སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང《སྒོ་ཁྱི》།
《སྒོ་ཁྱི》
སྟག་འབུམ་རྒྱལ།
ཉི་རྩེ་ས་ལ་ཕོག་མ་ཐག ཁྱི་རྒན་རྒྱ་བོ་ཕྱི་རོལ་གྱི་ན་ཁུག་ཏུ་གྱོལ་འགྲོས་བྱེད་མགོ་བརྩམས་བྱུང་།
ཉིན་གཉིས་ཀྱི་ལམ་ཐག་ལ་ཁལ་མ་རྣམས་ཀྱི་རྗེས་ཉུལ་ཏེ་མཚེར་ས་འདིར་ཐོན་དུས་ང་རང་ཐང་ཆད་དྲེགས་ཏེ་ལྕེ་ཡང་བསྣར་དགོས་བྱུང་། ལམ་བར་ནས་ཀྱང་མིག་ནང་ལ་མི་རན་པའི་མི་དེར་ཟུག་དཀྲོགས་བྱས་ཏེ་རྟ་ལས་ཕབ་པ་ཡིན། དོན་དེ་རིམ་བཞིན་དུ་ངས་ཁྱོད་ཚོར་རྒྱས་བཤད་བྱས་ཆོག
དྲང་མོར་བཤད་ན། ངས་ཞག་མ་གཅིག་གི་དུས་ཚོད་སྤྱད་དེ་བསམ་གཞིག་བཏང་བཏང་མཐར་ད་གཟོད་མཚེར་ས་འདི་དང་། ཕྱི་རོལ་གྱི་ན་ཤུར་ན་བཞུར་བའི་ཆུ་ཕྲན། ད་དུང་ས་འདི་ནས་བྱུང་བའི་དོན་དག་དེ་ཡིད་ལ་འཁོར་ཐུབ་སོང་།
ང་རང་ད་སོ་མར་སྦྲ་སྒོར་ཐོན་པ་དང་བདག་པོས་ཁམས་མི་དྭངས་བའི་ཚུལ་གྱིས་མུག་མུག་ཅིག་བཤད་ཀྱིན་འདུག་ལ། ང་ཡོང་བ་མཐོང་འཕྲལ་ཁྲོ་གཏུམ་ངང་མྱུར་ཤུགས་ཀྱིས་ཡར་ལངས་ཏེ་ལག་གཡས་པས་སྒོ་འགྲམ་གྱི་ཕུར་བ་དེར་བསྙབས་ཏེ“ཟིར”སྒྲ་དང་བཅས་ང་ལ་གཏན་ནས་གཡུགས་བྱུང་བས། ངས་ཀྱང་འཚུབ་རྒྱག་གིས་བཤོལ་གཟུར་ཞིག་བྱས་པ་དང་རླུང་སྦུད་པ་ལྟར་སྤུ་རྩེར་རེག་ཙམ་ལས་མ་ཕོག་ཀྱང་། ང་རང་དེ་འཕྲལ་འབྲོ་དགོས་པ་བྱུང་། ང་ཁོའི་ཕྱོགས་ལ་སྡང་སེམས་མ་སྐྱེས། ངོ་མ་ཡིན། ངས་བདག་པོ་དེ་འདྲའི་ཁོང་ཁྲོ་ལངས་དོན་ཅི་ཡིན་པའང་མི་ཤེས།
ང་རང་ཕྱི་རོལ་གྱི་ཆུ་འགྲམ་དུ་སྤང་ཐོ་གཉིས་ཀྱི་བར་དུ་ཉལ་ཏེ་སྦྲའི་ཕྱོགས་སུ་རྒྱང་ལྟ་བྱེད་བཞིན་དཔུང་རྩའི་ན་སར་ལྕེ་ལྡག་བྱས་ཏེ་བསྡད། བདག་པོ་ད་དུང་སྦྲའི་ཕྱི་རོལ་ན་ཁྲོ་རྩུབ་ངང་ཕར་འགྲོ་ཚུར་འོང་བྱེད་ལ་སྟོད་གོས་ནག་པོའི་སྟེང་དུ་ཚི་དྲེག་དང་ཉི་འོད་བསྡེབས་ནས་འོད་ཡུག་ཙམ་བྱེད། ང་ལ་གློ་བུར་བའི་སྐྱོ་སེམས་ཤིག་སྐྱེས། ང་ལ་སྔོན་ནས་བཟུང་སྐྱོ་སེམས་ཀྱི་སྣང་བ་ཞིག་སྐྱེས་མི་སྲིད་དེ། མག་མོག་པོའི་བསམ་གཞིག་ལས་སྦྲ་ཁྱིམ་འདི་ཉིད་སྲུང་གང་ཐུབ་བྱེད་རྒྱུ་ནི་རང་གི་ཚེ་གང་བོའི་འགན་འཁུར་གཙོ་བོར་རྟོགས་ཡོད། བདག་པོས་ཕ་རོལ་བའི་ཉམས་འགྱུར་ལ་བལྟས་ནས་གདོང་སྐྱ་བོར་འགྱུར་དུས་དང་དེ་དག་གི་ངོར་བལྟས་ཏེ་ང་ལའང་འདི་ལྟ་བུའི་ཡིད་སེམས་སྐྱོ་བའི་སྣང་བ་ཞིག་སྐྱེས་མྱོང་།
ཐོག་དང་པོའི་སྐྱོ་སྣང་ཡང་མཚེར་ས་འདིར་བྱུང་བ་ཡིན་ཏེ་དུས་ཚོད་ནི་ན་ནིང་དབྱར་ཁ་རེད།
ཉིན་དེར་ཚ་བ་ཤིན་ཏུ་ཆེ་བས་ང་སྒོ་འོག་གི་གྲིབ་སོའི་ནང་དུ་འཛུལ་ནས་ཚ་བྱོལ་བྱས། ཁྱིམ་ཡོངས་རྫོགས་ཁུ་སིམ་གྱི་རྣམ་པ་ཅན་དུ་གྱུར་ཅིང་དོ་རྩར་རྒྱབ་ཁེན་པའི་བདག་པོས་མཛུབ་བར་གྱི་ཕྲེང་བ་ཉུལ་ཙམ་གྱིས་འདྲེན་བཞིན་ལན་རེར་ཁ་ཆེན་པོར་གདངས་ཏེ་གླལ་བསྒྱིངས་དང་བཅས་ངོ་གདོང་ལག་པས་འབྱིད་ཙམ་བྱེད། བདག་པོའི་བུ་ཆུང་རྒྱུགས་ཡོང་ནས་གཅེར་རྗེན་དུ་ངའི་སྐེ་ལ་ཞོན་ཏེ་རྟ་ཡིན་ཁུལ་གྱི་རྩེད་མགོ་བརྩམས། ངོ་མ་ཚ་གཟེར་ཆེ།
སྐབས་ཤིག་ལ་ཕྱི་རོལ་ནས་འབོད་སྐད་ཅིག་གྲགས་བྱུང་བས་ངའི་རྩེད་གྲོགས་སར་བབས། སྐད་དེ་ང་ལ་ཆ་རྒྱུས་གཏན་ནས་མེད་པར་སྣང་བས། དེ་འཕྲལ་ངས་ཡུན་རིང་གི་སྦྱོང་བརྡར་ལས་ཐོབ་པའི་ཉམས་ཤུགས་དེ་སྤྱད་ནས་ཕྱི་རོལ་དུ་རྒྱུགས་པ་ཡིན། འགྲུལ་བ་དེ་ནམ་རྒྱུན་ཁ་ཡག་ཚིག་འཇམ་དང་བཅས་ཁྱིམ་འདིར་ཡོང་བའི་མི་དབང་ཆེན་དེ་རེད། ན་ནིང་སྐམས་ཅིག་ཁྱེར......གཞེས་ནིང་ཤ་གཟན་ཞིག་ཁྱེར......དགུ་ནིང་བལ་དོས་ཤིག......ད་ཐེངས......བསྟུད་མར་ངའི་མིག་ལམ་དུ་གློག་འཁྱུག་པ་ལྟར་འཆར་བཞིན་ཐེ་ཚོམ་མེད་པར་ཁོའི་གམ་དུ་མཆོངས། ཁོ་ས་ལྡིང་གནམ་ལྡིང་བྱས་ཏེ་ངུ་སྐད་ཀྱི་གདངས་ཤོར་ཞིང་། ཕྱི་ཀྱེད་གང་ཐུབ་ཀྱིས་རྒྱབ་ཏུ་ཁྲིད་པའི་རྟའི་སྲབ་མདའ་སྦོམ་པོར་རྐང་བར་དཀྲིས་ཏེ“ཨ——”ཞེས་ཐང་ལ་འགྱེལ། རྒྱབ་ཕྱོགས་ནས་བདག་པོའི་སྐད་ཐོས་པས་ན། ངས་ཀྱང་ངར་ལྷོད་ནས་བདག་མོས་མགོ་ལྤགས་བཟུང་བ་དང་བསྟུན་ནས་རྔ་མ་གཡུག་གཡུག་བྱས་ཏེ་ཁ་མ་གྲགས་པར་བསྡད། ཡུན་ཙམ་ནས་མི་དབང་ཆེན་དེས“ཧུ”སྒྲ་འདོན་བཞིན་ཡར་ལངས་པ་དང་བདག་པོའང་ཐོན་ཏེ་ལུས་སྟེང་གི་ས་རྡུལ་སྤྲུག་རོགས་བྱེད་དུས། ཁོའི་གདོང་མདོག་འཇིགས་རུང་ཞིག་ཏུ་གྱུར་ཅིང་ང་དང་འཕྲད་དུས་གར་སོང་མི་ཤེས་པའི་ཉམས་དེ་སླར་ཡང་སྟོན་བཞིན་བདག་པོའི་གདོང་ལ་མཛུབ་མོས་གཏད་དེ་སྡོགས་མོ་བྱས་བྱུང་། བདག་པོའི་གདོང་སྐྱ་བོར་གྱུར་ཅིང་རང་ཉེས་ངོས་ལེན་བྱེད་པ་ལྟར་མགོ་བོ་དུད་དེ་བསྡད།
མི་དབང་ཆེན་དེ་ཁོང་ཁྲོ་ལངས་དྲགས་ཏེ་རྫིག་རྫིག་འགའ་བྱས་ཤིང་འཕྲལ་དུ་ཕྱིར་འཁོར་ནས་འགྲོ་གྲབས་བྱེད་དུས་བདག་པོས་ཞུ་བ་བྱེད་བཞིན་ཁོར་འཐམས་ན་ཡང་སྤྲུག་ཙམ་གྱིས་རྟ་གོང་ལ་བུད་དེ་ཐག་དིར་རེ་བརྒྱུགས་སོང་། ངའི་བསམ་དོན་འགྲུབ་སོང(མི་འདི་རིགས་ལ་ང་གཏན་ནས་མི་དགའ)། བདག་པོ་རྟབ་རྟབ་པོར་གྱུར་ནས་འདུག་པ་དང་ཡང་བསྐྱར་ཁོང་ཁྲོ་ལངས་ཏེ་ང་ལ་སྡིགས་མོ་སྣ་ཚོགས་བྱེད་བཞིན་རྡོག་ཐོས་གཞུ་རྩིས་བྱེད་དུས་བདག་མོས་ང་གློད་བྱུང་། ཁོས་འཕྲལ་དུ་སྒོ་འགྲམ་གྱི་ཕུར་བ་དེ་བླངས་ནས་ང་ལ་དམིགས་ཏེ་འཕངས་བྱུང་ཡང་ངས་ངུ་ཟུག་དང་བཅས་བཤོལ་གཟུར་ཞིག་བྱས་པས་ཕོག......
དེ་ནི་ཁོའི་སེམས་ནང་གི་ནག་ཐིག་ཅིག་ཏུ་གྱུར་པ་ཡིན་ནམ།
ད་ནི་ཉིན་གུང་ཙམ་ལ་བསླེབས། ང་རང་ཡང་བསྐྱར་སྦྲའི་སྒོ་འོག་ཏུ་སོང་། ད་ནི་སྒོ་འགྲམ་ན་ཕུར་བ་མེད་པས། ངས་མཆུ་ཏོ་ལག་པ་གཉིས་ཀྱི་བར་དུ་བཞག་ནས་ཉལ་ཞིང་བདག་པོའི་གདོང་གི་རྣམ་འགྱུར་དང་བྱ་བྱེད་ལ་ཅེར་བཞིན་བསྡད། བདག་པོའི་བུ་ཆུང་བརྒྱུགས་ཡོང་ནས་ང་ལ་རྩམ་འཆང་ཞིག་བྱིན་ཏེ་མགོ་ལ་བྱིལ་བྱིལ་བྱས་པས་ངར་སྨྲ་མི་ཤེས་པའི་ངེས་ཤེས་ཤིག་སྐྱེས། བདག་པོས་ང་ལ་མིག་ཟུར་ཙམ་ཡང་མི་ལྟ་བར་གདོང་ནག་པོར་འདུག
ཅུང་ཙམ་འགོར་སོང་། མདུན་ཕྱོགས་ཀྱི་ཅུང་རིང་བའི་ས་ནས་སྐྱ་མི་གཉིས་ཚུར་བསྙེགས་ནས་ཐོན་བྱུང་། བདག་པོས་ང་ལ་སྡང་མིག་བགྲད་པས་ང་རང་དལ་གྱིས་ཡར་ལངས་ཏེ་སྐྱེད་རྒྱངས་ཤིག་བྱས་རྗེས་ཕྱི་རོལ་ཏུ་སོང་ནས་བལྟས་བསྡད་པ་ལས་དེ་གཉིས་ཀྱི་ཐོག་ཏུ་མ་བརྒྱུགས།
སྦྲ་ནང་དུ་འཛུལ་དུས་ངས་ངོ་ཤེས་སོང་། སློག་པ་ཤོམ་ཤོམ་དུ་གཅུད་ནས་གྲི་རིང་འཕྲེད་གཟར་བྱས་པ་དེ་ཁ་སང་གི་མི་དེའི་འགྲོ་གྲོགས་དེ་རེད། བདག་པོས་ཡང་བསྐྱར་གུས་ཤུགས་སམ་སྒྱིད་པ་ཞ་ཞ་བྱེད་བཞིན་ཁྱིམ་དུ་ཞུས་ཀྱང་མི་དེ་གཉིས་ཀྱི་གདོང་ན་ཉམས་འགྱུར་ཅི་ཡང་མི་འདུག
ང་ཕྱིར་སྒོ་འགྲམ་དུ་ཡོང་ནས་སྔོན་ལྟར་བསྡད་དེ་ཁྱིམ་གྱི་གཡོ་འགུལ་གྱི་སྣང་བརྙན་ལ་བལྟས། བདག་པོའི་གདོང་ན་བཙན་ཚུགས་ཀྱི་འཛུམ་དང་འགྲུལ་བའི་བཞིན་དུ་རྫུ་ཞིག......འདྲ་མཉམ་དུ་ཡོད་པ་ནི་ཇ་འཐུང་བ་ལ་སུ་ཡང་འཛེམ་བག་མེད་པ་དེ་རེད། ངའི་རྩེད་གྲོགས་བདག་པོའི་མདུན་དུ་བུད་ནས་ལན་རེར་བདག་པོའི་གདོང་ལ་ལྟ་བ་དང་མཚམས་རེར་འགྲུལ་བའི་གདོང་ལ་ཅེར་ཏེ་བསྡད། ཁོ་ཚོས་གླེང་མོལ་བྱས་བྱས་མཐར་བདག་པོ་སྒོར་བུད་དེ་ཕྱི་རོལ་ཏུ་བུད་སོང་ལ་འགྲུལ་བ་གཉིས་ཀྱི་གདོང་ལ་འཛུམ་ཞིག་རྒྱས། ང་ཡང་བསྐྱར་ཚིག་པ་གཏིང་ནས་ཟོས་ཤིང་ལག་པ་ན་སར་ལྕེ་ལྡག་བྱས།
ཅུང་ཙམ་འགོར་རྗེས་བདག་པོས་ཤ་གཟན་ཞིག་ཁྲིད་འོང་ནས་གཡོན་འགྲམ་གྱི་བེའུ་རྡང་དུ་བཏགས་ཤིང་། ཁྱིམ་དུ་འཛུལ་རྗེས་ཚང་མ་ལྷན་དུ་གད་མོ་ཞིག་བགད་བྱུང་། དེ་ནི་གནའ་བོའི་དགྲ་གཉེན་བར་དུ་འདུམ་འགྲིག་བྱུང་བའི་རྟགས་ཤིག་དང་འདྲ། ང་ལ་བཟོད་སྒོམ་བྱེད་མི་ཐུབ་པའི་ན་ཟུག་ཅིག་སྐྱེས།
ཁ་སང་གི་ཁོའི་འགྲོ་གྲོགས་དེ་དཔོན་པོ་ཞིག་རེད། ཁོས་རྟ་ར་ར་ཞིག་ལ་རྔ་མདུད་བརྒྱབ་ཅིང་ངའི་ཉེ་འགྲམ་བརྒྱུད་ནས་རྟ་རྒྱུག་བྱས་འོང་། ངའི་མིག་ལ་ཧ་ཅང་མ་རན་པར་གློ་བུར་བའི་འདུན་པས་ཁོའི་ཐོག་ལ་བརྒྱུགས། ངས་ཀྱང་བཤད་དཀའ། ཉེ་སྔོན་བདག་པོས་གདན་དྲངས་བའི་དཔོན་པོ་དེ་དང་འདྲ་བ་ཡིན་ནམ། ངས་སྣོམ་སྣོམ་ངང་ཁྱིམ་རྩ་ཉུལ་ནས་ཟས་རིགས་འཚོལ་དུས་མེ་འོད་ངོགས་ནས་ཁོས་ཤ་ཚོན་པོ་ཟ་བཞིན་ཡོད། ཁམ་གང......ཁམ་དོ......ཁམ་བཞི......ནམ་རྒྱུན་ང་ལ་དབང་བའི་ལྡུར་འཕྲོ་དེ་ཁོའི་དྲེལ་རྒན་ལ་བླུད་སོང་། ཧུབ......ཧུབ་གསུམ......ཧུབ......ངའི་མིག་ལམ་དུ་འཕྲོ་རིམ་འཕྲོར་ཤར་བའི་མོད། མཆོངས་ཐེངས་གཅིག་གིས་ཞོན་རྟའི་རྔ་མའི་ནང་དུ་རྨུགས། བདག་པོ་སོགས་མི་མང་པོ་ཞིག་གིས་འུར་སྒྲ་འདོན་བཞིན་ཕྱོགས་ཀུན་ནས་བརྒྱུགས་འོང་།
མཇུག་འབྲས་ནི་རྟས་གློག་འདྲོགས་ཤིག་བྱས་ཏེ་ཁོ་རང་རྟའི་གོང་ནས་ལྷུང་ཞིང་དལ་གྱིས་ས་རུ་འགྱེལ་སོང་བ་དེ་རེད། ངའི་བསམ་དོན་འགྲུབ་སྟེ་ཕྱིར་བདག་པོ་བུ་ཆུང་གི་གམ་དུ་རྒྱུག་འགྲོ་བའི་ལམ་ཁར་བདག་པོས་ཁ་ནས་གཤེ་གཤེ་གཏོང་བཞིན་རྡོ་ལབ་ཅིག་འཕངས་བ་དེ་ཏག་ཏག་ངའི་ལག་པའི་དཔུར་རྩར་ཕོག་བྱུང་། དང་ཐོག་ན་ཟུག་གི་སྣང་བ་མ་སྐྱེས། ......
དེ་ནི་ཁོའི་སེམས་ནང་གི་ནག་ཐིག་ཅིག་ཏུ་གྱུར་པ་ཡིན་ནམ།
བདག་པོས་སླར་ཡང་དོ་འགྲམ་ནས་འབྲེང་བ་ཞིག་བླངས་ནས་ཕྱིར་སྒོ་ཁར་བུད་དེ་ཤ་གཟན་དེ་བརྡབ་གསིག་ཅིག་གིས་མར་མནན་ཏེ་བཀྱིགས་པ་དང་། འགྲུལ་བ་གཉིས་ཀྱང་ད་གཟོད་སྒོར་བུད་དེ་ཐུ་བ་སྤྲུགས་ཙམ་གྱིས་རྟའི་གོང་དུ་བུད་ཅིང་བདག་པོས་ཤུགས་ཆེན་ངང་ལུག་དེ་བཀྱིགས་ཏེ་མི་ནག་གྱོང་བ་དེའི་པང་དུ་བཞག—ཁོང་གཉིས་ལྷས་འདབས་ན་འགྲོ་བཞིན་འདུག
ང་འདི་ལྟར་འདུག་མ་བཟོད་པར། སྐད་ཅིག་ལ་སྐྱ་མི་གཉིས་ཀྱི་རྗེས་སུ་བརྒྱུགས། བཟོད་པར་དཀའ། ངའི་གོམ་པ་དཀྱེལ་ཐེངས་རེ་རེའི་ནང་དུ་ལག་པའི་ན་ཟུག་ཅི་འདྲའི་མང་པོ་ཞིག་སྐྱེ་བཞིན་པ་སུ་ཞིག་གིས་རྟོགས་ནུས།བདག་པོས་ངའི་བསམ་ཚུལ་མཐའ་དག་ལ་རྒྱུས་ལོན་བྱེད་ཐུབ་བམ། ངས་གང་ལྕོགས་ཀྱིས་མི་ནག་གྱོང་བ་དེ་བསྙེགས་ནས་རྟའི་རྔ་མར་རྨུག་འཐེན་བྱས་པ་ཙམ་གྱིས་རྟ་དེའང་འདྲོགས་པ་དང་། གནམ་ས་རྡིབ་པ་ལྟ་བུའི་འཕྲ་ཤགས་ཤིག་ངའི་སྙིང་ཁར་ཕོག་སྟེ་ས་རུ་བསྒྱེལ་བས་ང་ལ་ཐོག་དང་པོར་སྔངས་སྐྲག་དང་སྙིང་ནད་ཀྱི་སྣང་བ་སྐྱེས། བདག་པོའང་རྗེས་ཕྱོགས་སུ་རྒྱུག་གིན་འདུག ངས་གང་ནུས་ཀྱིས་ཡར་ལངས་ཐབས་བྱས་ཤིང་མུ་མཐུད་དུ་གོམ་པ་འགར་རྒྱུག་རྩིས་བྱེད་དུས། བདག་པོས་གཡོན་འགྲམ་ནས་རྡོའམ་ཕུར་བ་ཞིག་འཕངས་ཏེ་ཏག་ཏག་ངའི་མགོའམ་སྙིང་ཁ།དཔུང་རྩ་གང་ཞིག་ཏུ་ཐེབས་ཏེ་འགྱེལ་སོང་བ་འདྲ། ངས་ཅི་ཡང་མ་ཤེས།མགོ་ནང་དང་རྣ་ནང་ཀུན་ནས་འུར་སྒྲ་ཝང་ཝང་དུ་གྲགས།དུས་ཅི་ཙམ་འགོར་བ་མ་ཤེས།ངའི་རྩེད་གྲོགས——བདག་པོའི་བུ་ཆུང་གཅེར་བུ་དེས་ཧ་ཅང་རྒྱང་རིང་བའི་གནས་ཤིག་ནས་སྐད་ཕྲ་མོས་ང་རང་འབོད་བཞིན་པ་ཐོས་འོང་།ངས་ཀྱང་ཆུང་དུས་ལྟར་རྔ་མ་གཡུག་གཡུག་བྱེད་བཞིན་ཡིད་དགའ་བའི་ཚུལ་གྱིས་ཁོའི་ཕྱོགས་སུ་རྒྱུག་དགོས་སམ། ད་ནི་སྐལ་བ་དེ་དག་ཐམས་ཅད་ཀྱང་འདི་ནས་བཟུང་མཇུག་རྫོགས་དགོས་པ་འདྲ།འབོད་སྒྲ་དེའང་རིམ་བཞིན་ངུ་སྐད་ཅིག་ཏུ་གྱུར་ནས་སྐད་ཅིག་སྐད་ཅིག་ལ་རླུང་གིས་ཁུར་ཏེ་ཧ་ཅང་རྒྱང་རིང་བོའི་ཕྱོགས་སུ་ཡལ།
ཉི་མ་ནུབ་རིར་ཡོལ་དུས། ཕྱི་རོལ་གྱི་ཆུ་འགྲམ་ན་ཁྱི་རོ་ཞིག་ལས་ཅི་ཡང་མཐོང་རྒྱུ་མ་མཆིས།