དེ་ཉིད་སླར་ཡང་བདག་ནི་ཤིན་ཏུ་དྲན་པའི་སེམས་གདུངས་ཀྱིས་ནོན་པར་གྱུར་ཏོ།།