བན་ཤུལ་གདུགས་དཀར་རྒྱལ་གྱི་རང་མོས་སྙན་རྩོམ་འགའ།
བན་ཤུལ་གདུགས་དཀར་རྒྱལ། སྨྱུག་མིང་ལ་ལུག་རྫི་ཟེར། ད་ལྟ་འབའ་རྫོང་གི་གཞི་རིམ་
སློབ་ཆུང་ཞིག་ཏུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད།
བཤད་འདོད་པ་དེ་ཐད་ཀར་བཤད་ན
----བན་ཤུལ་གདུགས་དཀར་རྒྱལ
ཁྱོད་གང་གི་ཡ་ཆུང་དུ་སྨིན་པ་ནས
ངས་རྒྱུན་དུ་སྨྱུག་རྩེ་བརྡར་ནས་སྙན་ངག་བྲིས་མྱོང
གོམས་ལོབས་སུ་གྱུར་བའི་མནའ་ཚིག་དང
ལེན་ལོབས་སུ་སོང་བའི་སྣ་གླུ་རེ་རེ
ཁྱེད་ལ་བཅིངས་བའི་བརྩེ་འདང་གི་ཁ་དོག་ཙམ
ཁྱེད་སར་བསྒྲོན་པའི་སྨོན་འདུན་གྱི་འཚོལ་སྙེགས་ཡིན
མྱི་ཁ་ཡི་དམོད་ཚིག་མོད་པའི་སོ་མཚམས་སུ
ཀེར་རེར་ལངས་པའི་རྣ་ཅོག་འདི་ཁྱེད་ལ་ཕྱོགས་ནས
བདེན་རྫུན་གང་ཡིན་གྱི་གཏམ་རྒྱུད་རེ་ཐོས་བར
ངས་རེ་སྒུག་གི་ཤུགས་གླུ་བླངས་མྱོང་ཨང
མངོན་ཆུང་གིས་འཕགས་པའི་ལས་འཕྲོའི་རྨི་ལམ་ཞིག
སྟེས་དབང་གིས་རྨིས་པའང་གསོན་དུ་རེ་བའི་མྱུ་གུ་ལྗང་གུ་དེ་ཉིད
ད་དུང དུས་ཚོད་ཁ་ཤས་ཀྱི་གནང་སྦྱིན་མི་སེར་ལ་ཡོད་ན
མུན་པ་དེ་ཁྱེད་ཀྱི་བློ་ངོར་མངའ་བའི་ཐ་སྙད་ཡིན་ཞིང
ཉི་འོད་དེ་ངས་རྣམ་ཤེས་ཐོགས་པའི་སྙན་ཚིག་ཡིན
དེ་དག་གི་དུས་ན
བཤད་འདོད་པ་ཐད་ཀར་བཤད་དེ
སྙན་ངག་པའི་འཁྲེང་སེམས་ཁྱེད་ལ་ཆས་ཀིན་ཡོད
སྙིང་ཉེ་བའི་མི་ལ་སྙིང་ཉེ་བའི་སྐད་ཆ་རེ་བཤད་དགོས་པ་བྱུང་ན
----བན་ཤུལ་གདུགས་དཀར་རྒྱལ
སྡོང་ལོ་ལྗོན་རྩེ་ནས་སར་ཟགས་པ
དུས་ཚིགས་གང་ཞིག་གི་འཕེལ་འགྲིབ་ཀྱི་སྔོན་འགྲོ་རང་རེད
ཏག་ཏག སྟོན་མཇུག་གི་ཐང་དཀྱིལ་དུ་ཀྲོང་ངེར་སྡོད་ཚེ
བསམ་དབང་དང་འཆར་སྒོ་མེད་པའི་ངང
གློག་ཞགས་ཀྱི་ངུ་འབོད་རིང་མོས
ཁྱེད་གློ་བུར་དུ་བརྒྱལ་དུ་འཇུག་སྲིད་པས
ཟོལ་གྱིས་མ་བསླད་པའི་ངའི་ལག་ཟུང་འདིའི་
གཟུང་ཐག་མི་གློད་པར་ཞུ
ཁེར་བགྲོད་ཀྱི་ལས་ལ་སྟ་གོན་རྩོམ་དུས
སྡུག་ཡུས་རུམ་གང་གི་ན་ཟུག་ཁྱོར་བ་གང་བོ་འདིའི
ངན་ཁེག་དེ་ང་ལ་མ་འགེལ་རོགས
རྣམ་དག་གིས་བཏེགས་པའི་ཆང་ཕོར་གང་བོ་འདི
སྒོག་སེ་མིད་འགྲོ་བ་ཡང
སྙིང་གཏམ་ཤར་མར་བྱོ་བའི
སྙན་ངག་ཐུང་ངུ་འདིའི་བདེ་སྡུག་ལ་རེག་གོ
རྨི་ལམ
----བན་ཤུལ་གདུགས་དཀར་རྒྱལ
དབུགས་ཆད་ལ་ཁད་ཀྱི་ཉི་ཟེར་རྟ་རྔ་ཕྲ་མོ
སྐོམ་གདུང་གིས་གཟིར་འདྲའི་ནུབ་རིའི་ཕག་ཏུ་ཡིབ
ངལ་དུབ་ཀྱིས་གདུང་བའི་ལམ་འགྲོ་བ
དབུགས་ཧལ་ཧལ་གྱིས་མལ་དུ་སྔས
ཅི་ཞིག་གི་རྐྱེན་གྱིས་བཏེགས་པའི་འཕྲུག་སློང་དེ
ན་ཟུག་གིས་བདག་གི་བྲང་གཞུང་དུ་སྨིན་ཚེ
ཅིས་ཀྱང་དངངས་སྐྲག་དང་བཅས་སད་རན
རྨི་ལམ བདག་གི་རྨི་ལམ
ལན་རེར་ལམ་འཕྲང་འཇིག་སྲང་དུ་འབབ་ལ
སྐབས་རེར དམར་ལམ་ལམ་གྱི་མཆོད་ངོགས་སུ་འང་འབབ
ཡང་ན དམར་ཧྲང་ཧྲང་་གི་ལུག་ཤ་ལྟ་བུའང་སྲིད
མི་དོན་དཔྱད་ཤེས་ཀྱི་ངག་རྒྱུན་ལ
རྨི་ལམ་དུ་སྤྲུལ་དང་སྦལ་བ་ལག་ཡོང་ཡིན་ཟེར
ལུག་དང་ཤ་ཁོག་ནི་ལན་ཆགས་ཡིན་ཟེར
ཏག་ཏག ལུག་ཤ་དྲུད་པའི་རླངས་འཁོར་ཞིག་ཤར་མར་རྒྱུགས་འོངས་དུས
ད་གཟོད་ཞགས་གཅིག་གི་དྲན་པ་གསོ་བའི་རྟ་ལ་ཆིབས་སོང
དོ་ནུབ་ང་ཕ་ཡུལ་ན་ཡོད
----བན་ཤུལ་གདུགས་དཀར་རྒྱལ
དོ་ནུབ་ང་ཕ་ཡུལ་ན་ཡོད
ངས་ཡུན་རིང་སེམས་ཀྱིས་བསྐྱོར་བའི་བན་ཤུལ་རུ་སྡེ་རུ་ཡོད
ཕ་ཡུལ་ནི་ཕ་ཡུལ་དུ་གྲུབ་པར་བདེན་པའི་འདུ་ཤེས་རྟ་རྔ་ཕྲ་མོས
རང་དབང་གི་སྐྲ་ལོ་རླུང་ཁར་གསེད་པའི་སེམས་པ་དམར་རྗེན
ལག་མཐིལ་དུ་བླངས་ནས་ཁྱེད་ཀྱི་ནེམ་ཤ་ལེར་འཁྱིལ་བའི་བྲང་ཁོག་ལ་ཀླན་ཡོད།
སྒོ་ཁྱི་དང་སྒོ་ཟོག་གཉིད་ལ་ཤོར་བའི་ནམ་གུང་གི་དུས་འདིར
བསམ་བློ་དང་ལག་ལེན་གང་ཡང་མེད་པར་སྦྲ་སྒོར་ཡན་དུས
ཁད་ཀྱིས་འཇགས་པའི་རྩྭ་ཐང་འདི་ང་གཅིག་པུར་དབང་ལ
རྫ་རིའི་མགུལ་ནས་ཆད་པའི་སྨུག་སྤྲིན་གྱིས་མཐའ་འཁོར་ཡང་ངང་གིས་བཏུམ་འགྲོ
དེ་ཙ་ན ཨ་མའི་གྲུ་ཁུགས་སུ་གཉིད་དུ་ཡུར་བའི་གཅེས་ཕྲུག་གི་སྔུར་དབྱངས་སྙན་མོ
སྦྲ་ནག་གི་ཁ་འཚུབ་ལས་མཆེད་འོངས་དུས
ང་མི་ལོ་ཉི་ཤུའི་སྔོན་གྱི་ཨ་མའི་གནའ་གཏམ་གྱི་ཀློང་ལ་ཁྲིད་འགྲོ
བསང་དུད་དང་རེ་སྨོན་གྱིས་བརྟས་པའི་ཞོགས་པ་མཁའ་མཐའ་ནས་ཚེས་དུས
ཆུང་མས་ད་ནངས་གསར་དུ་བསྐོལ་པའི་འོ་ཇ་འཐུང་ཞོར
རང་ཡུལ་གད་པ་ཡིན་ཡང་སྐྱིད་ཀི་སྙམ་པའི་ཆོག་ཤེས་དེ་ཐོག་མར་སྐྱེས་བྱུང
དུར་ཁྲོད་ཀྱི་གཞོགས་ཤིག་ཏུ
----བན་ཤུལ་གདུགས་དཀར་རྒྱལ
དུར་ཁྲོད་ཀྱི་གྲང་འཁྱགས་དྲན་སྣང་དུ་གྲུབ་པ་ནས
བདག་གིས་དུར་ཁྲོད་དུ
ང་ཚོ་དང་ཁ་ཐག་ཉེ་བར་བཅར་ཚུལ་གྱི་དེབ་ཐེར་ཡོད་པ་ཤེས
གད་སྐྱིབས་ལ་དུངས་ཤ་འཆའ་བའི་སྤྲང་བོ་འགའ
དུར་ཁྲོད་ཀྱི་གཞོགས་ཤིག་ཏུ་བསྙེས་ནས
འཆལ་གཏམ་འགའ་དུར་བྱང་དུ་བཀོད་རྗེས
ཕྱིར་མཐེ་བོང་ཀེར་སའི་མི་གྲལ་དུ་ལོག་འགྲོ
དུར་ཁྲོད་དུ་རྨི་ལམ་རྨི་བའི་དུས་ཙ་ན
ཐ་སྙད་ལ་གཤོག་པ་ཐོགས་ནས་མི་སེམས་གཤེགས་འགྲོ་ལ
འདྲེ་ཚོགས་ཀྱི་འོ་དོད་ཀྱིས་བྱིས་པ་ཚོ་རྒྱལ་ཏུ་འཇུག་ནའང་ཐང
ནུབ་ཁའི་དབུགས་ཆད་ལ་ཁད་ཀྱི་ཉི་ཟེར་རྟ་རྔ་འདྲ་བོས
བདག་གི་དོན་ལྔ་སྣོད་དྲུག་གི་ཧྲག་བར་ལ་ལྕགས་གཟེར་བརྒྱབ་ནའང
དུར་ཁྲོད་དུ་ཚོ་དཔོན་སྡོད་པའི་རོ་ལངས་དེས
ང་ལ མེས་པོའི་དུར་ལམ་གྱི་ཚོར་བ་བསྟན་སོང༌།
ཐུ་འདབས་ནས་ནར་སོན་པའི་སྙན་ངག་པར་མཚོན་ན
དྲན་ངོས་ལས་བསུབ་ཐབས་བྲལ་བའི་མཚན་མོ་སྟེ
མར་མེ་ཁྲི་སྟོང་ལ་འཁྲེང་བའི་རིགས་སྔགས་ཀྱི་བྱིན་རླབས་དང
ཡར་ལངས་མར་གོག་གི་འགག་སྒོ་བརྒྱུད་པའི་རྣམ་ཤེས་ཀྱི་ས་བོན་ཞིག་རེད་ཨང༌།
ངས ངས ངས
རུས་སྒྲོམ་གང་དེའི་བྲང་ཁ་ནས་རྙེད་པའི་གསང་ཡིག་དེར་གསན་ན
ཁ་སང་དུ་འབོད་པའི་མི་བུ་ཞིག་གི་སྒལ་ཚིགས་འཚོལ་ན་འདོད
ཁེར་རྐྱང་གི་ངོས་ཤིག
----བན་ཤུལ་གདུགས་དཀར་རྒྱལ
རིགས་རྒྱུད་འདིའི་རྫ་སྒང་གི་ཉིན་སྲིབ་ལ་སྐོར་ཐེངས་གཅིག་རྒྱག་འདོད་ཀྱིས
འཕུར་རྩལ་གཉོམ་པོའི་གཤོག་ཟུང་འདི་རྡེབ་ཙམ་བྱས་དུས
སྒང་གཤོང་དང་རི་བྲག་གི་རྒས་གཉེར་མཐོང་ཞིང
རྫི་བོ་དང་ལུག་ཁྱུའི་འཇིགས་སྣང་དྲན
སྤྲིན་པར་ཆར་ཆུ་འཛད་པའི་ལོ་ཟླའི་ནང
དུས་ཚིགས་ལ་ཁ་དོག་མེད་པ་ངོ་མ་ཡིན་ལ
ཉི་འོད་ཀྱིས་མེ་ཏོག་བསྲེགས་པའང་བདེན་པར་སྣང༌།
ཚོར་བ་ཞིག ཁེར་རྐྱང་གི་སེམས་ངོས་ན་བཞུར་དུས
དར་ལྕོག་གི་གཟུངས་སྔགས་བྲག་ཅར་བཅོལ་བའི་གོ་དོན་དེ
བྲག་སྐྱིབས་དེར་གནས་བཅས་པའི་བྱ་ཁྱུ་དེའི་ལུང་བསྟན་དང༌།
འབའ་སྐད་ཀྱི་འཚོལ་སྙེག་དུ་བསྟར་བའི་ལུག་རྟིང་དེའི་ཨ་མ་ལགས
རྒྱུ་མཚན་གཞན་ཞིག་གིས ལྗང་མདོག་གི་ནགས་ལོ་འཚུབ་མས་ཁྱེར་བས།
འབྲོང་ཁྱུ་དེས་ཆེས་མཇུག་མཐའི་སྔོ་རྩྭ་ཁམ་གང་ལྡད་ཀྱིན
འགྲམ་པ་ལག་མཐིལ་ན་རྒས་པའི་སྐུ་དྲག་དེ་ཇི་བཞིན
ས་ཆེན་གྱི་ཕར་བར་བསྙེས་ནས་མནོ་བསམ་ཐོག་མ་གཏོང༌།
ཏག་ཏག སྤྲིན་དམར་ཁྲག་ཏུ་འཁྱིལ་བའི་སྲོད་ངོགས་སུ
སང་ཉིན་གྱི་ཞོགས་ལྗངས་ནུབ་མཐའ་ན་འཚེར་བ
སྲོང་བོའི་ལམ་གྱི་ཚངས་ཐིགས་ཅིག་སྣང་བའི་སེམས་འགྱུ་ཅི་ལ་མིན།
འདི་ལྟར སྟེས་དབང་གིས་གནས་ལུགས་ཀྱི་ཚལ་དུ་ངལ་ཞིག་གསོ་དུས།
རང་ཉིད་ཀྱི་གྲིབ་མར་ལྟེབ་བརྩེགས་རྒྱག་རན་དང་
ཞགས་གཅིག་གི་དྲན་པ་གསོ་བའི་སྙན་ངག་བྲིས་ཚར།
ཐོལ་བྱུང་མགྱོགས་ཏུ་བྲིས་པའི་ལམ་འཕྲོ
----བན་ཤུལ་གདུགས་དཀར་རྒྱལ
ལམ་ནི་མ་གཞི་ནས་སྣང་ངོར་གྲུབ་པའི་ཚོར་སྣང་སྐྱེན་པོ་ཞིག
སུས་ཀྱང་གོ་དོན་ལ་གཏིང་དཔག་དཀའ་བའི་ལུང་ཚིག་ཅིག
གང་ལྟར་ཡང
ཀྱག་ཀྱོག་དང་སྙོམས་པོར་མི་གནས་ནི་གཞི་རྐང་གི་ཁྱད་ཆོས་དང
འགྲུལ་བཞུད་པའི་དགོས་མཁོར་བསྟུན་རྒྱུ་ནི་ཆོས་ཉིད་དུ་སྣང
ཡ་ཐོད་དུ་བབས་པའི་ལམ་ཡིག་དེར་རིང་དུ་གསན་དུས
མི་ཚེ་ནི་ལས་འཕྲོར་དུ་མདུད་པའི་ཞགས་ཐགས་སྟེ
ལས་བྱས་པའི་ཆུད་དུ་མི་ཟ་བའི་སྐེར་བསྐོན་བྱུང
རྒྱུ་མཚན་གཞན་དབང་གིས་བསྐྲུན་པ་ནི
འཇིག་རྟེན་འདིའི ་ཁུགས་སོ་དང་པོ་ནས
སུས་ཀྱང་མི་ཚོར་བའི་སེམས་ཀྱི་ཕང་བར་ནས
ཁུ་སུམ་མེར་ཁྱེད་ཀྱི་དག་ཞིང་གི་གནས་མཆོག་ཏུ་བབས་བྱུང
སེམས་གཏམ་ལྷུག་བརྗོད་མ
----བན་ཤུལ་གདུགས་དཀར་རྒྱལ
སྟག་གསོད་ཞེས་པའི་ཡུལ་ཚོ་ནི་ཡུལ་ཚོ་ཆུང་ཆུང་ཞིག་རེད
ཁྲོམ་པ་ལྟར་ཁ་ཞེང་དོག་པའི་ལུང་ཁོག་ཞིག་ཏུ་གདའ
ཡར་བལྟས་ཚོད་ཀྱི་མངའ་ཐང་ལས་མི་མཐོང་བའི་གཞི་ཁྱོན་དོག་མོ་ཞིག་རེད
སྡོམ་གྲངས་ང་བཞིའི་བདག་ཉིད་ཅན་གྱི་སློབ་བུ་འགར་འགྲོགས་ནས་འདུག་རྒྱུ་ནི
ལས་ཀ་ཁག་པོ་ཞིག་རེད་ཨང
འོན་ཏེ ཡུལ་དབུས་དེ་ནས་བུ་མོ་ཞིག་ངོ་ཤེས་སོང་ན
ལྷག་པར་དུ་སྨྲ་བ་ཉུང་བའི་འབྲོག་མོ་ཞིག་ལ་སྟེས་དབང་གིས་ཐུག་དང་ན
ཡུལ་ཚོ་ཆུང་ཆུང་དེ་སྡེ་ཆེན་པོའི་རྩེད་རར་འཁྲུལ་སྲིད
སྟག་ཤར་ཚོས་འདོད་ཞེན་གྱི་འོད་ཞགས་འཕེན་སའི་ཕག་མིང་འཛིན
དང་ཐོག་ངའི་མཐོང་ལམ་གྱི་རྒྱགས་ཕྱེར་སྣང་དུས་བསམ་བློ་རིང་མོ་ཞིག་རེད
བསམ་གཞིག་དང་ལག་ལེན་གང་ཡང་མེད་པར
གཞན་གྱི་ཇུས་གཞི་དང་བྱེད་ཐབས་མ་སྤྱད་པར
ཧམ་སེམས་དང་ཨམ་གཙིགས་བསྡམས་ནས་
ཁོ་མོའི་འཇིག་རྟེན་གྱི་རུམ་ཁར་དད་གྱིས་འཇབ་འགོ་བརྩམས
དེ་ཙ་ན ཟུར་མིག་འཕྲད་པའི་རྣམ་འགྱུར་གྱི་སྟངས་སྟབས་མཉེན་མོས
ལས་བྱས་པ་ལ་ཆུད་མི་ཟ་བའི་གོ་དོན་རྙེད་བྱུང
སྤྱིར་མང་པོ་ཞིག་བཤད་རྒྱུའི་དགོས་པ་མཆིས་ཡང
ཐལ་དྲགས་ན་སུས་ཀྱང་ཚབ་མི་ཐུབ་པའི་ཆུང་མར་གནོད་འགྲོ
གང་ལྟར མངོན་ཆུང་གིས་བཏེགས་ཚུལ་གྱི་ཆང་ཕོར་གང་བོ་འདི
རྣམ་འགྱུར་ལས་འཁྲུངས་བའི་སེམས་ངོ་སྟོན་བྱེད་ཙམ
འུ་གཉིས་ཀྱི་བརྩེ་བའི་ལེའུ་ལ
སུ་དང་གང་གིས་ཀྱང་བཞི་ཤད་འབྲི་མི་ནུས
འདི་ལྟར བསམ་གཞིག་གི་རྟ་རྒོད་སྒྲོག་ལས་ཤོར་དུས
ད་གཟོད་དབུགས་ཧལ་ཧལ་གྱི་དྲན་པ་གསོ་བའི་སྙན་ངག་དྲིས་ཚར
གཉིད་མི་ཁུགས་པའི་མཚན་མོ
----བན་ཤུལ་གདུགས་དཀར་རྒྱལ
དོ་ནུབ་རྒྱུན་ལྡན་གྱི་དུས་ཚོད་ལྟར་མལ་དུ་སྔས་ཤིང
མིག་ཟུང་འདི་ཇི་ལྟར་ཤེད་ཀྱིས་བཙུམ་ཡང
སྟོང་འདང་གི་འཕྲུལ་སྣང་རབ་རིབ་ཀྱིས
གནས་ས་ལེབ་མོ་འདིའི་འཁོར་ཕྱོགས་ལ
བསམ་བློ་ཡེ་ནས་འཁོར་དོན་མེད་མོད
ཕྱི་རོལ་གྱི་ནམ་ཟླས་བཅུམས་པའི་མཁའ་དབུགས་འདིས
གཉིད་ཐུན་གཅིག་ཀྱང་ལེན་གི་མི་འཇུག
ཡིན་ཡང སྔ་ས་ནས་མལ་ཁྲིར་སྔས་བའི་མཛའ་མོས
གཉིད་གཏམ་གྱི་གླེང་བརྗོད་འབྲི་བའི་ལེའུ་ནང
རང་དབང་གིས་རྩེན་ཆོག་པ་སུ་ཡིས་ཚོར་ཨང
ཚོད་ཚོད་ཀྱི་དྲན་ཕྱོགས་ཞིག་ལ
ཟླ་འོད་ཁ་བས་ལྡེག་པའི་མཚན་ལྗོངས་འདིར
འོ་དོད་རིང་མོའི་སྡུག་ཡུས་འདི་ར་ཟུང་ལ་དཔྱངས་པའི
སྒོ་ཕྱུགས་ལ་སེམས་ཁྲལ་དགོས་པའི་སེམས་འགྱུ་དེ
མཁུར་ཚོས་དམར་མདངས་ཆགས་པའི་འབྲོག་ནག་མར་འགན་འཁྲི་ཡོད་སྙམ