བསེ་མགོན་པོ་རྒྱལ་གྱི་སྙན་ངག་ཚན་པ་འགའ།
བསེ་མགོན་པོ་རྒྱལ།
ཨ་མས་ང་རང་ནར་སོན་པར་སྒུག་ཡོད།
བསེ་མགོན་པོ་རྒྱལ།
ཨ་མས ཆར་ནང་ནས་རྒུམ་ཞིང
རླུང་ནང་ནས་བོར་ཟིན་པ་ག་ཚོད
ང་ལ་བཞག་པའི་མི་ཡུལ་གྱི་ཟས་རིན་ཙམ
བློས་བཏང་བའི་མཛེས་པ་མཐའ་དག
ཉག་ཕྲ་བའི་ཚེ་སྲོག་ཆུང་ཆུང་ལ་གཞལ་དོན
འཇིག་རྟེན་གྱི་ཨ་མའི་སེམས་པ་ཡིན
ནར་སོན་རྒྱུ་མེད་པའི་ལང་ཤོར་ངས
དམ་པས་སེམས་ཉིད་སྲུང་བ་བཞིན
སྒོ་ཁྱིས་ལྷས་ར་སྲུང་བ་བཞིན
ཨ་མའི་སེམས་བརྟེན་གཉོར་ནས
ལང་ཚོའི་རི་མོ་ཡིག་ཚོགས་ཀྱི་ལྟོངས་སུ་སིམ
བཞུར་བཞིན་པའི་སྐར་ཆའི་བར་གསེང་ན
རྒས་བཞིན་པའི་ང་རང
ཨ་མའི་སེམས་ན་ནམ་ཡང་བྱིས་པ་ཡིན
སྨོན་ལམ་གྱིས་ཟིན་པའི་ས་ཕྱོགས་གང་དུ
འཚངས་ཁ་རྒྱག་བཞིན་པའི་ཨ་མས
ཅེར་བའི་མིག་ཟུང་གི་ཆུ་མགོ་སྐམ་རག་དང
རྡེག་པའི་རྐང་པ་རྡོ་ལ་ཐོག་རག་བར
གཅེས་ཕྲུག་གི་དར་རྒུད་ལ
བསང་མཆོད་ཀྱི་དུ་བ་མ་ཆད་པར
མཐོ་པའི་སྒང་གཞུང་རླུང་རྟའི་ཁ་བས་གཡོགས
རིང་བའི་བཞུད་ལམ་ལ་ཁ་བཏགས་ཀྱི་འཇའ་ཚོན་སྤྲས་ཞོར
དུས་གཏན་དུ་སྐྱབས་འཇུག་གི་ཁ་བཏོན་མུར་ནས
ཆེས་མཐའ་མའི་འཇིག་རྟེན་དཀར་ངོགས་ན
ཉིན་ཞག་གི་མ་ནི་ལྟེངས་བཞིན
ང་རང་ནར་སོན་པར་སྒུག་ཡོད
བར་ཐག
བར་ཐག དྲོད་དང་ལག་པའི་བར་ཐག
རིངས་ན་གྲང་ཉེན་ཆེ
ཐུངས་ན་བསྲེག་ཉེན་ཆེ
དྲོད་གྲང་སྙོམས་པའི་བར་ཐག
ལྷ་ཡུལ་བགྲོད་པའི་རྨུ་ཐག་དཀར་མོ
བར་ཐག ཁ་དང་ལག་པའི་བར་ཐག
རིངས་ན་སྟོང་ཉེན་ཆེ
ཐུངས་ན་འཛོལ་ཉེན་ཆེ
ཁ་དོན་ཚིག་ལ་གནས་པའི་བར་ཐག
སྙན་གྲགས་ཀྱི་དར་སྐུད་རིང་མོ
བར་ཐག རིངས་ན་འགལ་ཉེན་ཆེ
ཐུངས་ན་སུན་ཉེན་ཆེ
འགྲོགས་ཡུན་རིང་བའི་བར་ཐག
སེམས་པ་ཆ་གཅིག་གི་སྡོམ་ཐག
གྲང་ངར་གྱི་ལྷག་རོ།
འཁྱགས་རོམ་སྦུབས་སུ་བྲུལ་ནས
ལྗང་སྨྱུག་གི་སྲོག་རྩར་སིམ
དཔྱིད་རླུང་དལ་གྱིས་ལྡང་སྟེ
ཡོད་ཚད་ཀྱི་བྲང་གཞུང་རྡུང
ཡིན་ཡང གྲང་ངར་གྱི་ལྷག་རོ
ཁངས་ཆར་དང་འདྲིལ་ནས
ཚེ་སྲོག་ལ་སྙོམས་སྒྲིག་ཡང་ཡང་བྱས
ཞེ་གཉོམ་པའི་ཕྱི་མིག་གི་ཀློང་ན
གང་ཞིག་ལ་ཉིས་ཤད་ཐོབ་པ་ག་ཚོད
སྐད་ཅིག སྐད་ཅིག་ལ
དབང་བའི་གཞུ་ནང་དུ་ནུབ
རྣམ་རྟོག་ཁྲི་ཕྲག་གི་དྲན་ཤིང
དྲི་བཞོན་གྱིས་ཕྱོགས་མེད་དུ་སྐུར་ཅིང
གནམ་ལྕགས་ཀྱི་ཞེ་སྡང
སུ་ལ་གསལ་ནའང
དབྱར་གཞུང་བསུ་བའི་འདུན་པ
སྐྱེ་དགུར་འཇགས་ནུས་སམ
ཁྱོད་སུ་ཡིན
ལོབས་སླ་ཞིང་འགལ་དཀའ་བའི་ང
རྒྱལ་དཀའ་ཞིང་ཕམ་སླ་བའི་རླུང་ཁར་བསྐྱོན་དུས
དུང་ཞེན་གྱི་འོ་མས་བསུས་ཏེ
བརྩེ་ཞེན་གྱི་མར་མེ་རྒུམ་མཁན
ཁྱོད་སུ་ཡིན
དེ་རིང་གི་མིག་མཐའ་སང་ཉིན་གྱི་འཚོ་བ་འཁྱིལ་བའི་ང
ཞེན་ཆགས་ཀྱི་སྙིང་ཁར་གྱེས་བྲལ་གྱི་རྨ་ཁ་སིམ་དུས
རྒྱང་རིང་ནས་ཉེ་སར་བཅར་བའི་གཏམ་རྒྱུད་གང་མང
གཏམ་རྒྱུད་ཀྱི་ཚགས་སུ་བསྒྲིགས་ཏེ
རེ་བཞག་གི་མཁར་ཁ་ཡིད་ཆེས་ཀྱི་ལྕགས་རི་འཐེན་མཁན
ཁྱོད་སུ་ཡིན
ལོ་ཟླའི་བང་རིམ་གསེབ་ནས
རེ་འདུན་མང་བོ་ཞིག་ཤི་ནས་རུལ་ཚར་རུང
འཆར་གཞི་གང་མང་ཞིག་རྒས་ནས་རུལ་ཟིན་ཡང
ཁ་སང་གི་ལོ་རྒྱུས་དེ་རིང་གི་བརྗེད་ཐོ་བཀོད་ནས
སང་ཉིན་ལ་མཛེས་སྡུག་གི་རྨི་ལམ་སྐྲུན་མཁན
ཁྱོད་སུ་ཡིན
ཁྱོད་རང་ལང་ཚོའི་མཆོད་པ་དང་མཉམ་དུ
དང་བའི་ཡིད་ཆེས་དང་ལྷན་དུ
ངའི་འཇིག་རྟེན་དུ་ཕེབས་པ་ནས་བཟུང
ངའི་སྙན་ངག་གི་དོ་ར་བརྒྱན་ཅིང
རེ་སྒུག་གི་ཆོད་སེམས་བརྟན