logo

རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང《རྒྱང་དུ་གྱེས་པ》།

རྩོམ་པ་པོ།:སྟག་འབུམ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-11 ཀློག་གྲངས།:

       རྒྱང་དུ་གྱེས་པ  

         གློ་བུར་བའི་འཚུབ་མ་ཞིག་ལྡང་སྟེ་ཚགས་པར་རལ་བོ་དེ་ས་རྡུལ་ཞིག་དང་ལྷན་དུ་ཁོའི་མདུན་དུ་འཕངས་བྱུང་བ་དང༌། དེ་མ་ཐག་ཏུ་འཚུབ་མ་དེའི་རྒྱུན་མཇུག་མ་རྫོགས་པ་ལྟར་བསེར་བུ་བྲེལ་མོ་ཞིག་རྒྱུན་མ་ཆད་པར་གཡུགས་མགོ་བརྩམས་བྱུང་བས་མཐའ་འཁོར་གྱི་རྩི་ཤིང་དག་གི་མགོ་ལྕོག་ཤར་ལྷོའི་ཕྱོགས་སུ་བསྟན་ཏེ་ཤིག་ཤིག་ངང་གཡོ་འགུལ་བྱེད་མགོ་བརྩམས་བྱུང་བས་ཆུ་སྒྲ་ལྟ་བུའི་ཤང་སྒྲ་ཞིག་ཀྱང་རྒྱང་རིང་ནས་ཐག་ཉེར་སླེབས་ཀྱིན་པའམ་ཡང་ན་འགྲམ་རོལ་བརྒྱུད་ནས་ཕར་ཕྱོགས་སུ་འགྲོ་བཞིན་པ་ལྟར་རྣ་ལམ་དུ་གྲགས་མགོ་བརྩམས་བྱུང༌།   ཚགས་པར་རལ་བོ་དེ་ཁོའི་མདུན་ཐད་དུ་ཐོན་འཕྲལ་སླར་ཡང་ཁོ་དང་འབྲལ་མི་འདོད་པ་ལྟར་ཕར་ཡོ་ཚུར་ཡོ་བྱེད་འགའ་བྱས་ཏེ་བསྐོར་རྒྱག་བྱེད་ཀྱིན་འདུག    ཁོས་གཞི་ནས་ཆིག་ལབ་ཀྱི་ཚུལ་དུ“ཡང་རླུང་མགོ་ལངས་བྱུང་བ་འདྲ”སྙམ་སྟེ་ཡར་ལངས་ནས་ལུག་ཁྱུའི་ཕྱོགས་སུ་བལྟས་པ་ན་ལུག་ཁྱུ་ནི་རླུང་ལྡང་མིན་ལ་སེམས་ཁུར་ཅི་ཡང་མེད་པའི་ངང་རང་སར་བཀྲམ་སྟེ་རྩྭ་ལ་རོལ་གྱིན་འདུག་པས་སེམས་བག་ལྷོད་པར་གྱུར།  ཁོ་སླར་ཡང་སྔར་མལ་དུ་སར་བཙོག་ནས་ལུས་པོ་ཇེ་བདེར་བཏང་ཞིང་མགོ་བོ་གོང་བའི་ནང་དུ་འཛུལ་ཙམ་བྱས་ནས་སྣ་གླུ་ཞིག་ལེན་བཞིན་བསྡད།   ཁོས་ལེན་གྱིན་པའི་གླུ་དེའི་ནང་དོན་ནི་འདི་འདྲ་ཡིན་ཏེ།
                  “རྟ་དྲན་པའི་ལོ་རྒྱུས་བཤད་ཀིན་མེད།།
                  རྟ་དྲན་པའི་ལོ་རྒྱུས་བཤད་རྒྱུ་ན།།
                  སྲབ་སིལ་མའི་མགོ་ལོང་སྟོང་བ་རེད།།
                  སྒ་ལྷུ་བཞིའི་ངོ་ཡ་འཁྱག་པ་རེད།།
                  ... ...”   ཁོས་ཐེངས་ག་ཙམ་ལ་གླུ་འདི་བསྐྱར་བཟླས་ཀྱིས་བླངས་མྱོང་བ་ཁོ་རང་ཉིད་ཀྱིས་ཀྱང་མི་     རྟོགས་ཏེ། ནམ་རྒྱུན་རང་ཉིད་གཅིག་པུ་ལུག་རྫིར་སྡོད་དུས་གླུ་འདི་རང་དབང་མེད་པར་མགྲིན་པ་ནས་བརྡོལ་ཡོང་ལ།  གླུ་ངག་དེ་ནི་ཁོའི་གློ་སྙིང་གི་གཏིང་འོག་ནས་ཡོང་བའི་གཟུགས་མེད་ཀྱི་ཕོ་ཉ་ཞིག་དང་འདྲ་བར་མགྲིན་པའི་བང་རིམ་བརྟོལ་ཏེ་རི་ཆུ་དང་རྩྭ་ཐང་བརྒལ་ཏེ་ཕྱོགས་མ་ངེས་པའི་རྒྱང་རིང་གི་ཁོ་མོའི་ཕྱོགས་སུ་འཕུར་འགྲོ་ལ། གླུ་བླངས་ཚར་རྗེས་སྔར་བཞིན་ཁེར་རྐྱང་དང་ཁུ་སིམ་ངང་སྡོད་དུས་སུ་མིག་ལམ་དུ་སླར་ཡང་ཚེ་རིང་སྒྲོལ་མ་དགོད་བཞིན་དུ་ཁོ་རང་ལ་ལྟ་དུས་ཀྱི་སེམས་སྲེག་པར་བྱེད་པའི་མིག་མདངས་དེ་ཤར་ཡོང་གིན་འདུག
          ཁོ་དང་ཚེ་རིང་སྒྲོལ་མ་གཉིས་ཀ་རྫོང་མཁར་དུ་ངོ་འཕྲད་དུས་ནི་ལོ་གཉིས་ཡར་སྔོན་གྱི་དཔྱིད་ཀའི་ཉིན་ཞིག་ཡིན།  ཉིན་དེར་ཁོ་ཡང་ཏག་ཏག་ཐོག་དང་བོར་རྫོང་མཁར་དུ་ལུག་གཉིས་བཙོང་དུ་སོང་བ་རེད།  ཁོ་རང་ཡུལ་ནས་ཡོང་ཁར་ཨ་ཕས་ལས་བཅོལ་བྱས་པ་ནི“ཡུལ་དུ་བཟའ་ཕྱེ་ཚར་གྱིན་འདུག་པས་ལུག་གཉིས་བཙོངས་ཏེ་བཟའ་ཕྱེ་ཉོས་ལ་ཤོག་ཅིག”ཅེས་པ་དེ་རེད། 
          ཉིན་དེའི་གནས་ཚུལ་ད་ལྟ་ཡང་ཁོས་གཅིག་གཅིག་གཉིས་གཉིས་བྱས་ཏེ་བརྗོད་ཆོག་ཆོག་འདུག་སྟེ། ཁོ་རང་རྫོང་མཁར་དུ་ཐོན་ནས་ལུག་གཉིས་ཀ་རླངས་འཁོར་ལས་སར་བླངས་མ་ཐག་གཡས་གཡོན་གྱི་སྲང་ལམ་ནས་ཁ་ཆེ་བ་འགའ་གློ་བུར་དུ་ཀི་སྒྲ་དང་བཅས་བརྒྱུགས་ནས་ཡོང་སྟེ་ཧབ་ཐོབ་བྱེད་པའི་ཚུལ་གྱིས་བསྐོར་བྱུང་བས།  ཁོ་རང་ལ་རང་དབང་མེད་པར་སྐྲག་སྣང་ངམ་འཚབ་སྣང་ཞིག་སྐྱེས་སུ་བཅུག་བྱུང་མོད།  རིམ་བཞིན་དུ་ལུག་འཚོང་བ་གཞན་དག་གི་གན་དུ་ཡང་དེ་ལྟར་བརྒྱུགས་འགྲོ་མཐོང་ནས་སེམས་གཞི་ནས་བདེ་ལ་བབས་ཤིང་ལུག་གཉིས་ཀ་ལམ་འགྲམ་དུ་འདེད་ཐབས་བྱས། བསྡད་ཀྱིན་དུ་ལུག་འཚོང་མཁན་ཇེ་མང་དུ་གྱུར་བ་དང་བསྟུན་ནས་ལུག་ཉོ་མཁན་གྱི་ཁ་ཆེ་བ་ཇེ་མང་དུ་གྱུར་སོང་ལ། འགའ་རེས་ལུག་གཉིས་ཀའི་ཚང་ར་དང་བྲང་ལ་ལག་པས་མྱངས་ཏེ་ཉམས་ཞིབ་བྱེད་པ་དང་ལ་ལས་ལུག་གི་ཤ་ཤེད་ལ་བསྟོད་བསྔགས་བྱེད་ཀྱིན་འདུག  ལུག་ལ་ཤེད་མོང་མེད་པ་ག་ལ་སྲིད།  ཁོ་རང་སློབ་གྲྭ་ནས་ཕྱིར་ཡུལ་དུ་བྲོས་ཡོང་བ་ནས་བཟུང་དབྱར་དགུན་སྟོན་དཔྱིད་མེད་པར་རྩྭ་གར་ཡོད་དང་ཆུ་གང་བཟང་དག་ཏུ་ལུག་ཁྱུ་འཚོ་སྐྱོང་བྱས་ཏེ་ཡོང་བ་རེད་ཅིང་སྡེ་བའི་མི་ཐམས་ཅད་ཀྱིས་ཁོ་རང་ལུག་རྫི་དཔེ་མེད་ཅིག་རེད་ཅེས་བསྟོད་པ་བྱས་པ་ཡང་བགྲངས་ཀྱིས་མི་ལངས་པ་རེད།  དེ་བས་ཁོ་དང་ལུག་ཁྱུའི་བར་ལ་ཡང་རིམ་བཞིན་དུ་དགར་ཐབས་མེད་པའི་བརྩེ་དུང་ཞིག་ཆགས་ཏེ་དུས་རྒྱུན་དུ་ལུག་ཁྱུ་ལྟོགས་པ་ལས་རང་ཉིད་ལྟོགས་ཀྱང་བཟོད་སྙམ་པའི་འཆར་སྣང་དེ་སྐྱེས་འོང་བ་དང་ལན་རེར་ལུག་རེ་ལ་ནད་རྟགས་འདྲ་བྱུང་ཚེ་ཡང་ཁོ་རང་ནམ་གང་བོར་གཉིད་མི་ཁུགས་པར་འགྱུར་གྱིན་ཡོད་ལ།   ཐ་ན་ད་ནངས་ལུག་གཉིས་ཀ་བཙོང་དགོས་ཟེར་དུས་ཀྱང་ཁོའི་སེམས་ཀྱི་གཏིང་རིམ་ཞིག་ཏུ་ད་དུང་ལུག་འདི་གཉིས་བཙོང་བར་ཕངས་སེམས་ཤིག་སྐྱེས་ཀྱིན་ཡོད། སྐབས་འདིར་ཁོའི་སེམས་ལ་རྒན་པ་དག་གིས་ནམ་རྒྱུན་ལུག་གི་ཤ་ཤེད་ལ་གང་བྱུང་དུ་ལག་པས་མྱངས་ན་ཤ་ཤེད་ལྷུང་བ་རེད་ཟེར་གྱིན་པ་དྲན་ནས་ཁ་ཆེ་འདི་དག་གིས་ལུག་ལ་གང་འདོད་ལྟར་རེག་རེག་བྱེད་པར་སེར་སྣ་ཞིག་སྐྱེས་པའི་ཞོར་དུ་ཁོ་ཚོས་གོང་ཆེན་བྱིན་ནས་ཉོ་ངེས་རེད་སྙམ་པའི་ཡིད་ཆེས་ཞིག་ཀྱང་སྐྱེས་པར་གྱུར།
          “ལུག་ལ་ཤེད་མོང་འདུག  ཨ་རོགས།  ལུག་བཙོང་རྒྱུ་ཨེ་ཡིན”ཁ་ཆེ་རྒད་པོ་ཞིག་གིས་དགོད་བཞིན་དུ་ཁོ་རང་ལུག་འཚོང་དུ་ཡིན་པ་ཤེས་ན་ཡང་མ་ཤེས་པའི་ཚུལ་གྱིས་ཁོ་ལ་དྲང་མོ་མིན་པའི་བསྐོར་བའི་སྒོ་ནས་དྲི་བ་དེ་བཏོན་བྱུང༌།  “ལུག་བཙོང་མིན་ལ་ངས་ད་དུང་འདང་རྒྱག་དགོས་རྒྱུ་རེད” ཁོས་ཀྱང་དགོད་བཞིན་དུ་རྒད་པོ་དེ་ལ་དྲང་མོ་མིན་པའི་ལན་དེ་བཏབ། ཁོའི་སེམས་ལ་ཁྱོད་ཀྱིས་སྐད་ཆ་བསྐོར་ནས་བཤད་ན་ངས་ཀྱང་བསྐོར་ནས་བཤད་ཆོག  གང་ལྟར་ངས་ཁྱོད་ལ་སྒོར་མོ་སློང་དགོས་པ་མ་རེད་ལ་རྒྱ་ལ་སློང་དགོས་པའི་དབང་དུ་བཏང་ན་ཡང་ཁྱོད་ཀྱིས་སྟེར་མི་སྲིད་པས་ཕར་ལ་གུས་གུས་ཞུམ་ཞུམ་བྱེད་དོན་མི་འདུག་སྙམ་ནས་ཧ་ཅང་སྒམ་བརླིང་གི་ཉམས་ཤིག་བསྟན་ནས་ཁོ་ཚོའི་རྣམ་འགྱུར་ལ་བལྟས།
          རྒད་པོ་དེ་ཡང་བསྐྱར་མི་དགོད་པར་ཅུང་གཟབ་ནན་དུ་གྱུར་སོང༌། ཁོས་ཧ་ཅང་ཉོ་མི་ཉོ་མེད་པའི་བཟོ་ལྟ་ཞིག་བསྟན་ནས་ཁོའི་ཕུ་ཐུང་ནས་ཕར་འཐེན་ཞིང་ལག་གཡས་པ་ལྭ་བའི་ཐུ་འོག་ཏུ་བཅུག་སྟེ“ཡ།  ག་ཚོད་བྱས་ནས་བཙོང་རྒྱུ།  ངེད་གཉིས་ཚོང་ཨེ་འགྲིག་པར་བལྟ”ཟེར།
          ཁ་ཆེ་བ་དག་གིས་དེ་ལྟར་ཚོང་ཕུ་ཐུང་ནང་ནས་གཏམས་ཀྱིན་པ་དེ་སྔ་ཁོས་ཀྱང་མཐོང་མྱོང་མོད།  དེའི་གསང་བརྡ་ཇི་ལྟར་སྟོན་དགོས་པ་གསལ་བོར་མི་ཤེས་པས་ཕྱིར་བཤོལ་གང་ཐུབ་བྱས་ནས་ལུག་གཉིས་ལ་ལྟ་བཞིན་དུ“ཚོང་སྐད་ཆ་བཤད་ནས་གཏམས་ཆོག་པ་རེད” ཅེས་བཤད།  
          ཁོའི་སེམས་ལ་ཅུང་ཙམ་བསྡད་ན་ཉོ་མི་སྔར་ལས་མང་བས་གོང་ཚོད་ཀྱང་དེ་བཞིན་ཇེ་མཐོར་བཏང་ཆོག་སྙམ།   འོན་ཀྱང་ཁ་ཆེ་བ་དག་གི་རོགས་རམ་འོག་ཁོས་ལུག་གཉིས་ཀ་དེད་དེ་སྒེར་ཚོང་ཁྲོམ་རའི་ཁ་གཏད་ཀྱི་རྒྱབ་ངོས་སུ་ཡོད་པའི་སྐམ་ལུག་ཉོ་ཚོང་བྱེད་ས་དེར་ཐོན་དུས་ཁོ་རང་ཧ་ལས་པར་གྱུར་སོང༌། འདི་ནི་སྐམ་ལུག་ཉོ་ཚོང་བྱེད་ས་ཙམ་ག་ལ་ཡིན། འགྲམ་ཞིག་ཏུ་གཞན་གྱིས་བཙོངས་པའི་ནོར་ལུག་དག་སྐོར་དང་སྐོར་བྱས་ཏེ་ལྕགས་དྲར་བཙུད་ནས་བཙོན་མ་བཞིན་དུ་འབྲོ་ས་མེད་པར་བྱས་ཡོད་པ་དང༌། དེ་མིན་གྱི་ལྷས་སྐོར་ཧྲིལ་བོ་བཤས་ར་ཡིན་པ་སྟེ། གང་ས་གང་དུ་ལུག་ཤ་དང་སྐམ་ཤ་མང་བོ་གདང་ལ་བཀལ་ཏེ་ངང་ཤར་རེ་བཤམས་ཡོད་པའི་ཁར་ས་ངོས་ཧྲིལ་བོ་ཁྲག་དམར་གྱིས་བརྫིས་ཏེ་གཤིན་རྗེའི་ཡུལ་དུ་ཐོན་པ་ལྟར་དམར་ཉོག་གེར་འདུག་པ་དང༌།  ད་དུང་ཁ་ཆེ་པ་འགའ་རེས་སྤྱང་ཀའི་ཁ་ནང་དུ་ལུ་གུ་ཤོར་བ་ལྟར་ནོར་ལུག་དག་སྐད་ཅིག་ཉིད་ལ་དྲུད་དེ་ས་རུ་བསྒྱེལ་ཞིང་དེ་མ་ཐག་ཏུ་གྲི་ཕྱུངས་ནས་གསོད་པའི་ལས་ལ་བྲེལ་གྱིན་འདུག   ད་སོ་མར་གསོད་དུ་འཁྲིད་པའི་ནོར་ལུག་དག་འདར་སིག་སིག་ཏུ་མིག་ནང་དུ་མཆི་ཞགས་འཁྱིལ་ཏེ་སྲོག་བསྡོས་སྒོས་ཕྱིར་འཐེན་པར་བྱེད་ཀྱིན་ཡོད་ཀྱང་ར་བ་འདིའི་ནང་དུ་སླེབས་ཚེ་ཁོ་ཚོར་ངོ་རྒོལ་ཇི་ལྟར་བྱས་ཀྱང་ཐར་བའི་ས་ཞིག་མེད་པ་ག་ལ་ཤེས་ཨང༌། ལྕགས་དྲར་བཙུད་ཡོད་པ་དང་ད་སོ་མར་འཚོང་དུ་ཁྱེར་ཡོང་བའི་ནོར་ལུག་དག་གིས་མིག་མདུན་ན་ཁོ་ཚོའི་རིགས་དུ་མ་གསོད་གཏུབ་བྱེད་ཀྱིན་པའི་རྣམ་པ་སྐྱི་གཡའ་བ་དེ་ལ་ལྟ་བཞིན་དུ་འདར་སིག་སིག་བྱེད་ཀྱིན་འདུག་པས།    ཕར་བལྟས་ཚོད་ཀྱིས་མི་འགྱངས་པར་རང་ཉིད་ཀྱི་མགོ་ལ་ཡང་འཇིགས་སྐྲག་དམར་བོ་དེ་སླེབས་དགོས་པ་ཤེས་ཀྱིན་པ་ལྟར་སྣང༌། 
          དེ་གར་ཐོན་འཕྲལ་ཁོ་རང་ནི་རང་དབང་མེད་པར་ཧང་སང་སྟེ་ཁ་གདངས་པར་གྱུར། ལུག་ཉོ་བའི་ཁ་ཆེ་དག་གིས་ཁོ་རང་གཡས་འཐེན་གཡོན་འཐེན་བྱས་ཏེ་གོང་གཏམས་པའི་སྐད་ཆ་སྣ་ཚོགས་བཤད་ཀྱིན་འདུག་ཀྱང་ཁོས་རྣ་བས་ཅི་ཡང་གོ་ཡིན་མི་འདུག   མཇུག་མཐར་ཁོའི་རྣམ་ཤེས་གཞི་ནས་ཕྱིར་ཁོའི་ལུས་སྟེང་དུ་ཞུགས་པ་ལྟར་གྱུར་སོང༌། ཁོས་ཕྱིར་འཁོར་ཏེ་རང་ཉིད་ཀྱི་ལུག་གཉིས་ཀར་ལྟ་ཙམ་བྱས་པ་ན། ལུག་གཉིས་ཀས་ནི་མིག་མདུན་གྱི་རྣམ་པ་འཇིགས་རུང་དེ་མཐོང་བས་སྐྲག་སྟེ་ཕལ་ཆེར་རང་ཉིད་ཀྱི་བདག་པོ་སུ་ཡིན་ངོས་འཛིན་ཐུབ་ཀྱིན་པ་བཞིན་དུ་རང་དབང་མེད་པར་ཁོ་རང་གི་གམ་དུ་འཁྲི་ཡོང་ཞིང༌། ཁོའི་སློག་པའི་ཐུ་བར་མགོ་བོ་གཏད་ནས་འགུལ་མི་ཕོད་པར་འདར་སིག་སིག་བྱེད་ཀྱིན་འདུག་ལ་མིག་འོད་ཀྱི་ཁྲོད་དུ་ཧ་ཅང་ཤུགས་ཟད་ཅིང་རེ་ཐག་ཆད་པའི་རྡུལ་ལོང་སྐྱ་བོ་ཞིག་འཐིབས་འདུག   ཁོས་ཡ་ང་བའི་རྣམ་པ་འདི་དག་མཐོང་འཕྲལ་ཚང་མ་སྲོག་ལྡན་རེད་པས་འདི་ལྟར་བྱེད་དགོས་དོན་མི་འདུག་ཨང་སྙམ་བཞིན་དུ་ལུག་གཉིས་བཙོངས་པར་སེམས་ཀྱིས་མི་བཟོད་པར་གྱུར། 
          “ཝེ།  ཁྱོད་ཀྱིས་ལུག་བཙོང་ངམ་མི་བཙོང” འགྲམ་གྱི་ཞྭ་མོ་དཀར་བོ་གྱོན་པའི་ཁ་ཆེ་བ་ཞིག་གིས་རང་ཉིད་ཁོམ་གྱིན་མེད་པ་སྟེ།   ཧ་ཅང་བྲེལ་བ་ལངས་ཀྱིན་པའི་ཉམས་ཤིག་བསྟན་ནས་ཁོ་ལ་དེ་ལྟར་དྲིས་བྱུང༌། དངོས་གནས་སྐབས་འདིའི་ཁོའི་ཅི་ཡིན་འདི་ཡིན་མེད་པར་ཡུན་རིང་བོར་ཧད་ནས་སྡོད་པའི་རྣམ་པ་དེས་ལས་ཀར་བྲེལ་བའི་མི་སུ་ཞིག་ཡིན་ཡང་ཧ་ཅང་སྒུག་མི་ཚུགས་པའི་བྲེལ་འཚུབ་ཀྱི་བསམ་ཚུལ་དེ་སྐྱེ་ངེས་རེད།
          ཁོས་ཕར་ལྟ་ཚུར་ལྟ་འགའ་བྱས་རྗེས་སེམས་བློང་བློང་བོར་གྱུར་ཏེ་མྱུར་མོར་ལུག་གཉིས་ཀ་ཕྱིར་འཐེན་ཅི་ཐུབ་བྱེད་བཞིན། ཁ་ནས་ཡང་དང་ཡང་དུ“ངས་ལུག་མི་བཙོང༌།  ངས་འདི་ལྟར་བཙོང་མི་ཕོད”ཟེར། སྐབས་འདིའི་ཁོའི་བཟོ་ལྟ་ནི་ཧ་ཅང་ཁྱད་མཚར་བོ་ཞིག་ཏུ་གྱུར་བ་སྟེ།    གློ་བུར་དུ་གཉིད་ལས་སད་པའམ་ཡང་ན་དེ་མ་ཐག་ཏུ་མི་གཞན་ཞིག་ཏུ་གྱུར་སོང་བ་ལྟར་སྣང་ལ། མི་འདི་དག་གིས་ཁོའི་ལག་ནས་ལུག་ཉོ་བ་མ་ཡིན་པར་དེ་ལས་ལྡོག་སྟེ་གཡོ་ཐབས་ལ་བརྟེན་ནས་འཕྲོག་རྩིས་བྱེད་ཀྱིན་ཡོད་ཀྱང་ཁོས་དེ་འཕྲལ་ཚོར་རྟོགས་བྱུང་བ་ལོས་ཡིན་སྙམ་པའི་སྣང་བ་ཞིག་བྱིན་ཡོང༌།
          ཁ་ཆེ་བ་དག་ཡ་མཚར་བར་གྱུར་སོང༌།   ཁོ་ཚོས་དོན་དག་ཅི་ཞིག་བྱུང་སོང་བ་མ་ཤེས་པར་ཧ་ཅང་ཡིད་མི་ཆེས་པའི་ངང་ཁོའི་རྗེས་བསྙེགས་ཡོང་ནས“སྡོད་དང༌། སྡོད་དང༌། ང་ཚོ་ཚོང་འགྲིག་ངེས་རེད་ཡ། ལུག་རེར་སྒོར་ལྔ་བརྒྱ་བྱིན་ན་བཙོང་རྒྱུ་ཨེ་ཡིན”ཟེར། རྣམ་འགྱུར་ལ་བལྟས་ན་སྒོར་ལྔ་བརྒྱ་ནི་ཁོ་ཚོས་སྟེར་ཕོད་པའི་ཆེས་མཐོ་བའི་གྲངས་ཀ་དེ་ཡིན་པ་འདྲ་ལ། དེ་ཐོས་འཕྲལ་ཁོ་རང་མྱུར་དུ་ཁ་ཕྱིར་འཁོར་ནས་ཡོང་ངེས་རེད་སྙམ་གྱིན་པ་དང་ཡང་མཚུངས།
          ཁོས་མུ་མཐུད་དུ“ངས་ལུག་བཙོང་རྒྱུ་མིན།  ངས་ཕྱིར་ཁྲིད་དེ་འགྲོ་རྒྱུ་ཡིན”ཟེར་བཞིན་ལུག་གཉིས་ཕར་ཙམ་བདས་པ་ན། ལུག་གཉིས་ཀས་ཀྱང་ཁོའི་བསམ་ཚུལ་རྟོགས་ཀྱིན་པ་ལྟར་ཤར་རེར་ཚོང་རའམ་བཤས་རའི་སྒོ་ཕྱོགས་སུ་བརྒྱུགས་པར་བྱེད།
          ཁ་ཆེ་རེ་གཉིས་ད་དུང་ཁོའི་རྗེས་བཞིན་དུ་དེད་ཡོང་ནས“ཚོང་ཡ།  ཨ་རོགས།  ཁྱོད་ཀྱིས་ངོ་མ་མི་འཚོང་ངམ། འོ་ན་ལུག་འདི་གཉིས་ཁྱོད་རང་ཉིད་ཀྱི་མིན་ནམ”ཞེས་འདྲི་བར་བྱེད།
          ཁོས་ཁོ་ཚོའི་སྐད་ཆར་དོ་སྣང་མི་བྱེད་པར“ལུག་ངའི་ཡིན།   འོན་ཀྱང་ངས་བཙོང་མི་འདོད”ཅེས་བཤད་བཞིན་དངངས་འཚབ་ངང་ལུག་གཉིས་དེད་ནས་ཁོ་ཚོའི་བསྐོར་བ་ལས་ཐར་ཐབས་བྱས། ཕར་བལྟས་ཚོད་དུ་ཁ་ཆེ་བ་དག་གིས་བཤའ་དགོས་པ་ནི་ལུག་གཉིས་ཀ་མ་ཡིན་པར་དེ་ལས་ལྡོག་སྟེ་ཁོ་རང་ཉིད་ཡིན་པ་ལྟར་བྲེལ་བྲེལ་འཚབ་འཚབ་ངང་ཕྱིར་རྒྱ་སྲང་གི་ཕྱོགས་སུ་བསྙེགས།
          ཁ་ཆེ་བ་དག་གིས་ཀྱང་ཁོ་རང་གི་རྒྱུན་ལྡན་མིན་པའི་བཟོ་ལྟ་དེ་མཐོང་འཕྲལ་ཧ་ཅང་ཡ་མཚར་བར་མ་ཟད་ཕལ་ཆེར་ལུག་འདི་གཉིས་ཁོས་བརྐུས་ཡོང་བ་འདྲ་སྙམ་པ་ལྟར་མུ་མཐུད་དུ་རྗེས་བསྙེག་མཚམས་བཞག་བྱུང༌། ཁོ་རང་དེ་ལྟར་ཁ་ཆེ་བ་དག་དང་གྱེས་ཐབས་བྱས་པ་ན་ལྟག་རྒྱབ་ནས་ཧ་ཅང་རྣར་གཟན་པའི་དགོད་སྒྲ་སྣ་ཚོགས་ཤིག་གྲག་འོང་ལ། མི་ཞིག་གིས་ད་དུང་ཧ་ཅང་གསལ་བོའི་ངང“མི་འདི་ལ་རྩ་གཅིག་མི་ཚང་བར་འདུག”ཟེར་གྱིན་པ་ཐོས་བྱུང༌།
          ཁོས་ལུག་གཉིས་ཀ་དེད་དེ་ཕྱིར་རྒྱ་སྲང་དུ་ཐོན་འཕྲལ་གཞི་ནས་སེམས་ནས་ལུག་གཉིས་ཀ་སྤྱང་ཀིའི་ཁ་ནང་ནས་བསྐྱབས་པ་ལྟར་སེམས་ཁམས་ཅུང་བག་ལྷོད་པར་གྱུར་སོང༌།    ཁོས་ལུག་གཉིས་ཀར་ལྟ་བཞིན་དུ“ངས་ད་བར་དུ་ཁོ་ཚོ་འཚོ་སྐྱོང་བྱས་འོང་བ་རེད་པས་འདི་ལྟ་བུའི་མནར་གཅོད་དྲག་པོས་འཆི་ལམ་དུ་རྫོངས་ག་ལ་ཕོད”སྙམ། སྐབས་འདིར་ལུག་གཉིས་ཀས་ཀྱང་ཁོ་ཚོ་གཤིན་རྗེའི་སྒོ་རྩ་ནས་ཕྱིར་ཐར་སོང་བ་ཤེས་ཀྱིན་པ་ལྟར་མགོ་བོ་ཀྲོག་ཀྲོག་པོར་གྱུར་ཞིང་འབའ་སྐད་བཏོན་བྱུང་ལ།    དེ་ནི་རང་ཉིད་ཀྱི་ལུག་ཁྱུ་འཚོལ་བའམ་ཡང་ན་ཁོ་རང་ལ་གསལ་འདེབས་བྱས་ཏེ་ཁོང་གཉིས་མྱུར་དུ་ཁྲིད་དེ་ཕྱིར་ལུག་ཁྱུར་མངགས་རོགས་ཟེར་གྱིན་པ་དང་མཚུངས། དེ་མཐོང་ནས་ཁོའི་གདོང་ལ་རྒྱལ་ཁའི་འཛུམ་ཞིག་ལངས་པར་གྱུར་ན་ཡང་དེ་མ་ཐག་ཏུ་སླར་ཡང་ཁྱིམ་ནང་དུ་ཟ་མ་ཚར་ཡོད་པས་ཨ་ཕས་བཟའ་ཕྱེ་ཉོས་ལ་ཤོག་ཅེས་མངགས་བཅོལ་བྱས་པ་ཡིད་དུ་དྲན་ནས་རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར། 
          ད་ལྟ་ཁོས་ལག་ཏུ་སྒོར་རྡོག་འགའ་ལས་མེད་པས་བཟའ་ཕྱེ་ནི་ཇི་ལྟར་ཉོའམ།  ཁོས་ལུག་ཀྱང་མ་བཙོང་ལ་བཟའ་ཕྱེ་ཡང་མ་ཉོས་པར་འདི་ལྟར་ལག་པ་སྟོང་བར་ཕྱིར་ལོག་ཚེ་ཨ་ཕས་ཀྱང་ནུས་པ་ཅི་ཡང་མེད་པའི་གླེན་པ་གཏི་ཐུག་རང་རེད་སྙམ་ནས་ཡིད་ཆད་པར་འགྱུར་ངེས་རེད།  དེ་ལས་ཀྱང་ཚབས་ཆེ་བ་ནི་ཁྱིམ་ནང་དུ་བཟའ་ཕྱེ་མེད་པར་བཟའ་མི་གང་བོས་ཉི་མ་ཇི་ལྟར་སྐྱེལ་ལམ།   ཉི་མ་གཅིག་ལ་ཡང་མེད་ན་མི་ཆོག་པར་འདུག   ད་དུང་ཁྱིམ་ནང་གི་བཀལ་འཁེལ་ཐགས་འཐག་དང་ནང་ལས་ཐམས་ཅད་བུད་མེད་ཚོའི་ལས་ཀ་རེད་ཅིང་ཕྱུགས་འཚོ་བ་དང་ཁ་རྒྱབ་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་སོགས་ཕྱི་ཡི་བྱ་བ་ཐམས་ཅད་ནི་སྐྱེས་པ་ཚོའི་ལས་ཀ་རེད་པས།  གལ་ཏེ་ཁྱིམ་ནང་གི་ཁ་རྒྱབ་ཀྱི་དོན་དག་ཀྱང་བསྒྲུབས་མ་ཐུབ་ཚེ་སྐྱེས་པ་ཕོ་ལུས་ཤིག་བླངས་པར་དོན་གྱིས་སྟོང་བ་མ་རེད་དམ། ཁོས་དེ་ལྟར་སྙམ་བཞིན་དུ་སེམས་ལ་འཚབ་སྣང་ཞིག་སྐྱེས་ཤིང་རང་དབང་མེད་པར་ཕར་ལྟ་ཚུར་ལྟ་བྱེད་དགོས་བྱུང༌།  རྒྱ་སྲང་གི་མི་དག་གིས་ཁོ་རང་ལ་དོ་སྣང་ཅི་ཡང་བྱེད་ཀྱིན་མི་འདུག  ལན་རེར་མི་རེ་གཉིས་ཀྱིས་ལུག་གཉིས་ལ་ཡིད་སྨོན་པའི་ངང་ཞིབ་ལྟ་རེ་བྱེད་པའི་ཞོར་དུ་ཁོའི་ཕྱོགས་སུ་ལྟ་ཙམ་རེ་བྱེད་མོད། ཁོ་རང་གིས་འཚོང་འདོད་ཀྱིན་མེད་པ་རྟོགས་འཕྲལ་དེ་མ་ཐག་ཏུ་རང་རང་གང་དུ་འགྲོ་བའི་སར་བུད་འགྲོ  ལུག་གཉིས་ཀས་ནི་ཕྱིར་ལུག་ཁྱུའི་གྲལ་དུ་འགྲོ་བར་བྲེལ་བ་ལྟར་ཁོའི་ཕྱོགས་སུ་ལྟ་བཞིན་དུ་འབའ་སྒྲ་ཡང་ཡང་སྒྲོག་པར་བྱེད་ན་ཡང་ཁོ་རང་ནི་དེ་ལས་ལྡོག་སྟེ་ཕྱིར་ཡུལ་དུ་འགྲོ་མི་ཕོད་པར་ཅི་བྱ་གཏོལ་བྲལ་དུ་ལུས་ཤིང་ཧ་ཅང་ཡི་མུག་པར་གྱུར། ཁོ་རང་འུ་ཐུག་བཞིན་དུ་སེམས་ལ་དངོས་ནས་ལག་ཏུ་སྒོར་མོ་མེད་ཚེ་མི་ནི་ཅི་འདྲའི་ནུས་ཟད་ཅིག་རེད་ཨང༌། ཡིན་ན་ཡང་སྒོར་མོ་ནི་མི་ཡིས་བཙལ་དགོས་པ་མིན་ནམ་སྙམ།
          སྐབས་དེར་ཁོའི་སེམས་ལ་གཞི་ནས་ཐབས་ཤེས་ཤིག་དྲན་བྱུང༌།  དེ་ནི་རྒྱ་སྲང་ཉུལ་ཏེ་སྡེ་བ་གཅིག་ཡིན་པའི་མི་ཞིག་ལ་སྒོར་མོ་བསྐྱིས་རྗེས་ཡུལ་དུ་བཟའ་ཕྱེ་ཉོ་དགོས་སྙམ།  ཁོས་ཇི་ལྟར་འདང་བརྒྱབ་ཀྱང་དེ་ལས་ལྷག་པའི་ཐབས་ཤེས་ལེགས་པོ་ཞིག་མི་འདུག  དེ་ལྟར་བྱས་ན་ལུག་ཀྱང་བཙོང་དགོས་མ་བྱུང་བ་རེད་ལ་བཟའ་ཕྱེ་ཡང་ཉོ་ཐུབ་པར་གྱུར་བ་མ་རེད་དམ།  ཁོས་དེ་མུར་ལུག་གཉིས་ཀ་འགྲམ་རོལ་གྱི་གློག་སྡོང་ཞིག་ལ་བཏགས་ནས་དེ་གར་རྒྱབ་བསྙེས་འདུག་སྟེགས་ཤིག་གི་སྟེང་དུ་ཉི་མར་ལྡེ་ནས་སྡོད་པའི་རྡོ་སོལ་འཚོང་བའི་རྒད་པོ་ལོ་ལོན་དེའི་གན་དུ་ཕྱིན་ནས“ངས་ཁྱོད་ལ་སྒོར་ལྔ་བྱིན་ཆོག  ཁྱོད་ལ་ལུག་འདི་གཉིས་ཅུང་ཙམ་དུ་བཅོལ་ན་ཨེ་ཆོག”ཅེས་དྲིས།
          རྡོ་སོལ་འཚོང་བའི་རྒད་པོས་ཧ་ཅང་ཐེ་ཚོམ་དང་བཅས་ལུག་གཉིས་ལ་ལྟ་ཙམ་བྱས་རྗེས་སླར་ཡང་ཁོ་ལ་ཅེར་ཏེ“ལུག་གཉིས་ཤོར་སོང་ན་ངས་ཟིན་ནམ”ཟེར། ཁོས་གདེང་ཚོད་ཡོད་པའི་ངང“ལུག་གཉིས་འཆོར་མི་སྲིད”ཅེས་ལན་བཏབ།  ཁོ་རང་ཡང་རྒྱ་སྲང་གི་མི་ཚོགས་ཀྱི་འཚངས་ཀའི་ཀློང་དུ་འགྲོ་བཞིན་འདུག   མི་ཚོགས་ནི་ཧ་ཅང་མང་སྟེ།  གང་བྱུང་དུ་འཆམ་གཡེང་དུ་ཡོང་བའི་མཁར་གྲོང་དུ་རྒྱུན་སྡོད་བྱེད་པའི་མི་དག་དང་ཉེ་སར་ཡོད་པའི་སྡེ་བ་དག་ནས་ཉོ་ཚོང་བྱེད་དུ་ཡོང་བའི་རོང་འབྲོག་པ། ས་ཕྱོགས་གཞན་ནས་གྱོན་གོས་སམ་ཅ་ལག་གི་དངོས་པོ་འཚོང་དུ་ཡོང་བའི་ཚོང་བ་དག་དང་ཉེ་རོལ་ནས་ཡོང་བའི་སྔོ་ཚོད་དང་ཟས་རིགས་རྩག་རྩིག་འཚོང་བའི་ཞོར་ལས་པ་སོགས་ཡིན་པར་འདུག   ཁོས་དེ་དག་གི་ཁྲོད་ནས་རང་ཉིད་དང་སྡེ་བ་གཅིག་ཡིན་པའི་མི་ཞིག་ཨེ་མཐོང་ལ་རེ་བ་བྱས།    ཁོའི་ཚོར་བ་ཞིག་ལ་ལག་ཏུ་སྒོར་མོ་ཡོད་དུས་ཀྱི་རྒྱ་སྲང་དང་ལག་ཏུ་སྒོར་མོ་མེད་དུས་ཀྱི་རྒྱ་སྲང་གཉིས་ནི་གཏན་ནས་མི་འདྲ་བར་འདུག  སྒོར་མོ་མེད་པའི་དུས་སུ་རྒྱ་སྲང་འདི་ཡོངས་རྫོགས་ཀྱང་རང་ཉིད་ལ་འབྲེལ་བ་ཅི་ཡང་མེད་པའི་མཁར་གོག་ཅིག་ལས་ཅི་ཡང་མ་ཡིན་པ་དང༌།  རྒྱ་སྲང་གི་ཚོང་རྫས་དག་ནི་ཅི་འདྲའི་སྣ་འཛོམས་ཤིང་མིག་ལ་མཛེས་ཀྱང་བལྟ་འདོད་ཀྱི་སྤྲོ་བ་མེད་ལ། ད་དུང་གཡས་གཡོན་དུ་འགྲོ་འོང་གི་འདུ་འགོད་བྱེད་པའི་མི་དག་གམ་རང་རང་གི་ལས་ལ་བྲེལ་བའི་ཚོང་ཁང་གི་སྦྱིན་བདག་དག་གིས་ཀྱང་ཁོ་རང་ནི་མི་ལྷག་མ་ཞིག་ཏུ་སྙམ་པ་ལྟར་མིག་གིས་ལྟ་གྱིན་མེད་པ་ལྟར་སྣང༌།  ཁོ་དང་འདྲ་བར་ཉེ་ས་ནས་ཡོང་བའི་རོང་འབྲོག་པ་རྣམས་ནི་བལྟས་ཚོད་དུ་དལ་ལྷོད་ངང་འགྲོ་གྱིན་ཡོད་ན་ཡང་ཧ་ཅང་ གྲིམ་པའི་མིག་ཟུང་དག་ནི་སྐད་ཅིག་ལ་ཁོམ་པ་མེད་པར་ཕར་ལྟ་ཚུར་ལྟ་བྱེད་བཞིན་རང་རང་དམིགས་བྱ་གང་ཡིན་པ་དེ་འཚོལ་བར་བྲེལ་གྱིན་འདུག    ཡིན་ན་ཡང་ཁོ་རང་ལ་མཚོན་ན་གཡས་གཡོན་གྱི་ཚོང་རྫས་དག་ནི་ཁོ་དང་འབྲེལ་བ་ཅི་ཡང་མེད་པར་མཁོ་མེད་ཀྱི་ལྷག་མ་ཤ་སྟག་ཏུ་གྱུར་ཡོད་པས། ཁོ་རང་མི་ཚོགས་ཀྱི་གསེང་དུ་འགྲོ་བཞིན་དུ་སྔ་གཞུག་ཀུན་ཏུ་མགོ་བོ་ད་རུ་བཞིན་འཁོར་ཏེ་མཐའ་འཁོར་གྱི་མི་རེ་རེའི་ངོ་གདོང་ལ་མིག་ཉུལ་བྱས་ཏེ་འགྲོ་བ་ནི་ཕལ་ཆེར་ཉེན་རྟོག་པ་ཞིག་གིས་བྲོས་ཤོར་དུ་གྱུར་བའི་ཉེས་ཅན་ཞིག་འཚོལ་བར་བྱེད་པ་དང་ཡོངས་སུ་མཚུངས།  ཁོ་རང་སྒེར་ཚོང་ཁྲོམ་རའི་མདུན་སྒོའི་གཡས་ཕྱོགས་ཀྱི་རྡོའི་སེང་གེ་དེའི་འགྲམ་དུ་ཐོན་འཕྲལ་གློ་བུར་དུ་གོམ་པ་ལེན་མཚམས་བཞག་བྱུང༌། མགོ་བོ་དཀྱོགས་ནས་སྒེར་ཚོང་ཁྲོམ་རའི་ནང་རོལ་གྱི་མིའི་འདུ་ཚོགས་ལ་བལྟས། མཐའ་འཁོར་གྱི་འབྲོག་པ་དག་གིས་ཉོ་ཚོང་བྱེད་ཡུལ་གཙོ་བོ་ནི་སྒེར་ཚོང་ཁྲོམ་རའི་ནང་ཡིན་པས་ཁོས་ཀྱང་དེ་གར་ངོ་ཤེས་ཤིག་ལ་འཕྲད་ཀྱང་སྲིད་ངེས་རེད་སྙམ་མུར་རང་དབང་མེད་པར་གོམ་པ་ཡང་དེ་ཕྱོགས་སུ་བསྒྱུར། 
          ཁོ་རང་སྒེར་ཚོང་ཁྲོམ་རའི་ནང་དུ་ཕྱིན་ཏེ་བསྐོར་བ་ལན་འགའ་བྱས་ཀྱང་སྡེ་བ་གཅིག་ཡིན་པའི་མི་ཞིག་ཕར་ཞོག་ཐ་ན་ངོ་ཤེས་རྒྱུས་ཡོད་ཅིག་དང་ཡང་ངོ་འཕྲད་མ་བྱུང༌། དེ་སྔ་ཁོ་རང་སློབ་གྲྭའི་ནང་དུ་ཡོད་དུས་ཀྱང་ལན་རེར་རྒྱ་སྲང་དུ་ཡོང་ཙམ་བྱས་ན་ཡང་སྡེ་བའི་མི་དག་དང་གང་བྱུང་ངང་འཕྲད་ཀྱིན་ཡོད་མོད་དེ་རིང་གཅིག་ཀྱང་མཐོང་རྒྱུ་མེད་པ་ཅི་ཡིན་ནམ།  མཁོ་བའི་དུས་སུ་མི་གཅིག་ཀྱང་མི་འདུག་པས་ཧ་ཅང་ཡི་མུག་པར་གྱུར་སོང༌། ཁོའི་སེམས་ལ་ད་ནི་ལུག་གཉིས་ཀ་བཙོང་བ་ལས་ཐབས་མི་འདུག་སྙམ་པ་ན་ཁོའི་སེམས་ཀྱིས་དེ་འཕྲལ་ངོ་རྒོལ་བྱས་བྱུང༌།  “དེ་འདྲ་བྱེད་ག་ལ་རུང༌།  ལུག་ཡིན་ཡང་སེམས་ཡོད་པ་རེད་པས་གསོན་པོར་རང་ཉིད་འཆི་དགོས་ཚུལ་སྔོན་ལ་ལྟ་རུ་འཇུག་པ་ནི་ཧ་ཅང་གདུབ་རྩུབ་ཆེ་དྲགས་པ་རེད།  ངས་དེ་ལྟར་བྱེད་མི་ཕོད”ཁོས་སླར་ཡང་ངོ་ཤེས་ཤིག་ཨེ་མཐོང་ལ་རེ་བ་བྱེད་བཞིན་གོམ་པ་མྱུར་འགྲོས་བྱས།  གློ་བུར་དུ་མི་ཞིག་དཀར་ཡུག་གེར་ཁོའི་མདུན་དུ་བརྒྱུགས་ཐོན་ཏེ་མདུན་བཀག་བྱུང་བས་ཁོ་རང་ཧད་སེར་བཏང་སོང༌།
          “ཨ་ཙི།   ཁྱོད་ཡིན་ནམ།  ཁྱོད་ཀྱིས་ང་ངོས་ཟིན་གྱིན་ཨེ་འདུག”    ཁོས་མིག་རིག་རིག་གིས་ཅི་ཞིག་འཚོལ་བ་ལྟར་ཚུར་ཡོང་གིན་པའི་སྐབས་སུ་བུ་མོ་ཞིག་མདུན་དུ་ལྡིང་ཡོང་སྟེ་སྤྲོ་སྣང་ཆེན་པོས་དེ་ལྟར་དྲིས་བྱུང༌།
          ཁོས་ནི་ཡོང་ཞོར་དུ་མི་ཚང་མའི་ངོ་གདོང་ལ་ལྟ་ཞིབ་བྱེད་ཀྱིན་ཡོད་ན་ཡང་ཁོ་མོར་དོ་སྣང་བྱེད་ག་ལ་སྲིད། ཁོ་མོའི་སྣང་བརྙན་ནི་ཁོས་ཨེ་མཐོང་བར་རེ་ཞིང་སེམས་ཀྱིས་འཚོལ་གྱིན་པའི་མི་དག་གི་སྣང་བརྙན་དག་ལས་ཡོངས་སུ་བརྒལ་ཡོད་དེ།   ལུས་ལ་སྨན་པའི་ལྭ་བ་ལྟ་བུའི་ཤམ་རིང་དཀར་བོ་ཐར་རྐྱང་ཞིག་གོན་འདུག་ཅིང༌།   མགོ་སྐྲ་སིལ་བུར་འཁྱིལ་བར་བྱས་ཏེ་ལྟག་རྒྱབ་ཏུ་འཕྱང་འདུག་པས་ཁོ་ཚོའི་སྡེ་བའི་ནང་དུ་ཁོ་མོ་ལྟ་བུའི་མི་ཞིག་ག་ལ་ཡོད། འོན་ཀྱང་ཁོ་མོ་གློ་བུར་དུ་མདུན་དུ་ལྡིང་ཡོང་སྟེ་དེ་ལྟར་དྲིས་པས་ཁོ་རང་རེ་ཞིག་རྟབ་རྟབ་པོར་གྱུར་སོང༌། དོགས་ཟོན་དང་བཅས་མིག་མདུན་དུ་ལངས་ཡོད་པའི་ཁོ་མོའི་གདོང་ལ་ཅེར་ནས་སྡོད་དགོས་བྱུང༌།
          བུ་མོ་དེ་སྔར་བཞིན་དགོད་ཀྱིན་དུ“ཁྱོད་ཀྱིས་ང་ངོ་མི་ཤེས་སམ།  ང་ཚེ་རིང་སྒྲོལ་མ་ཡིན། ད་ནི་སློབ་གྲོགས་ཀྱང་བརྗེད་སོང་ངམ”ཞེས་དྲིས་བྱུང༌།  ཁོ་མོས་རང་མིང་གསལ་བོར་བཤད་བྱུང་པ་དེས་ཁོའི་ཀླད་པའི་ནང་དུ་ཡང་རང་དབང་མེད་པར་ལོ་གསུམ་སྔོན་གྱི་སློབ་གྲོགས་ཚེ་རིང་སྒྲོལ་མའི་གཟུགས་བརྙན་དེ་གསལ་ལ་མི་གསལ་བའི་ངང་གློག་བརྙན་བཞིན་དུ་འཆར་ཙམ་བྱས་བྱུང༌།  དངོས་གནས་ཁོ་མོ་ཡིན་འདུག  ཁོས་ཀྱང་ཁོ་མོ་ངོ་ཅི་ལ་མི་ཤེས་ཏེ་ཁོང་གཉིས་ནི་མཐོ་འབྲིང་ལ་བུད་མ་ཐག་པའི་དུས་ཀྱི་འཛིན་གྲྭ་གཅིག་གི་སློབ་གྲོགས་ཡིན་པར་མ་ཟད་ཐ་ན་དེ་དུས་ཁོ་རང་སློབ་གྲྭ་ནས་ཕྱིར་ཡུལ་དུ་འབྲོ་དོན་ཡང་ཁོ་མོ་དང་འབྲེལ་བ་ཡོད་པ་མིན་ནམ། ཨ་ཙི། ཁོ་མོས་འདི་གར་ཅི་བྱེད་ཀྱིན་ཡོད་པ་ཡིན་ནམ།  ཁོ་མོ་ནམ་ཞིག་ལ་སྨན་པ་ཞིག་བྱས་པ་ཡིན་ནམ། ཁོ་རང་ནི་རེ་ཞིག་རི་མོའི་གཟུགས་བཞིན་དུ་གྱུར་ཏེ་ཁོ་མོའི་གདོང་ལ་ཅེར་ནས་སྡོད་དགོས་བྱུང༌།
          “ཅི་རེད།  ངོ་མི་ཤེས་སམ” ཚེ་རིང་སྒྲོལ་མས་སླར་ཡང་ཁོ་ལ་དྲན་སྐུལ་ཞིག་བྱས་ནས་བགད་བྱུང་ལ། དགོད་སྒྲ་དེ་ནི་ཁོ་རང་ཐེ་ཚོམ་གྱི་དྲ་བ་ལས་སློང་བར་སྐུལ་བའི་ཅོང་སྒྲ་ཞིག་དང་འདྲ་བར་ཧ་ཅང་གསལ་བས། མཐའ་འཁོར་དུ་ཡོད་པའི་མི་ཀུན་གྱིས་ཀྱང་གསལ་བོར་ཐོས་ཡོད་ངེས་རེད།
          “ཁྱོད... ...ཁྱོད་ཡིན་ནམ། ངོ་ལོས་ཤེས... ...”ཁོས་དེ་ལྟར་བཤད་རྗེས་གཞི་ནས་རང་ཉིད་ཀྱི་ད་ལྟའི་ལུས་ཀྱི་ཆ་བྱད་ལ་ལྟ་ཙམ་བྱེད་བཞིན་དུ་ཅུང་ངོ་གནོང་བར་གྱུར་ཏེ་ཁོ་མོའི་གདོང་ལ་ཐད་ཀར་ལྟ་མི་ཕོད་པ་ལྟར་གྱུར་སོང༌། ཁོས་སྔར་བཞིན་གཡས་གཡོན་གྱི་མི་ཚོགས་ཁྲོད་དུ་ལྟ་ཙམ་བྱེད་བཞིན“ཁྱོད་བདེ་མོ་ཡིན་ནམ”ཞེས་འཚམས་འདྲི་མིན་པ་ལྟ་བུའི་འཚམས་འདྲི་ཞིག་བྱས།
          “བདེ་མོ་ཡིན། ང་ཚོ་ཡུན་རིང་ལ་ངོ་འཕྲད་མ་བྱུང”ཚེ་རིང་སྒྲོལ་མ་ནི་དེ་ལས་ལྡོག་སྟེ་ཧ་ཅང་སྤྲོ་སྣང་ཆེན་པོའི་ངང་ཐེ་ཚོམ་ཅི་ཡང་མེད་པར་ཁོའི་ཕུ་ཐུང་ནས་བཟུང་སྟེ“འགྲོ  ང་འདི་གར་ཡོད་པས་ང་ཚོ་ཁང་བའི་ནང་ལ་འགྲོ་སྟེ་ཁ་བརྡ་བྱེད”ཟེར།
          ཁོ་རང་ཅུང་རྟབ་རྟབ་པོར་གྱུར་སོང༌། ཁོས་ནི་ད་ལྟ་སྡེ་བའི་ནང་གི་མི་ཞིག་ལ་ཨེ་འཕྲད་ལ་བྲེལ་བཞིན་ཡོད་པས་ཁོ་མོ་དང་ཁ་བརྡ་བྱས་ནས་འདུག་ཁོམ་ག་ལ་ཡོད། སྐབས་དེར་ཁོས་ཕྱི་ནུར་སྒོས་ཁོ་ལ་ད་དུང་བྱ་བ་ཡོད་ཚུལ་བཤད་འདོད་མོད་ཁོ་མོས་དེ་ལྟར་བཤད་པའི་གོ་སྐབས་ཀྱང་མ་བྱིན་པར། “ཅི་རེད།  ཁྱོད་ཀྱིས་དེ་འདྲ་འཛེམ་ནས་ཅི་བྱེད།  ང་ལ་ཡང་ལས་རྒྱུ་མི་འདུག་པས་སུན་ཏེ་ཡོད” ཟེར། ཁོ་མོའི་སྐད་ཆའི་ནང་དོན་ལ་བལྟས་ན་ཁོ་མོར་ཅུང་ཙམ་ལ་སྡོད་རོགས་བྱེད་པའི་རེ་བ་ཞིག་ཀྱང་འདུག་པས་རྗེས་བཞིན་དུ་མི་འགྲོ་ཐབས་མེད་བྱུང༌། 
          ཚེ་རིང་སྒྲོལ་མས་སྒེར་ཚོང་ཁྲོམ་རའི་རྒྱབ་ཕྱོགས་ཀྱི་ཉིན་ཁར་སྐྲ་བཞར་ཁང་ཞིག་ཉར་ཡོད་ ཅིང་སྒོ་བྱང་དུ“སྒྲོལ་མའི་སྐྲ་བཞར་ཁང”ཟེར།   ཉེ་བའི་ལོ་འགའི་ནང་དུ་སྒྲོལ་མའི་མིང་སྒོ་བྱང་བྱས་པའི་ལས་རིགས་ཆར་རྗེས་ཀྱི་ཤ་མོ་འབུས་པ་ལྟར་འབྱུང་གིན་ཡོད་དེ།  “སྒྲོལ་མའི་མགྲོན་ཁང”དང༌། “སྒྲོལ་མའི་གསོལ་ཁང༌།”  “སྒྲོལ་མའི་ཚོང་ཁང༌།”  “སྒྲོལ་མའི་ཚན་སྡེབ།” “སྒྲོལ་མའི་སྐྱེད་ཚལ”སོགས་ཧ་ཅང་མང་བོ་ཐོས་རྒྱུ་འདུག་པ་མ་ཡིན་ནམ།  དེ་བས“སྒྲོལ་མའི་སྐྲ་བཞར་ཁང”ཡང་དེའི་ཁྲོད་ཀྱི་གྲུབ་ཆ་ཞིག་གྱུར་ཟིན་འདུག་པ་སྟེ། ཁང་བ་གཅིག་ཅན་ཞིག་གི་ནང་དུ་ཡར་ཕུག་ཏུ་མི་རྐྱང་ཉལ་སའི་མལ་ཁྲི་ཞིག་ཡོད་པའི་གཤམ་དུ་སེང་རས་ཀྱི་ཡོལ་བ་དཀར་བོ་ཞིག་འཐེན་འདུག་པ་དང༌། མལ་ཁྲིའི་མར་གཤམ་གྱི་ནང་སྒོ་དང་ཉེ་སར་རྒྱབ་སྙེས་འདུག་སྟེགས་དགྱེ་སྒུར་བྱེད་ཆོག་པ་ཞིག་བཞག་ཅིང་དེའི་ཁ་གཏད་ཀྱི་རྩིག་རྡེབ་ངོས་སུ་གྲུ་བཞི་ནར་མོའི་དབྱིབས་ཀྱི་ངོ་ལྟ་ཆེན་པོ་གཏན་ཆགས་སུ་བཀལ་ཡོད། ངོ་ལྟའི་གཤམ་དུ་སྡིངས་ཀའི་སྟེང་དུ་སྐྲ་བཞར་དང་སོ་མངས་འཇོག་ས་དང་འགབ་ཏུ་ད་དུང་སྐྲ་སྣུམ་དང་བྱུག་རྫས་སོགས་ཉེར་མཁོའི་དངོས་རྫས་དག་བཤམས་འདུག  རྒྱབ་ཕྱོགས་སུ་འདུག་སྟེགས་རིང་བོ་ཡོད་པའི་སྟེང་དུ་ཅུང་རྙིང་བར་གྱུར་བའི་དུས་དེབ་འགའ་གྲལ་དག་ངང་བཞག་ཡོད་ཅིང་དེའི་གྱེན་ཐད་ཀྱི་རྩིག་ལྡེབས་ངོས་སུ་སྐྲ་འཇོག་སྟངས་སྣ་ཚོགས་མཚོན་པའི་གཞོན་ནུ་ཕོ་མོའི་པར་རིས་སྣ་ཚོགས་སྦྱར་འདུག་པ་བཅས་ཀྱིས་བལྟས་ཚོད་ཀྱིས་ཁང་བའི་ནང་ཡོངས་རྫོགས་ཧ་ཅང་གྲལ་དག་པོར་འདུག  
          ད་སྔོན་ནོར་བུ་ཁྲོམ་རའི་ནང་དུ་དམིགས་ཡུལ་མེད་པར་འགྲོ་དུས་ཚེ་རིང་སྒྲོལ་མ་ཡང་སྐྲ་བཞར་ཁང་གི་སྒོ་ཁར་ལངས་ནས་སྐྲ་བཞར་དུ་ཡོང་བའི་མགྲོན་པོ་ཞིག་ལ་རེ་སྒུག་བྱས་ནས་ཡོད། ད་ནངས་སྔ་སེ་ནས་བཟུང་ད་བར་དུ་མི་གཅིག་ཀྱང་ཐོན་མ་བྱུང་བས། ད་ནི་ཁོ་མོའི་མིག་ཟུང་དུ་ཅུང་སུན་སྣང་དང་རེ་ཆད་ཀྱི་མདངས་ཤིག་ཤར་ཏེ་ཉམས་ལྷོད་ལྷོད་ངང་འགྲམ་གྱི་ཚོང་ཁང་དག་གི་སྒོ་ཁར་བཤམས་པའི་དངོས་རྫས་དག་མི་རྣམས་ཀྱིས་ཉོ་ཚོང་བྱེད་པར་བལྟས་ནས་སྡོད་དགོས་བྱུང༌།  ཕར་བལྟས་ན་ཁོ་མོས་མིག་རྡེབ་ཙམ་ཡང་མི་བྱེད་པར་མགྲོན་པོ་དག་གིས་ཉོ་ཚོང་བྱེད་པར་ལྟ་བཞིན་ཡོད་པ་ལྟར་སྣང་ཡང༌།   དོན་ངོ་མར་ཁོ་མོས་དེ་དག་ལ་དོ་སྣང་ཅི་ཡང་བྱེད་ཀྱིན་མེད་པར་སེམས་གཏིང་དུ་ཡིབ་པའི་དོན་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད།    ཏག་ཏག་སྐབས་འདིར་ཁོ་མོས་མིག་གི་ལྟ་ཕྱོགས་ཤིག་གིས་ཁོ་རང་མཐོང་བྱུང་བ་རེད།   སྤྱིར་ན་ཁོ་མོས་འདི་གའི་འགྲོ་འོང་བྱེད་པའི་མི་རེ་རེར་དེ་འདྲ་ཞིབ་ལྟ་བྱེད་མི་སྲིད་མོད་དེ་ནི་སྟེས་དབང་ཞིག་རེད།    ཁོ་མོས་གང་བྱུང་དུ་མིག་ཉུལ་ཞིག་བྱེད་པའི་སྐད་ཅིག་མ་དེར་ཕ་རོལ་ན་སླག་པ་གྱོན་པའི་གསར་བུ་ཞིག་ཚུར་འོང་གིན་པ་དེ་ཕལ་ཆེར་མཐོང་མྱོང་རྒྱུས་ཡོད་ཅིག་ཡིན་པའི་ཚོར་བ་འདུག་པས། ཅུང་མཚར་སྣང་དང་བཅས་སླར་ཡང་ཞིབ་ལྟ་ཞིག་བྱས་ཏེ་ཁོ་རང་ངོས་ཟིན་པར་གྱུར་བ་རེད།
          ཁོང་གཉིས་སྐྲ་བཞར་ཁང་གི་ནང་དུ་ཡོང་འཕྲལ་ཁོ་མོས་རྒྱབ་ཕྱོགས་ཀྱི་འདུག་སྟེགས་རིང་བོ་དེའི་སྟེང་དུ་ཁོ་སྡོད་དུ་བཅུག་ཅིང༌།  ལག་པ་ཕུར་ཙམ་བྱས་ཏེ“དགོངས་པ་མ་ཚོམ།  ང་ལ་ཆུ་ཁོལ་ཡང་མེད།  ཁང་བ་ཧ་ཅང་དོག་འདུག་པས་ཅ་ལག་ཀྱང་འཇོག་བློ་མི་འདུག”ཟེར།
          ཁོས་དེ་འཕྲལ་དུ་ཅུང་འཚབ་པའི་སྒོ་ནས“མི་་་་མི་དགོས།  ང་ཁ་མི་སྐོམ”ཞེས་བཤད་རྗེས་ཁང་བའི་ནང་དུ་བསྐོར་ལྟ་ཞིག་བྱས།   སྐབས་འདིར་ཁོས་གཞི་ནས་ཁོ་མོས་སྐྲ་བཞར་གྱིན་ཡོད་པ་རྟོགས་པ་ཡིན།    ཁོའི་སེམས་ལ་ཁང་བ་ནི་དངོས་གནས་ཅུང་དོག་འདུག་མོད་འོན་ཀྱང་སྐྲ་བཞར་ཁང་ཞིག་ལ་ཁང་བ་དེ་འདྲ་ཆེ་ནས་ཀྱང་ཅི་བྱེད་དམ་སྙམ། ཚེ་རིང་སྒྲོལ་མ་ཡང་ཚུར་ཡོང་སྟེ་ཁོའི་འགབ་ཏུ་སྡོད་ཞོར་དུ་དགོད་ཙམ་བྱས་ནས“སློབ་ཆེན་དུ་རྒྱུགས་མ་འཕྲོད་པས་སྐྲ་བཞར་ཁང་འདི་གཉེར་བ་ཡིན། ད་ལྟ་ང་ཚོ་བོད་ཀྱི་གཞོན་ནུ་ཕོ་མོའི་ཁྲོད་དུ་ཆེད་ལས་ཆུང་བ་འདི་རིགས་གཉེར་མཁན་མི་འདུག་པ་ནི་སྟོང་ཆ་ཆེན་པོ་ཞིག་རེད”ཟེར།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།