ཁ་བའི་ཁྲོད་ནས་རྡུལ་ནག་ལངས་པ་ཞེས་པའི་ཚིགས་བཅད་སྙན་ངག
ཁ་བའི་ཁྲོད་ནས་རྡུལ་ནག་ལངས་པ།
འཛམ་གླིང་ཡང་རྩེའི་ནོར་འཛིན་གཡང་གི་མཛོད། །
རབ་དཀར་གངས་རིས་བསྐོར་བའི་ཡུལ་ལྗོངས་སུ། །
གློ་བུར་རྐྱེན་གྱིས་ཕོང་བའི་བར་སྣང་དུ། །
མུན་པའི་རྡུལ་ནག་ལངས་པས་གནམ་ས་བསྒྲིབས། །
ཁ་བའི་ལྷུན་པོ་བརྗིད་པའི་གཙུག་རྒྱན་དུ། །
ཉི་ཟླ་ཟུང་གི་འཁོར་བགྲོད་ཐོགས་མེད་ཀྱང་། །
གདུག་ཅན་སྒྲ་གཅན་ངན་པའི་ཁ་རླངས་ཀྱིས། །
བར་སྣང་ཀུན་ལ་མུན་པའི་རྡུལ་ནག་ལངས། །
རྨ་འབྲི་ཀླུང་གི་འབྱུང་ཁུངས་ཆུ་ཡི་གཏེར། །
དྭངས་བསིལ་བདུད་རྩིས་གངས་ལྗོངས་བརླན་བྱེད་པར། །
ཆུ་རྒྱུན་དུམ་བུར་བཅད་པའི་མཇུག་འབྲས་སུ། །
རྩི་བཅུད་ཉམས་པའི་དུས་ཀྱི་རྡུལ་ནག་ལངས། །
གདོང་དམར་མེས་པོའི་སྲོག་གིས་བླངས་པ་ཡི། །
ཕྱི་ནང་རིག་པའི་ནོར་མཆོག་གངས་ལྗོངས་སུ། །
དྲངས་པའི་གཟི་བྱིན་འབར་བའི་དུས་ཙམ་ལ། །
གཅིག་རྗེས་གཉིས་མཐུད་ཤོར་བའི་རྡུལ་ནག་ལངས། །
ཤེས་བརྩོན་ཟུང་གི་རྩལ་གྱིས་ཡོངས་བསྐྲུན་ཞིང་། །
མི་རབས་སྟོང་ཕྲག་བརྒྱུད་པའི་བཟོ་རིག་རྣམས། །
འཚོ་སྡོད་ཉེར་མཁོའི་དཔལ་ལ་དགེ་གྱུར་ཚེ། །
འོས་མེད་རྡུལ་ནག་ལངས་པས་ལྷག་མེད་བཅོམ། །
འཚེ་མེད་བདེན་པའི་བསམ་སྤྱོད་ཡོངས་རྒྱས་ཤིང་། །
གཞན་ཕན་ལྷག་བསམ་དཔལ་ལ་ཕྱོགས་གྱུར་ཀྱང་། །
བདུད་ཀྱིས་བརླམས་པའི་ལྟ་ལོག་སྤྱོད་ལོག་སོགས། །
རྡུལ་ནག་བཞིན་གྱིས་ཁ་བའི་ལྗོངས་ཀུན་ཁྱབ། །
རི་མཐོ་ས་གཙང་དཔལ་གྱི་ཡོན་ཏན་གྱིས། །
ཁ་བའི་ལྗོངས་ཡོངས་མཛེས་པའི་རྒྱན་གྱུར་ཀྱང་། །
ས་རྐོ་རྡོ་སློག་བྱ་བའི་རྡུལ་ནག་གིས། །
གངས་རིའི་ཞིང་ཁམས་མུན་པའི་གླིང་དུ་བསྒྱུར། །
སྣ་ཚོགས་རི་དྭགས་བག་ལ་རྒྱུ་བའི་ཞིང་། །
རྟ་ནོར་གཡང་དཀར་ལུག་གི་ཕ་ས་རུ། །
བྱ་ཕག་ཉ་སོགས་གསོ་བའི་བཤས་ར་རུ། །
དམར་གསོད་གཏོང་བའི་ཁྲག་གི་རྡུལ་ནག་ལངས། །
ངན་རྟོག་རླུང་གིས་གཡོ་བའི་སྤྱོད་ལོག་དང་། །
རྒྱུ་འབྲས་ལོག་སྨྲའི་ང་རྒྱལ་རློམ་སེམས་ཀྱིས། །
བརྩེ་ལྡན་འགྲོ་བའི་ཆོས་ལྡན་ཞིང་ཁམས་ཤིག །
འཚེ་སྦྱོར་ཁ་ལོ་བསྒྱུར་བའི་རྡུལ་ནག་ལངས། །
ཞེས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ། གངས་ཅན་རིག་སྨྲའི་ཁྲོད་དུ་རིག་པའི་ཁུ་བྱུག་གམ། བརྡ་སྤྲོད་ཀུན་ཏུ་བཤད་པའི་བཏགས་མིང་དུ་མི་འཇིགས་དབྱངས་ཅན་དགའ་བའི་གོ་ཆ་ཞེས་འབོད་པས་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་ནུབ་ཕྱོགས་ཀྱི་ཟུར་གཅིག་ཏུ་ཆགས་པའི་ཀྲུང་གོའི་མི་རིགས་གཙུག་ལག་སློབ་གྲྭ་ཆེན་མོའི་རང་ཤག་རིག་པའི་ཁུ་བྱུག་རྣམ་དཔྱོད་མཆོག་གི་སྡེར་འབོད་པ་རྩེན་པའི་ལྡིང་ཁང་ནས་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་ཟླ་བ་དྲུག་པའི་ཚེས་སུམ་ཅུ་སྟེ་སྤྱི་ལོ2012ལོའི་ཟླ8པའི་ཚེས17ཉིན་གྱི་དགོང་མོར་རྒྱལ་ཁབ་ཕྱི་ནང་གི་བརྙན་འཕྲིན་དང་གསར་ཤོག དྲྭ་རྒྱ་སོགས་ཀྱི་བརྒྱུད་ལམ་ནས་བོད་ཡུལ་སྟོད་སྨད་བར་གསུམ་དུ་བོད་ཀྱི་སྐད་ཡིག་གཉིས་གཙོས་པའི་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་འཆད་ཉན་དང་ཡུལ་སྲོལ་གོམས་གཤིས་ཀྱི་སྲོལ་རྒྱུན་བཟང་པོ་རྣམས་ཉིན་རེར་ཉམས་ནས་མེད་པར་འགྱུར་བཞིན་ཡོད་ཚུལ་དང་། ཁྱད་པར་དུ་བོད་ཡུལ་སྤྱི་དང་བྱེ་བྲག་ཏུ་དཔལ་འབྱོར་འཛུགས་བསྐྲུན་ལ་ཁ་གཡར་བའི་ས་རྐོ་རྡོ་སློག་སོགས་གཏེར་ཁ་སྣ་ཚོགས་སྔོག་འདོན་བྱ་བཞིན་ཡོད་པ་དང་། གཞན་མདོ་ཁམས་གཉིས་ཕྱོགས་ཀྱི་ཁོད་ཡངས་ཤིང་རྒྱ་ཆེ་བའི་སྤང་ལྗོངས་གང་བཟང་ཐལ་བའི་རྡུལ་དུ་བརླག་སྟེ་གནམ་གྲུའི་འབབ་ཐང་དུ་བསྒྱུར་བ་སོགས་ཀྱི་གནས་ཚུལ་བྱུང་བའི་གསར་འགྱུར་དང་འབྲེལ་བའི་པར་རིས་མང་པོ་ཞིག་མིག་གིས་མཐོང་ཚེ་ཡིད་གཏིང་ནས་སྐྱོ་གདུང་ཞིག་གིས་རབ་ཏུ་དེད་པའི་མོད་ལ་ཀུན་ནས་མ་བཟོད་པར་ཤར་མར་བྲིས་པ་འདིས་ཀྱང་རང་ཅག་ཁ་བ་ཅན་གྱི་མེས་པོ་རྣམས་ཀྱིས་མི་རབས་ནས་མི་རབས་བར་དུ་རང་རང་གི་ལུས་སྲོག་ལས་ཀྱང་གཅེས་སྐྱོང་མཛད་པའི་སྣོད་བཅུད་ཀྱི་དཔལ་ཡོན་ཐམས་ཅད་སྲུང་སྐྱོབ་བྱ་བའི་རེ་སྐུལ་ཡང་ནས་ཡང་དུ་ཞུ་བ་དགེའོ། །