logo

བོད་ཀྱི་སྐད་ཡིག་གཅིག་གྱུར་དང་ཁྱབ་གདལ་བྱ་ཚུལ་གླེང་བ་དུས་ཀྱི་ཕོ་ཉ་ཞེས་བྱ་བ་བཞུགས་སོ།།

རྩོམ་པ་པོ།:སྟུག་རྒྱའི་བཀའ་སྲུང་མགོན་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-01 ཀློག་གྲངས།:

བོད་ཀྱི་སྐད་ཡིག་གཅིག་གྱུར་དང་ཁྱབ་གདལ་བྱ་ཚུལ་གླེང་བ་དུས་ཀྱི་ཕོ་ཉ་ཞེས་བྱ་བ་བཞུགས་སོ།།

          ༄༅། །དཔྱད་རྩོམ་གྱི་ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་གངས་ཅན་ཕ་མེས་ཡང་མེས་ནས་བརྒྱུད་པའི་བོད་ཀྱི་སྐད་ཡིག་སློབ་གསོ་འཛིན་པ་གལ་ཆེ་ཚུལ་བཤད་པ་དང་། བོད་ཀྱི་སྤྱི་སྐད་གང་ལ་ངོས་འཛིན་དང་སྤྱི་སྐད་ཅེས་པ་ཇི་ལྟར་ཆགས་ཚུལ་མདོར་བསྡུས་བཤད་པ། བོད་ཀྱི་སྐད་ཡིག་སློབ་གསོའི་རྒྱུན་འཛིན་དང་ཆོས་དང་རིག་གནས་སོགས་འབྲེལ་བའི་གནད་དོན་བཤད་པ། བོད་ཀྱི་སྐད་ཡིག་སློབ་གསོའི་ཁ་ཕྱོགས་ཀྱང་འཛམ་བུ་གླིང་ལ་སྤེལ་བའི་ཕུགས་བསམ་འཛིན་དགོས་ཚུལ། དེང་རབས་བོད་ཀྱི་སྐད་ཡིག་དར་མིན་ནི་བོད་མི་ཡོངས་རྫོགས་དང་ཁྱད་པར་དུ་གངས་ཅན་གཞོན་རབས་རྣམས་ལ་རག་ལས་ཚུལ་སོགས་ཀྱིས་བོད་ཀྱི་སྐད་ཡིག་དར་རྒྱས་གཏོང་བའི་བསམ་ཚུལ་འགའ་སྐུལ་མའི་ཚུལ་དུ་བྲིས་པ་ཞིག་གོ།
དཔྱད་རྩོམ་འདིའི་བརྡ་ཆད་གཙོ་བོ་ནི། བོད་ཀྱི་སྐད་ཡིག  སློབ་གསོ་དམ་འཛིན།  ལྟ་ཚུལ་གླེང་བ།
དང་པོ། བོད་ཀྱི་འདས་དང་ད་ལྟ་མ་འོངས་པར། །
འབྲེལ་བའི་རྩ་བ་སྐད་ཡིག་གླེང་གཞི་འདྲེན། ། 

          ད་ལྟ་དང་མ་འོངས་པར་བོད་ཀྱི་སྐད་ཡིག་གཅིག་གྱུར་སྟེང་ཁྱབ་གདལ་གཏོང་དགོས་པའི་ཕྱོགས་ནས་ཅུང་ཟད་བཤད་ན། བོད་ཀྱི་སྐད་ཡིག་གཅིག་གྱུར་སྟེང་ཁྱབ་གདལ་གཏོང་དགོས་པའི་ཆ་ནས་བཤད་ན། འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་གྱི་ཐིག་མའི་ཆ་རྐྱེན་གཙོ་བོ་ཞིག་ནི། བོད་ཀྱི་ལས་རིགས་སོ་སོ་གང་གི་ཐད་ནས་ཐུན་མོང་དུ་སྤྱོད་པའི་གོ་གཅིག་ཆོད་ཀྱི་སྤྱི་སྐད་ཅིག་དགོས་པ་ནི་ཡོད་ན་གཅིག་ཆོད་དང་མེད་ན་ཐབས་ཆག་རེད། དེ་འདྲའི་བོད་ཐུན་མོང་གིས་སྤྱོད་ཆོག་པའི་སྤྱི་སྐད་ནི་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གཞིར་བཟུང་ཐོག་ནས་བོད་ཀྱི་རྨང་གཞིའི་སློབ་དེབ་ཀྱི་ཡི་གེའི་སྦྱོར་ཀློག་གི་སྒྲ་གདངས་ནས་བཟུང་སྟེ། མིང་དང་ཚིག་དང་བརྗོད་པའི་རིམ་པ་མཐའ་དག་བོད་རང་གི་བརྡ་སྤྲོད་ཀྱི་གཞུང་ལུགས་སུམ་རྟགས་དག་གསུམ་ལ་ཁུངས་གཏུགས་ཏེ་དེའི་ཐོག་དེང་རབས་སྒྲ་རིག་པའི་ཁྱད་ཆོས་གསར་བ་གང་འབྱོར་ཁ་སྣོན་འཛད་དེ་དེང་རབས་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཕུན་སུམ་ཚོགས་པར་བསྒྱུར་དགོས་པ་དང་། དེ་ལ་བརྟེན་ནས་བོད་ཀྱི་མདོ་དབུས་ཁམས་གསུམ་གཙོ་བོར་གྱུར་པའི་གངས་ཅན་པ་རྣམས་ལ་བོད་ཅེས་པའི་མིང་ཐོགས་པའི་མི་མཐའ་དག་གིས་གོ་ཐུབ་པའི་སྤྱི་སྐད་ཅིག་ཚང་མས་ཤོད་དགོས་པ་རྒྱལ་ཁབ་ཀྱི་ཁྲིམས་ཀྱིས་མནན་ཏེ་དུས་རབས་ཉེར་གཅིག་པའི་ནང་དུ་བོད་སྐད་གཅིག་གྱུར་གྱི་ལམ་དུ་རིམ་པར་ཆགས་དགོས་སོ། །
          བོད་ཀྱི་སྐད་དང་ཡི་གེ་དེ་རང་མི་རིགས་གཅིག་པོས་སྤྱོད་པས་མི་ཆོག་པར་མི་རིགས་གཞན་པ་དག་དང་ཡང་ན་འཛམ་གླིང་དུ་བོད་ཀྱི་སྐད་ཡིག་གི་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་ནི་དུས་རབས་ཀྱི་འོས་འགན་ཡིན་ཚེ་ཧ་ཅང་གལ་ཆེ། དེང་སང་འཛམ་གླིང་གི་རྒྱལ་ཁབ་དག་དང་ཡུལ་གྲུ་མང་པོ་ཞིག་ཏུ་བོད་ཀྱི་རིག་གནས་ཞིབ་འཇུག་གི་བྱ་བ་དང་ནང་བ་སངས་རྒྱས་པའི་བསྟན་པ་དར་བཞིན་པའི་དུས་སུ་གོ་སྐབས་ཡག་པོ་དམ་འཛིན་བྱས་ནས་བོད་ཀྱི་སྐད་ཡིག་འཛམ་གླིང་དུ་རྒྱ་ཇེ་ཆེར་སྤེལ་ཐུབ་མིན་ང་ཚོ་མི་རབས་ལ་རག་ལས། གལ་ཏེ་ང་ཚོས་དེང་སང་ནས་བོད་ཀྱི་སྐད་ཡིག་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཡུལ་གྲུ་གཞན་དུ་སྤེལ་ཐུབ་ན་འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་དེའང་འཛམ་གླིང་ལ་ཕྱོགས་པའི་ཐོག་མའི་སྟབས་བསྒྱུར་བ་ལྟ་བུ་རེད། དེང་དུས་འགྲོ་བ་མིའི་རིགས་འཕེལ་རྒྱས་འགྲོ་བཞིན་པའི་དབང་གིས་འཛམ་གླིང་གི་རྒྱལ་ཁབ་དང་རྒྱལ་ཁབ་བར་དང་། མི་རིགས་དང་མི་རིགས་བར་ཕན་ཚུན་འབྲེལ་འདྲེས་ཧ་ཅང་ཉེ་བར་འགྱུར་བའི་དུས་སུ་སྐད་ཡིག་ནི་ཐོག་མའི་ལག་ཆ་ལྟ་བུ་ཡིན་ལ་དེ་བཞིན་བོད་ཀྱི་མདུན་ལམ་འཛམ་གླིང་དང་འབྱུང་འགྱུར་ལ་ཕྱོགས་པའི་གོམ་པ་དང་པོ་ནི་བོད་ཀྱི་སྐད་ཡིག་གཅིག་གྱུར་སྟེང་རྒྱ་ཆེར་ཁྱབ་གདལ་གཏོང་དགོས་པ་ཡིན་ཞིང་ང་ཚོ་མི་རབས་འདིའི་མགོ་ཐོག་ཏུ་བབས་པའི་དུས་རབས་ཀྱི་ལས་འགན་ཞིག་གོ།
གཉིས་པ། གངས་ཅན་ཕ་མེས་ཡང་མེས་ནས་བརྒྱུད་པའི། །
བོད་ཀྱི་སྐད་ཡིག་སློབ་གསོ་འཛིན་པ་གལ། ། 

          དེ་ཡང་ཐོག་མར་བོད་ཀྱི་སྐད་ཡིག་གི་གལ་ཆེ་ཚུལ་བཤད་ན།  བོད་ཀྱི་སྐད་ཡིག་གཉིས་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན་པས[①]ཤིན་ཏུ་གལ་ཆེ་བའི་ཚུལ་ནི་བོད་ཀྱི་འདས་དང་ད་ལྟ། མ་འོངས་པ་གང་གི་ཆ་ནས་བལྟས་ཀྱང་ཤེས་ཐུབ། དེ་ནས་བོད་ཀྱི་སྐད་ཡིག་གཅིག་གྱུར་ཡིན་པ་འདས་པའི་ལོ་རྒྱུས་ཀྱི་ཆ་ནས་བཤད་ན།  ཆོལ་ཁ་གསུམ་གྱི་ས་ཁྱོན་ཆེན་པོ་དེ་ལྟ་བུའི་སྟེང་དུ་བོད་མི་རྣམས་ཁ་འཐོར་དུ་གནས་པ་དང་། སྤྱི་ཚོགས་རྙིང་པའི་དུས་ས་གནས་དེ་ཚོར་དེང་དུས་ཀྱི་འཁོར་ལོའི་རིགས་ཀྱི་འགྲོ་ལམ་དང་། གནམ་གྲུ་སོགས་ནི་དེ་ལས་ཀྱང་མེད་པར་རྐང་པས་འགྲོ་བའམ། རྟ་དྲེལ་སོགས་ལ་བརྟེན་ནས་འགྲོ་དགོས་པས་ས་ཁུལ་ཐ་དད་དུ་གནས་པའི་བོད་མི་ཕལ་མོ་ཆེ་མཉམ་འཛོམས་ཡོང་རྒྱུ་དཀའ་ནའང་ས་གནས་སོ་སོའི་ཡུལ་སྐད་མི་འདྲ་བ་ཕྲན་བུ་ཡོད་པ་ལས་བོད་ཀྱི་སྤྱི་སྐད་ནི་གཅིག་ཏུ་གནས་པ་ཡིན[②]པའི་རྨང་གཞི་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་གཅིག་གྱུར་སྟེང་ཁྱབ་གདལ་གཏོང་དགོས་པའི་ཆ་ནས་བཤད་ན། འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་གྱི་ཐོག་མའི་ཆ་རྐྱེན་གཙོ་བོ་ཞིག་ནི། བོད་ཀྱི་ལས་རིགས་སོ་སོ་གང་གི་ཐད་ནས་ཐུན་མོང་དུ་སྤྱོད་པའི་གོ་གཅིག་ཆོད་ཀྱི་སྤྱི་སྐད་ཅིག་དགོས་པ་ནི་ཡོད་ན་གཅིག་ཆོག་དང་མེད་ན་ཐབས་ཆག་རེད། དེང་སང་རྒྱ་ནག་གི་སྐད་ལ་སྤྱི་སྐད་ཅེས་པ་རྒྱ་ཆེན་པོར་གཏོང་བཞིན་ཡོད་པའི་རྒྱུ་མཚན་ཡང་གཙོ་བོ་ནི་རྒྱ་ནག་གི་སྤྱི་ཚོགས་འཕེལ་འགྱུར་གྱི་དགོས་མཁོར་ལྟོས་ནས་བྱ་བ་གལ་ཆེར་འཛིན་པའོ། །
          གཞན་དཔེར་ན་ནུབ་གླིང་གི་རྒྱལ་ཁབ་སོ་སོ་ལ་རང་རང་གི་སྐད་རིགས་མེད་པ་མིན་ནའང་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར། ལག་རྩལ། ཁྱད་པར་དུ་སློབ་གསོ་སོགས་ཀྱི་འཕེལ་འགྱུར་འཛམ་གླིང་ལ་ཕྱོགས་པའི་དུས་རབས་འདིའི་ནང་དུ་དབྱིན་ཇིའི་སྐད་དང་ཡི་གེ་ནི་འཛམ་གླིང་གི་སྤྱི་སྐད་དང་སྤྱི་ཡིག་ཅིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་སོགས་ལ་བལྟས་ན་སྤྱི་སྐད་ཅེས་པ་གང་འདྲ་གལ་ཆེ་ཚུལ་ཡིན་པ་ཤེས་དགོས་སོ། །
གསུམ་པ། བོད་ཀྱི་སྤྱི་སྐད་གང་ལ་ངོས་འཛིན་དང་། །
དེ་ཡང་ཇི་ལྟར་ཆགས་ཚུལ་མདོར་བསྡུས་བརྗོད། ། 

          དེ་འདྲའི་བོད་ཐུན་མོང་གིས་སྤྱོད་པའི་གོ་གཅིག་ཆོད་ཀྱི་སྤྱི་སྐད་ནི་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གཞིར་བཟུང་ཐོག་ནས་བོད་ཀྱི་རྨང་གཞིའི་སློབ་དེབ་ཀྱི་ཡི་གེའི་སྦྱོར་ཀློག་གི་སྒྲ་གདངས་ནས་བཟུང་སྟེ། མིང་དང་ཚིག་དང་བརྗོད་པའི་རིམ་པ་མཐའ་དག་བོད་རང་གི་བརྡ་སྤྲོད་ཀྱི་གཞུང་ལུགས་སུམ་རྟགས་དག་གསུམ་ལ་ཁུངས་གཏུགས་ཏེ་དེའི་ཐོག་དེང་རབས་སྒྲ་རིག་པའི་ཁྱད་ཆོས་གསར་བ་གང་འབྱོར་ཁ་སྣོན་མཛད་དེ་དེང་རབས་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཕུན་སུམ་ཚོགས་པར་བསྒྱུར་དགོས་པ་དང་། དེ་ལ་བརྟེན་ནས་བོད་མདོ་དབུས་ཁམས་གསུམ་གཙོ་བོར་གྱུར་པའི་གངས་ཅན་པ་མཐའ་དག་གིས་གོ་ཐུབ་པའི་སྤྱི་སྐད་ཅིག་ཚང་མས་ཤོད་དགོས་པ་རྒྱལ་ཁབ་ཀྱི་ཁྲིམས་ཀྱིས་མནན་ཏེ་དུས་རབས་ཉེར་གཅིག་པའི་ནང་དུ་བོད་སྐད་གཅིག་གྱུར་གྱི་ལམ་དུ་རིམ་པ་ཆགས་དགོས་སོ། །
          དེང་རབས་བོད་ཀྱི་སྐད་ཡིག་གི་སློབ་གསོ་དམ་འཛིན་བྱེད་པ་ལ་བོད་ཀྱི་རང་གི་ཐུན་མོང་མ་ཡིན་པའི་སྐད་ལུགས་ཀྱི་ཁྱད་ཆོས་ལས་བྱུང་བའི་སུམ་རྟགས་དག་གསུམ་བར་གྱི་འབྲེལ་བ་ཡག་པོ་ཞིག་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ།  རྗེ་ཚེ་ཏན་ཞབས་དྲུང་གིས།
མདོ་རྒྱུད་གཞུང་ལུགས་གཏིང་མཐའ་བྲལ་བའི་མཚོར། །
ཤེས་བརྩོན་ཟླ་མེད་གཟིངས་ཀྱིས་བགྲོད་པ་ལ། །
ཐུན་མོང་དང་ནི་ཐུན་མོང་མ་ཡིན་པའི། །
རིག་པའི་གནས་ཀྱི་རྐྱལ་ལ་ཐོག་མར་བསླབ། །[③]ཅེས་གསུངས་པ་ལྟར། ཡོན་ཏན་ཀུན་གྱི་གཞི་མ་ནི་ཡི་གེ་སྟེ།   སློབ་དཔོན་ཐོན་མི་སཾ་བྷོ་ཊས། མིང་ཚིག་བརྗོད་པ་ཀུན་གྱི་གཞི། ། ཡི་གེའི་སྦྱོར་བ་བཤད་པར་བྱ། །[④]ཞེས་གསུངས་ཏེ། སྤྱིར་ཡི་གེ་ལས་མིང་དང་། མིང་ལས་ཚིག་དང་། ཚིག་ལས་བརྗོད་པ་འབྱུང་བའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མིང་ཚིག་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་སྦྱར་གཞི་ཀ་མད་སུམ་ཅུ་ལ་སྦྱར་བྱ་དབྱངས་བཞི་དང་། སྔོན་འཇུག་ལྔ། རྗེས་འཇུག་བཅུ། ཡང་འཇུག་གཉིས། མགོ་ཅན་གསུམ། འདོགས་ཅན་བཞི་བཅས་ཀྱི་ཡི་གེའི་སྡེབ་སྦྱོར་གྱིས་མིང་སྣ་ཚོགས་འགྲུབ་པར་བྱེད་པ་སྟེ།  མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་མིང་རྣམས་གསལ་བར་སྟོན་པ་ནི་དག་ཡིག་ལ་རག་ལས་སོ། །
          རིམ་པར་ཡི་གེ་ནས་རིམ་པར་མིང་ཚིག་བརྗོད་པའི་སྒྲ་དོན་གྱི་མཚམས་སྦྱོར་བྱེད་དུ་གྱུར་པའི་སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་ལས་རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་ནི་སླར་བསྡུ་ལ་དོན་ཨི་ལྡན་རྒྱན་སྡུད་དང་ལྷག་བཅས་འབྱེད་སྡུད་འབྱུང་ཁུངས་འབོད་སྒྲ་བརྒྱད་དང་། རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་ལ་ནི་སྒྲ་དང་སྒྲ་དེ་སྒྲ་གང་སྒྲ་དང་། བདག་སྒྲ་དགག་སྒྲ་བཅས་དྲུག་བཤད་པས་སྦྱོར་ཚུལ་ཚིག་ཕྲད་ཀྱི་སྒྲ་དོན་གཉིས་ཀྱི་སྦྱོར་འཇུག་གི་ཚུལ་སྟོན་པའི་རྣམ་བཞག་ནི་སུམ་ཅུ་པའི་ཁོངས་སུ་གཏོགས་སོ། །
          དེ་ནས་སྔོན་མིང་རྗེས་གསུམ་གྱི་ཡི་གེ་རྣམས་ཕོ་མོ་མ་ནིང་སོགས་ཀྱི་རྟགས་ཀྱི་ཁྱད་པར་ལས་རྗོད་བྱེད་ཀྱི་སྒྲ་དང་བརྗོད་བྱའི་དོན་ལ་འཇུག་པའི་རིམ་པ་ཏེ་སྒྲ་དོན་གང་ལ་འཇུག་པ། ཡི་གེ་གང་གིས་འཇུག་པ། ཚུལ་ཇི་ལྟར་འཇུག་པ། དེ་ནས་དགོས་པ།
ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། །
ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །
མིང་གི་ཁོངས་ནས་ཚིག་ཕྱུང་ནས། །
ཚིག་གིས་དོན་རྣམས་སྟོན་པར་བྱེད། །
མོ་ཡི་ཡི་གེ་མེད་པ་ན། །
ཕོ་ཡིག་བརྗོད་པ་མེད་པར་འགྱུར། །
ཕོ་ཡིག་དེ་དག་རྣམས་ལ་ཡང་། །
འཇུག་པར་བཅས་པ་མེད་ན་ནི། །
མིང་དང་ཚིག་ཀྱང་གསལ་མི་ནུས། །
མིང་ཚིག་གསལ་བ་མེད་ན་ནི། །
དོན་རྣམས་བརྗོད་པར་མི་འགྱུར་རོ། །
དེ་ལྟར་གྱུར་ན་འཇིག་རྟེན་ན། །
དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །ཅེས་གསུངས་པའི་ཕྱིར་ན། དེ་ཡང་མིང་ཚིག་གསལ་བ་ནས་དོན་རྣམས་བརྗོད་པར་བྱེད་པ་ལ་ཡི་གེའི་སྔོན་མིང་རྗེས་གསུམ་གྱི་རྟགས་ཀྱི་དབྱེ་བའི་སྒྲ་དང་དོན་གྱི་འཇུག་ཚུལ་གྱིས་དངོས་པོ་བདག་གཞན་དང་། དུས་གསུམ་གྱི་འགྱུར་བ། བྱ་བྱེད་ལས་གསུམ་སོགས་ཀྱི་དོན་རྣམས་སྟོན་པར་བྱེད་པའི་ཕྱིར་ན། 
ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཞིང་། །
དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །ཞེས་པའང་སུམ་རྟགས་དག་གསུམ་བར་གྱི་འབྲེལ་བར་དགོངས་ནས་གསུངས་སོ། །
བཞི་པ། བོད་ཀྱི་སྐད་ཡིག་སློབ་གསོའི་རྒྱུན་འཛིན་དང་། །
ཆོས་དང་རིག་གནས་འབྲེལ་བའི་གནད་དོན་བཤད། །

          བོད་ཀྱི་སྐད་ཡིག་གཅིག་གྱུར་སྟེང་ཁྱབ་གདལ་གཏོང་བ་ལ་ཐོག་མར་བོད་ཀྱི་སྐད་ཡིག་དང་བོད་ཀྱི་ཆོས་ལུགས་བར་གྱི་འབྲེལ་བ་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེ། བོད་ཀྱི་སྲོལ་རྒྱུན་རིག་གནས་བཅུར་གྲགས་པ་ལས་བཟོ་དང་གསོ་བ་སྒྲ་ཚད་མ། །ནང་དོན་རིག་པ་གནས་ཆེན་ལྔ། །མངོན་བརྗོད་ཟློས་གར་སྐར་རྩིས་དང་། །སྡེབ་སྦྱོར་སྙན་ངག་གནས་ཆུང་ལྔ། །ཞེས་པ་ཐམས་ཅད་ཐོག་མར་བོད་ཀྱི་སྐད་ཡིག་ལ་བསྒྱུར་བ་ནས་བོད་རང་གི་སྐད་ཡིག་གི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་ལོ་རྒྱུས་ཞིབ་ཆ་ནི་གཞན་ནས་ཤེས་པར་བྱ། ཁྱད་པར་དུ་བོད་ཀྱི་སྐད་ཡིག་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལ་མཚོན་ནས་བཤད་ན།  བོད་དུ་དར་བའི་ནང་པའི་ཆོས་ལུགས་དང་། བོད་ཀྱི་སྐད་ཡིག་བར་གྱི་འབྲེལ་བ་ནི་ལོ་རྒྱུས་ཐོག་མཐའ་བར་གསུམ་དུ་བོད་ཡིག་དང་ཆོས་ལུགས་གཉིས་དར་ན་དར་མཉམ་དང་། རྒུད་ན་རྒུད་མཉམ་ཡིན་པ་ད་ལྟ་རང་རེས་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན་གསལ་པོ་ཡོད་པ་རེད།[⑤]ཅེས་གསུངས་པ་དེ་ནི་བོད་མ་གཏོགས་གཞན་གྱི་མི་རིགས་དེ་འདྲའི་ལོ་རྒྱུས་ཡོད་པ་དཀོན། དཔེར་ན་དེང་སང་མཇལ་ཐུབ་པའི་བོད་ཀྱི་གླེགས་བམ་ཁྲི་ཕྲག་མང་པོར་མཚོན་ནས་བཤད་ན། དེ་དག་གི་བརྒྱ་ཆ་དགུ་བཅུ་གོ་དགུའི་དཔེ་ཆ་ནི་བོད་ཀྱི་ཆོས་པ་རྣམས་ཀྱིས་བརྩམས་པ་ཡིན་པས་དེང་སང་བོད་ཀྱི་སྐད་ཡིག་འདི་འདྲ་དར་བའང་བོད་ཀྱི་ཆོས་པ་རྣམས་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན་པར་ངོས་འཛིན་བྱས་ན་མི་འགྲིག་མེད་སྙམ། ཁྱད་པར་དུ་དེང་སང་འཛམ་གླིང་དུ་ནང་ཆོས་དར་བ་དང་སྒོས་བོད་བརྒྱུད་ནང་བསྟན་རྒྱ་ཆེར་དར་བའི་ཤུགས་ལས་བོད་ཀྱི་རིག་གནས་ཀྱང་འཛམ་གླིང་དུ་རྒྱ་ཇེ་ཆེར་ཁྱབ་པ་ལས་བོད་ཀྱི་སྐད་ཡིག་ཀྱང་རྒྱ་ཇེ་ཆེར་ཁྱབ་པར་གྱུར་དང་འགྱུར་བ་ནི་བོད་ཀྱི་སྐད་ཡིག་དང་བོད་ཀྱི་ཆོས་སོགས་འདུས་པའི་རིག་གནས་གཉིས་འབྲལ་ཐབས་མེད་པ་ཞིག་རེད། བོད་ཀྱི་ཆོས་དང་རིག་གནས་དར་ཡུལ་གྱི་ཆ་ནས་བལྟས་ན། ཚན་རིག་དང་དཔལ་འབྱོར་སོགས་ཤིན་ཏུ་དར་བ་དང་དར་བཞིན་པའི་རྒྱལ་ཁབ་དང་ཡུལ་ཁམས་ཡིན་པས་བོད་ཀྱི་ཆོས་དང་རིག་གནས་ཀྱི་དར་ཚད་ནི་ཤིན་ཏུ་མགྱོགས་པོར་གྱུར་དང་འགྱུར་བཞིན་ཡོད་པ་ནི་སྨོས་མ་དགོས་པ་ཞིག་གོ། །
ལྔ་པ། བོད་ཀྱི་སྐད་ཡིག་སློབ་གསོའི་ཁ་ཕྱོགས་ཀྱང་། །
འཛམ་བུ་གླིང་ལ་སྤེལ་བའི་ཕུགས་བསམ་དགོས། ། 
          བོད་ཀྱི་སྐད་དང་ཡི་གེ་དེ་རང་མི་རིགས་གཅིག་པོས་སྤྱོད་པས་མི་ཆོག་པར་མི་རིགས་གཞན་པ་དག་དང་ཡང་ན་འཛམ་གླིང་དུ་བོད་ཀྱི་སྐད་ཡིག་གི་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་ནི་དུས་རབས་ཀྱི་འོས་འགན་ཡིན་ཚེ་ཧ་ཅང་གལ་ཆེ། དེང་སང་གི་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཡུལ་གྲུ་མང་པོ་ཞིག་ཏུ་བོད་ཀྱི་རིག་གནས་ཞིབ་འཇུག་གི་བྱ་བ་དང་ནང་བ་སངས་རྒྱས་པའི་བསྟན་པ་དར་བཞིན་པའི་དུས་སུ་གོ་སྐབས་ཡག་པོ་དམ་འཛིན་བྱས་ནས་བོད་ཀྱི་སྐད་ཡིག་འཛམ་གླིང་དུ་རྒྱ་ཇེ་ཆེར་སྤེལ་ཐུབ་མིན་ང་ཚོའི་མི་རབས་ལ་རག་ལས། གལ་ཏེ་ང་ཚོས་དེང་སང་ནས་བོད་ཀྱི་སྐད་ཡིག་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཡུལ་གྲུ་གཞན་དུ་སྤེལ་ཐུབ་ན་འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་དེའང་འཛམ་གླིང་ལ་ཕྱོགས་པའི་ཐོག་མའི་གོམ་སྟབས་བསྒྱུར་བ་ལྟ་བུ་རེད། དེང་དུས་འགྲོ་བ་མིའི་རིགས་འཕེལ་རྒྱས་འགྲོ་བཞིན་པའི་དབང་གིས་འཛམ་གླིང་གི་རྒྱལ་ཁབ་དང་རྒྱལ་ཁབ་བར་དང་། མི་རིགས་དང་མི་རིགས་བར་ཕན་ཚུན་འབྲེལ་འདྲིས་ཧ་ཅང་ཉེ་བར་འགྱུར་བའི་དུས་སུ་སྐད་ཡིག་ནི་ཐོག་མའི་ལག་ཆ་ལྟ་བུ་ཡིན་ལ་དེ་བཞིན་བོད་ཀྱི་མདུན་ལམ་འཛམ་གླིང་དང་འབྱུང་འགྱུར་ལ་ཕྱོགས་པའི་གོམ་པ་དང་པོ་ནི་བོད་ཀྱི་སྐད་ཡིག་གཅིག་གྱུར་སྟེང་རྒྱ་ཆེར་ཁྱབ་གདལ་གཏོང་དགོས་པ་ཡིན་ཞིང་ང་ཚོ་མི་རབས་འདིའི་ཕྲག་ཐོག་ཏུ་བབས་པའི་དུས་རབས་ཀྱི་ལས་འགན་ཉག་གཅིག་ཡིན་པར་སུས་ཀྱང་བསྙེན་དུ་མེད་དོ། །
དྲུག་པ། དེང་རབས་བོད་ཀྱི་སྐད་ཡིག་དར་མིན་ནི། །
གངས་ཅན་གཞོན་རབས་རྣམས་ལ་ཁྱད་པར་རག། 
          རང་རེ་བོད་ལ་མཚོན་ནས་བཤད་ན། ད་ལྟ་ང་ཚོའི་མི་རབས་འདིས་སྦྱོང་བ་དང་སྤྱད་ཆོག་པའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ནི་མི་རབས་སྔ་མ་རྣམས་ཀྱིས་དཀའ་བ་ཁྱད་བསད་ཅིང་ངལ་བ་དང་དུ་བླངས་ཏེ་ལ་ལས་ལུས་སྲོག་བློས་བཏང་བའི་མཛད་རྗེས་ལས་བྱུང་བ་ཡིན་སྨོས་མ་དགོས། མི་རབས་སྔ་མ་རྣམས་ཀྱིས་ང་ཚོའི་མི་རབས་ལ་དེ་འདྲའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཕྱི་ནང་གི་རིག་གནས་ཕུན་སུམ་ཚོགས་པ་བཞག་མིག་དཔེར་བཟུང་སྟེ་ང་ཚོའི་མི་རབས་འདིས་དེ་བས་ཀྱང་འབད་པ་བརྒྱ་འགྱུར་གྱིས་སྲོལ་བཟང་རྒྱུན་འཛིན་དང་། དེང་ལེགས་གསར་གཏོད་ཅེས་དགོས་པ་སོགས་གང་ཡིན་ནའང་རང་གི་སྐད་དང་ཡི་གེ་ལ་བརྟེན་དགོས་པ་ནི་ཐབས་ལམ་གཅིག་པུ་ཡིན་པའི་ཕྱིར་ན་ང་ཚོའི་མི་རབས་འདིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་རྒྱ་ཆེན་པོ་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེ་ཞིང་། ཁྱད་པར་དུ་ང་ཚོའི་མི་རབས་འདིའི་གཞོན་རབས་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་ནི་ཤིན་ཏུ་གལ་ཆེ་སྟེ།  མདོར་ན་བོད་ཀྱི་ན་གཞོན་ཚང་མས་མི་རིགས་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་སྐད་དང་ཡི་གེ་སྤངས་ཚེ་མི་རིགས་ལ་བརྩེ་དུང་ཡང་ཞོར་དུ་མེད་འགྲོ་བས་སློབ་གསོའི་བྱ་བ་དེ་དོན་ཆུང་དུ་བརྩི་རུང་བ་ཞིག་རྩ་བ་ནས་མིན། དེང་ཕྱིན་ཡང་དེ་དང་འབྲེལ་བའི་བྱ་བ་ཆེ་ཆུང་གང་ཡང་འཆོར་མེད་དུ་འཛིན་རྒྱུ་དང་། བོད་ཀྱི་སྐད་དང་ཡི་གེ་ནམ་ཡང་གཙོ་བོར་བཀུར་ནས་བརྩོན་པ་བྱེད་རྒྱུ་ངའི་རེ་བ་ཡིན།[⑥]ཞེས་པ་ནི་བོད་ཀྱི་རྒན་པོ་ཞིག་གི་སྙིང་ཁོག་རུས་པའི་གཏིང་གི་སེམས་གཏམ་ཁོ་ན་མ་ཡིན་ནམ།
བདུན་པ། བོད་ཀྱི་སྐད་ཡིག་དར་རྒྱས་གཏོང་བ་ལ། །
སྐད་ཡིག་གཞན་རྣམས་གྲོགས་སུ་འཛིན་པ་གལ། ། 
          དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་པའི་བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཕྱོགས་ཐམས་ཅད་ཡར་རྒྱས་གོང་འཕེལ་གཏོང་བ་ལ་བོད་རང་གི་སྐད་ཡིག་སྦྱོང་སྤྱད་སྤེལ་གསུམ་ཙམ་གྱིས་མི་ཆོག་པར་མི་རིགས་གཞན་པ་དང་ཁྱད་པར་དུ་རིག་གནས་དང་ཚན་རིག་ལག་རྩལ་སོགས་ཕུན་སུམ་ཚོགས་པའི་མི་རིགས་དག་གི་སྐད་ཡིག་སློབ་སྦྱོང་དགོས་པ་ནི་དུས་རབས་ཀྱི་འཕེལ་ཕྱོགས་ཤིག་ཡིན་པར་མ་ཟད་མེད་ཐབས་མེད་པ་ཞིག་ཀྱང་ཡིན་པར་གྲུབ། བོད་ལ་མཚོན་ན་མི་རིགས་གཞན་པའི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་པ་དེ་ནི་བོད་རང་གི་སྐད་ཡིག་ཡར་རྒྱས་གོང་འཕེལ་འགྲོ་བའི་གྲོགས་སུ་འགྱུར་དགོས་པ་ལས། གལ་སྲིད་མི་རིགས་གཞན་པའི་སྐད་ཡིག་སྦྱངས་ནས་བོད་རང་གི་སྐད་ཡིག་ཉམས་འགྲོ་བ་དང་རང་གི་སྐད་ཡིག་གི་ཚབ་བྱེད་པ་ཞིག་ཏུ་འགྱུར་བར་བྱ་བ་མི་རིགས། བོད་ཀྱི་གཏམ་དཔེར། 
སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། །
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །ཞེས་གསུངས་པའི་དགོངས་དོན་རྣམས་ཐུགས་ལ་འཛིན་པ་ཤིན་ཏུ་གལ་ཆེ་སྙམ་ཞིང་། གལ་ཏེ་སྐད་རིགས་མང་པོ་ཞིག་ཤེས་པ་དེ་བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ་ཉམས་པའི་རྐྱེན་ཞིག་འགྱུར་བ་ཡིན་ན་དེ་ནི་ཤིན་ཏུ་རིགས་པ་ཤིག་མ་ཡིན་ཏེ།   ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས།
སྐད་བརྒྱ་ཤེས་ཀྱང་མང་བའི་སྐྱོན་མེད་ཀྱང་། །
ཕ་མས་བསླབས་པའི་རང་སྐད་དོར་བ་འདི། །
མ་འོངས་རིགས་ཀྱི་སྲོག་རྩ་ཕྲ་མོ་དེ། །
འཆད་པའི་སྔ་ལྟས་ཡིན་པ་ཤེས་པར་གྱིས། །[⑦]ཞེས་གསུངས་པའི་དགོངས་དོན་ངེས་པར་བྱའོ། །
          འོ་ན་བོད་རང་གི་སྐད་ཡིག་སློབ་སྦྱོང་གཙོ་བོར་བཟུང་བའི་ཐོག་ནས་མི་རིགས་གཞན་པའི་སྐད་ཡིག་སློབ་སྦྱོང་བྱ་བའི་འབྲེལ་བ་ཇི་ལྟར་འཛིན་དགོས་སྙམ་ན།  བོད་རིགས་གཞོན་ནུ་ཚོས་བརྩོན་པ་ཆེར་བསྐྱེད་ཀྱིས་བོད་ཡིག་སློབ་དགོས་པ་མ་ཟད། མི་རིགས་གཞན་གྱི་སྐད་ཡིག་མཐར་ཕྱིན་པ་སློབ་དགོས་ངེས་ཡིན། དེའང་མི་རིགས་གཞན་གྱི་སྐད་ཡིག་སློབ་པའི་དགོས་པ་ནི་ཤེས་རྒྱ་ཆེ་རུ་གཏོང་བ་དང་། བོད་ཀྱི་སྐད་ཡིག་ཕུན་སུམ་ཚོགས་སུ་གཏོང་བ་ལས་བོད་ཀྱི་སྐད་ཡིག་རྩ་མེད་དུ་གཏོང་བའམ་ཉམས་དམས་སུ་གཏོང་བའི་རྐྱེན་དུ་འགྲོ་མི་རུང་བ་ནི་རྩ་བའི་རྩ་དོན་ཡིན་པས་ཐུགས་ལ་ངེས་གལ་ཆེ།[⑧]ཞེས་གསུངས་པའི་དགོངས་དོན་ངེས་པར་བྱ་བ་ནི་ཤིན་ཏུ་གལ་ཆེ་བའོ། །
སྨྲས་པ།
            གདོང་དམར་བོད་ཀྱི་ཕ་མེས་ཡང་མེས་ནས། །
            བརྒྱུད་པའི་སྐད་ཡིག་བཟང་པོའི་བཀའ་དྲིན་ལས། །
            ཆོས་དང་རིག་གནས་ཕུན་སུམ་ཚོགས་པའི་དཔལ། །
            འཛམ་གླིང་ཕན་བདེ་འབྱུང་བའི་རྒྱུར་གྱུར་ཅིག ། ཅེས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ་རིག་པའི་ཁུ་བྱུག་རྣམ་དཔྱོད་མཆོག་གི་སྡེར་འབོད་པས་ད་ལྟའི་བོད་ཀྱི་ན་གཞོན་རེ་ཟུང་གིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་མི་བྱ་བའི་ངན་སྤྱོད་ཅན་རྣམས་ལ་ཕན་པར་རེ་བའི་ཀུན་སློང་གིས་བྲིས། དེང་རབས་བོད་ཀྱི་སྐད་ཡིག་གི་ད་ལྟའི་གནས་ཚུལ་དང་མ་འོངས་པའི་མདུན་ལམ་སྐོར་བཤད་པའི་ཚུལ་རྒྱས་པ་ནི་ཁོ་བོས་བྲིས་པའི་དེང་རབས་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་རིག་པའི་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །ཞེས་པའི་སློབ་དེབ་ལ་ཞིབ་ཏུ་གཟིགས་ནས་ཤེས་པར་བྱ་དགོས་སོ། །

 [①]ཉན་ཤུལ་མཁྱེན་རབ་འོད་གསལ། བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་བཤད་པ། ཤོག་ངོས༡༣ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ལོའི་ཟླ༡༠པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
 [②]ཉན་ཤུལ་མཁྱེན་རབ་འོད་གསལ། བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་བཤད་པ། ཤོག་ངོས༡༨ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ལོའི་ཟླ༡༠པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
 [③] ཚེ་ཏན་ཞབས་དྲུང་། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་ལྔ་པ། ཤོག་ངོས༤༤༠ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ལོའི་ཟླ༧པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
 [④] སློབ་དཔོན་ཐོན་མི། སུམ་ཅུ་པ།
 [⑤] ཉན་ཤུལ་མཁྱེན་རབ་འོད་གསལ། བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་བཤད་པ། ཤོག་ངོས༣༦ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ལོའི་ཟླ༡༠པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
 [⑥]བསེ་ཚང་བློ་བཟང་དཔལ་ལྡན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཚུགས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་རིག་གཞུང་དཔྱད་རྩོམ། ཤོག་ངོས༡༩ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ༣པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[⑦]མུ་པོས་གཙོ་སྒྲིག་བྱས། བོད་ཀྱི་གནའ་དེང་གི་རྩོམ་ཡིག་གཅེས་སྒྲིག (མཁྱེན་རབ་འོད་གསལ། ཐོར་བུའི་ཚིགས་བཅད་ཀྱི་ལམ་ནས་བདེན་དོན་འཚོལ་བའི་ལམ་བུ།) ཤོག་ངོས༢༦ མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ༩པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
[⑧]ཉན་ཤུལ་མཁྱེན་རབ་འོད་གསལ། བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་བཤད་པ། ཤོག་ངོས༡༧སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ལོའི་ཟླ༡༠པར་པར་གཞི་དང་པོ་ཐེངས་དང་པོར་དཔར། 


འབྲེལ་ཡོད་འོས་སྦྱོར།