གྲྭ་བཙུན་རྟོག་གེ་པ་དག་གི་མཛད་རྣམ་བརྗོད་པའི་སྙན་ངག《གྲྭ་རྐྱང་འདི་ཚོ》།
གྲྭ་རྐྱང་འདི་ཚོ།
གྲྭ་བཙུན་རྟོག་གེ་པ་དག་གི་མཛད་རྣམ།
སྙན་ལྷང་ལྷང་གཡེར་དྲིལ་བསིལ་རླུང་གིས་སྐྱོད་ཅིང་།།
མདངས་གསེར་མདོག་འཕྲོ་བའི་རྒྱ་ཕིབས་ཀྱིས་མཛེས་པའི།།
གནས་དབེན་ལྗོངས་ཞི་བསིལ་འཛད་མེད་ཀྱི་ཞིང་ཁམས།།
ངེད་དགེ་སྦྱོང་དག་གི་མཆོག་གྱུར་གྱི་བསྟི་གནས།།
དུང་དཀར་པོ་རྒྱང་འབུད་ཐེངས་གསུམ་ལ་བྱེད་དུས།།
གོས་ངུར་སྨྲིག་གསོལ་བའི་བྱ་བྲལ་གྱི་བཙུན་པས།།
སེམས་དཔེ་ཀློག་ཁྲོད་ནས་ཚུར་ཕྱོགས་སུ་བཀུག་ནས།།
ཅུང་མྱུར་བའི་སྟབས་ཀྱིས་ཆོས་གྲྭ་རུ་ཕེབས་སོ།།
ཕྱོགས་ངེས་མེད་ཡུལ་ནས་སློབ་གཉེར་ལ་ཕེབས་པའི།།
ཡིད་མཛའ་གཅུགས་བརྟན་པའི་ཆོས་གྲོགས་དང་ལྷན་དུ།།
གཞུང་སྐྱོར་སྦྱངས་ལས་ལ་ཡུད་ཙམ་ཞིག་འབད་པ།།
བློ་ཐོས་པར་བསྟིམས་པའི་འབྲས་རྟགས་ཙམ་ལགས་སོ།།
ལོ་རྒན་རིམ་བསླབ་པའི་གོ་རིམ་ལྟར་ཕེབས་ཏེ།།
ཡར་ཚོགས་ཆེན་འདུ་ཁང་སྤྱི་དབུས་སུ་འཛོམས་བྱུང་།།
སྐད་ལྷང་ལྷང་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཀློང་ནས།།
འགྲོ་སེམས་ཅན་བདེ་བའི་སྨོན་ལམ་ཞིག་བཏབ་ཡོད།།
སྐུ་གཟི་བརྗིད་འབར་བའི་ཚོསག་ཆེན་གྱི་དགེ་སྐུལ།།
མིག་ཕྲ་ཆུང་ཟུར་ནས་གར་ཕེབས་ལ་ལྟ་བཞིན།།
གྲོགས་ཕན་ཚུན་བར་ལ་གཏམ་གླེང་རེ་མཛད་པ།།
གཞུང་དཀའ་གནད་རེ་ལ་གསེད་འགྲོལ་ལས་མ་འདས།།
སྐབས་ལ་ལར་ལུས་ཀྱི་དགྱེ་སྒུར་ཙམ་ཉེས་ན།།
སྤྱན་གློག་ལྟར་འཁྱུག་པའི་དགེ་སྐུལ་མཆོག་ཕེབས་ནས།།
ཕྱག་ཕྲེང་བའི་དྲག་ཆར་མགོ་ཐོག་ཏུ་ཕབ་པ།།
དུས་རྒྱུན་ལྡན་འཚོ་བའི་སྣང་ཚུལ་ཙམ་ལགས་སོ།།
དམངས་དད་ལྡན་རྣམས་ཀྱིས་བསྙེན་བཀུར་ལ་བསམས་ནས།།
རྒྱུ་འབྱོར་བའི་མཆོད་པ་ཆར་སྤྲིན་བཞིན་བསྟབས་འདི།།
ངེད་གྲྭ་རྐྱང་རྣམས་ཀྱི་འཚོ་ཆས་སུ་སྨིན་པ།།
ཡིད་ཆུ་གཏེར་ཟབ་མོའི་གཏིང་རིམ་ནས་མི་བརྗེད།།
ངག་སྙན་མོས་སྒྲོལ་མ་བྱ་འཕུར་གྱི་དབྱངས་རྟ།།
ཡུལ་འཇིག་རྟེན་བདེ་བའི་དགེ་སྨོན་དང་འགྲོགས་ཏེ།།
མ་མཁའ་མཉམ་འགྲོ་བ་རིགས་དྲུག་གི་ཚོགས་ལ།།
དུས་གཏན་དུ་བདེ་བའི་ཕོ་ཉ་རུ་བསྐུར་ཡོད།།
དགུང་ཉི་མའི་དྲོད་ཁོལ་མཁའ་ཀློང་ནས་བསྡུས་ཀྱང་།།
ངེད་གྲྭ་རྐྱང་རྣམ་པ་རྡོ་འཁྱག་སྟེང་བཞུགས་ཡོད།།
གཞུང་བཀའ་པོད་ལྔ་ལ་བགྲོ་གླེང་རེ་མཛད་ནས།།
དགུན་བཅུ་བའི་ལྷགས་རླུང་དྲོད་སྣང་དུ་སྒོམ་ཡོད།།
ཁྱབ་མ་ཁྱབ་ཚ་དང་འཁོར་གསུམ་སོགས་ཟེར་བཞིན།།
བློ་རིགས་པའི་རོལ་རྩེད་གློག་ཞགས་ལྟར་མཆེད་པ།།
ངེད་གྲྭ་རྐྱང་རྟོག་གེའི་དགེ་སྦྱོང་དག་མ་གཏོགས།།
གཞན་མཁས་པའི་སྣང་བརྙན་མིག་ལམ་དུ་མ་མཐོང་།།
ཉིན་གཅིག་བཞིན་མི་ཚེ་ཧྲིལ་བོ་ཡི་དུས་ཡུན།།
བོད་རིག་པའི་གཞུང་ལ་ཕངས་མེད་ཀྱིས་བསྟིམ་པ།།
འདི་བོད་པའི་གྲྭ་རྐྱང་མགོ་རིལ་དག་མ་གཏོགས།།
ས་འཛམ་བུ་གླིང་ན་ཡོད་སྐད་ཅིག་མ་ཐོས།།
བློ་ཐོས་པར་གཞོལ་བའི་སྙིང་སྟོབས་ཀྱི་ཆ་ནས།།
ཁོང་རྣམ་པའི་མཛད་འཕྲིན་ཆུ་གཏེར་ལས་ཟབ་བྱུང་།།
ལུས་དཀའ་ཐུབ་དྲག་པོའི་འབད་པ་ལ་བརྟེན་ནས།།
སེམས་ཞི་བའི་བདེ་ལ་བཙན་ཐབས་ཀྱིས་སྤྱད་ཡོད།།
ངེད་གྲྭ་རྐྱང་རྒྱལ་སྲས་གཤོག་དཀར་གྱི་ཚོགས་རྣམས།།
གཞུང་ཆོས་རིག་རྒྱ་མཚོའི་ཀླུང་ཡངས་སུ་བསྐྱོད་དེ།།
དཔལ་མི་འཛད་རྣམ་དཀར་ནོར་བུ་མཆོག་བཙལ་ནས།།
བོད་གངས་རིའི་ལྗོངས་ལ་ལེགས་སྐྱེས་སུ་འབུལ་འདོད།།