གངས་སྲས་འཇམ་དཔལ་རྒྱལ་གྱི་རང་མོས་སྙན་ངག་ཁག་ལྔ།
ང་ལ་མཁོ་བ་ནི་དྲོད་དང་འོད་གཉི་ག་ཡིན།
གངས་སྲས་འཇམ་དཔལ་རྒྱལ །
ཨ་མ་ངོ་ཤེས་པ་ནས།
ང་ཨ་མ་དང་གཏན་དུ་འབྲལ་མ་མྱོང་།
ཉི་མ་དང་འདྲིས་པ་ནས།
ཁོ་བོ་འོད་དང་བསྟུན་པར་འགྲོ།
ཨ་མ་ཉི་མར་བསམ་ཆོག་ལ །
ཉི་མ་ཨ་མར་བསམ་ཡང་ཆོག
ང་ལ་མཁོ་བ་ནི ། དྲོད་དང་འོད་གཉི་ག་ཡིན།
ཆོས་ཉིད །
གོ་ལ་དེ་མུར་འཁོར་ནས་འགྲོ །
དབྱིབས་ཟླུམ་པོ་ཡིན།
ཉི་མ་དང་ཟླ་བའང་དེ་བཞིན།
འཕེལ་འགྲིབ་ཀྱི་ངང་ན་ཡོད །
རི་རབ་དང་རྒྱ་མཚོ།
ཅིག་ཅར་འཕགས་ཤིང་། ཅིག་ཅར་བྲི།
འདུས་བྱས་དང་ཟག་བཅས་ཀྱི་
ཆོས་ཉིད་ཀྱང་འཁོར་མར་ཡོད །
བསླུ་བ་མེད་པ་སེམས་ཉིད་ལས་གཞན་ཅི།
མི།
མིའི་རྒྱུད་ན་མ་བཅོས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཤིག་ཡོད་ན །
དཀྱེལ་ཡངས་ཤིང་ཁོད་སྙོམས་པོའི་ས་ཆེན་གྱི་སྙིང་བོ་དེ་དོན་དམ་དུ་གྲུབ་ཅིང་།
ཚད་མེད་བཞི་ལྡན་གྱི་གང་ཟག་དེ་དེ་ཉིད་དུ་བཟུང་ཆོག་པར་ཞུ །
ས་ལམ་སྐྱབས་མཆི།
ས་ཆེན་པོ། ལམ་ཆེན་པོ།
འགྲོ་བ་རིགས་དྲུག་གི་ཁམས་ཆེན་པོ།
སྐྱབས་གནས་དཀོན་མཆོག་གི་ལམ་ཆེན་པོ།
ས་ཆེན་པོ་འཇིག་རྟེན་དྲོན་མོ །
ལམ་ཆེན་པོ་འཁོར་བའི་ཁ་ཞེང་།
ས་ཁ་བྲོ ། ལམ་བཀྲ་ཤིས །
བསླུ་མེད་སྐྱབས་སུ་མཆིའོ །
ཕ་ཡུལ།
ཕ་ཡུལ ། ཉི་མའི་ཁྱིམ་རྒྱུད་ན་ཡོད།
གྲགས་པའི་བ་དན་གཡོ་བཞིན །
སྲིད་པའི་རྩེ་མོ་ན་ཆགས་ཡོད།
ཕ་ཡུལ་ན། ཚེ་སྲོག་གི་དངོས་པོ་མོད་ལ།
གྲུབ་ཚུལ་རན་པའི་རླུང་ཁམས་ཆེན་མོ་ཡོད།
ད་དུང་འོད་དང་དྲོད་ཚད་ཀྱང་འདང་ངེས་ཤིག་ཡོད།
ཕ་ཡུལ་ན།
གདོད་མའི་གཙུག་ལག་ཡོད། བཙན་པོའི་ཕོ་བྲང་ཡོད།
གཙུག་ཕུད་དང་རྒྱ་ཕིབས་ནི། འཇིག་རྟེན་གྱི་ཅོད་པན་ཡིན།
ཕ་ཡུལ་ན །
དད་པའི་ཨ་ལོང་ཡོད་ལ །
འདྲེན་པའི་ལྕགས་ཀྱུའང་ཡོད་ངེས་པའོ །
འཁྱར་གླུ།
ནམ་ཟླ་ཇེ་འཁྱག་ནས་ཇེ་འཁྱགས་ཡིན་དུས།
ད་གཟོད་ཨ་མས་བཟོས་པའི་སློག་པ་དྲན་བྱུང་ལ།
ཨ་ཕའི་གཟུགས་བྱད་དེ་ཤར་མར་ཡིད་ལ་འཁོར་དུས།
སྡོད་དམངས་དཔང་ཡིག་དེ་བཟུང་ནས་ཡང་ཡང་ལྟ་དགོས་བྱུང་།
ཨ་མས་བསླབས་པའི་བྱིས་གླུ་དེ །
ཇི་ལྟར་བླངས་ཀྱང་མགྲིན་པ་བརྣངས་འདུག
ཨ་ཕའི་རིང་གི་གོམས་སྲོལ་དག་ཀྱང་ངོ །
ལམ་གྱི་ཨ་མ་དྲན་ཏེ། སོང་ཟིན་པའི་ཨ་ཕ་དེ་བས་ཀྱང་།