logo

སློབ་ར་དང་ངའི་སྙན་ངག་གི་ལེ་ཚན།

རྩོམ་པ་པོ།:བན་ཤུལ་གདུགས་དཀར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-25 ཀློག་གྲངས།:

སློབ་ར་དང་ངའི་སྙན་ངག་གི་ལེ་ཚན།
                                      བན་ཤུལ་གདུགས་དཀར་རྒྱལ།
སློབ་རའི་ཞོགས་པ

སློབ་རའི་ཞོགས་པ་དེ
པེ་ཅིན་གྱི་སྔ་མོའི་དུས་ཚོད་དྲུག་དང་མཉམ་དུ
ང་ཚོའི་སློབ་སྟོན་ཀྲུའུ་རིན་ལེ་དང་ལྷན་དུ
རིག་འཛིན་སྒྲོལ་མས་བཏང་བའི་གནའ་སྔ་མོའི་གཞས་དང་བསྡོངས་ནས
བྱིས་པ་ཚོའི་རྨི་ལམ་ལས་སད་ཅིང་ངའི་སྔས་གོང་ལ་བབས་བྱུང


སློབ་རའི་ཞོགས་པ
ཨ་མ་ཚོའི་མེ་ཁ་མ་གསོས་གོང
ཨ་ཕ་ཚོའི་ལྷ་བསང་མ་བཏང་གོང
སྟག་ཤར་ཚོ་ཕྱི་ནས་མ་ལོག་གོང
གནམ་སྔོན་པོའི་ཐུ་འོག་དྲོན་མོ་ནས
ས་ཆེན་པོའི་འདབ་ཁ་ཡངས་མོ་ནས
བྱིས་པ་ཚོའི་ཞོགས་པ་ཚེས་བྱུང


སློབ་རའི་ཞོགས་པ
ཆེས་དྭངས་གཙང་གི་མཁའ་དབུགས་ཡིན་པའི་བཤད་རྒྱུན་ལས
བྱིས་པ་ཚོའི་ལྷད་མེད་པའི་དགོད་སྒྲར་སིམ་བྱུང
མལ་ལས་འགྲེ་ལྡོག་རྒྱབ་ནས་ཀླལ་རྒྱང་དང་བཅས
ཁ་ངོ་ལག་པས་འཕུར་ཞོར་རྒྱུགས་འདུར་དང་བཅས
རེ་རེ་བཞིན་སློབ་ཁང་དུ་ལྷགས་དུས་ནི
བྱིས་པ་ཚོའི་ཐོག་མའི་འཚོལ་སྙེགས་ཀྱི་གོམ་ཁ་དང་པོ་ལགས


ཞོགས་པ་དང་ལྷན་དུ་འབར་བའི་བསང་མེ་ནི
ངས་ཁྱེད་ཚོར་བསྒྲོན་པའི་ལམ་སྟོན་ཡིན
ཞོགས་པ་དང་མཉམ་དུ་བསྡེབས་པའི་གླུ་གཞས་ནི
ངས་ཁྱེད་ཚོར་ཕུལ་བའི་སྨོན་འདུན་ཡིན
ཞོགས་པ་དང་དཔུང་དུ་བཤིབས་པའི་གོམ་སྟབས་ནི
ངས་ཁྱེད་ཚོར་བཏོན་པའི་རྣམ་འགྱུར་ཡིན


ངའི་ཞོགས་པ   ངའི་སློབ་རའི་ཞོགས་པ
བྱིས་པ་ཚོའི་དུས་གསུམ་གྱི་ཞོགས་པ་གང
མཐོ་སྒང་གི་གཡང་ནས་ཚེས་བར་ཤོག

2012ལོའི་ཟླ6ཚེས18ཉིན་གྱི་ནངས་སྦྱོང་སྐབས་སུ་སྦྱར།

གཅེས་ཕྲུག་ཚོ    གནམ་གྱིས་སྲུངས།
                དྲུག་གཅིག་དུས་ཆེན་ལ་ཕུལ་བ།

ས་སྔོན་གནམ་སྔོན་གྱི་མཁའ་དབུགས་རི་ལུང་ལ་འཁྱིལ་ཞིང
རྩྭ་ཟིལ་གྱོན་པའི་མེ་ཏོག་སྤང་ཐང་ནས་ཚེས་དུས་ནི
སེམས་རྩ་ལ་ནེམ་ཤ་འཁོར་བའི་གཅེས་ཕྲུག་མང་པོ་ཞིག་གི་ན་ཚོད་དེ
དཔྱིད་ཉི་དྲོད་མོའི་མཆིན་བར་ནས་འཇབས་པའི་ཟླ་དྲུག་པ་རེད


ཟླ་དྲུག་པ
ཨ་མ་ཚོའི་སེམས་ཁོངས་ནས་སྨིན་ཏེ
བྱིས་པ་ཚོའི་མཛུབ་རྩེ་ལ་ལྷགས་བྱུང
དགེ་རྒན་ཚོའི་འཛུམ་ཀོང་ནས་ཚེས་ཏེ
སློབ་ར་ཡི་དགའ་ཚལ་དུ་བབ་བྱུང


རྩྭ་རྐང་ཞིག་གི་ཟིལ་ཤུགས་ཡིན་ལ
སྤང་ཐང་ཞིག་གི་ཁ་ཞེང་ཡང་ཡིན་པའི་སེམས་པ་འདི
གཅེས་ཕྲུག་ཚོའི་མཁའ་དབྱིངས་སུ་སྤུར་དུས
འཇའ་ཚོན་ལ་རེ་བའི་སེམས་འདུན་དེ་གནམ་གྱིས་སྲུང་བར་ཤོག


ས་སྨྱུག་དང་ལང་ཚོ་སྒོ་སམ་ལས་ཟད་ཞིང
བསླབ་དེབ་དང་མིག་ཟུང་ཉི་ཟེར་ལ་གཏོད་དུས
དུས་གསུམ་གྱི་ཐོང་གར་དཔྱངས་འདུག་པ་ནི་ངའི་མིག་ཆུ་སྟེ
གཅེས་ཕྲུག་ཚོའི་གངས་ཆུ་ལས་དྲངས་པའི་ལྷག་བསམ་དང
སྐྲ་རྩེ་ན་རྒྱུ་བའི་བློ་རིག་ལགས་པས
བྱིའུ་ཆུང་བཞིན་འཕུར་རྩལ་རྒྱས་བར་གནམ་གྱིས་སྲུང་བར་ཤོག


དྲུག་གཅིག་དུས་ཆེན་གྱི་དེ་རིང
ངས་གོམ་ཁ་ལྷོད་ལ་བབ་ནས
ངས་ས་སྨྱུག་ལོགས་སུ་བཞག་ནས
ངས་བསླབ་དེབ་ཁ་ངོབསུམ་ནས
ཐང་ཡངས་མོའི་ཁུགས་སོ་དང་པོ་ནས
ལྷ་རྒྱལ་གྱི་ཀི་བསོ་གཏོང་བཞིན
སེམས་པ་འདི་ཁྱོད་ཚོར་ཕུལ་ཡོད


ལུས་ཀྱི་ལྷུ་བར་ནས་མཆེད་པའི་སྙན་ཚིག་འདི
གོམ་བགྲོད་ཀྱི་སྟ་གོན་སྒྲིག་པར་ཤོག
ཡིད་ཀྱི་གཏིང་ཟབ་ནས་བསྲུབས་པའི་སྙན་ངག་འདི
མར་ལོ་སེར་པོ་ཞིག་གི་ཚུལ་གྱིས་བཞེས་རོགས་མཛོད
ངག་གི་སྤྱི་བརྟོལ་ནས་འབུས་པའི་ཁ་གཡང་དྲོན་མོ་འདི
གཅེས་ཕྲུག་ཚོའི་ཉིན་མཚན་ལ་བསྲིངས་ནས་གནམ་གྱིས་སྲུང་བར་ཤོག

2012ལོའི་ཟླ6པའི་ཚེས6ཉིན་གྱི་དགོང་སྦྱོང་སྐབས་སུ་སྦྱར།


འབྲེལ་ཡོད་འོས་སྦྱོར།