གངས་ཤར་གྱི་ཚིགས་བཅད་སྙན་ངག་སྟེ《ང་ཚོའི་དགོས་མཁོ》།
གསང་གསུམ་སྒྱུ་འཕྲུལ་བྱེ་བའི་རོལ་གར་གྱིས།།
རིས་མེད་འགྲོ་ཀུན་སྐྱོང་བའི་དཔལ་མངའ་བ།།
ཚེ་རབས་ཕྲེང་བའི་རྗེས་འཛིན་ངག་གི་ལྷ།།
དེ་རིང་བདག་མགྲིན་འཁོར་ལོའི་ཁྱིམ་དུ་བཞུགས།།
གཞན་ཕན་ཁུར་དུ་ལེན་པའི་སེམས་བསྐྱེད་དགོས།།
རྣམ་དག་རྩ་བ་བརྟན་པའི་དད་པ་དགོས།།
གང་བསགས་འཁོར་བའི་དོན་ལ་ངེས་ཤེས་དགོས།།
དགོས་པ་འདི་གསུམ་ཐར་བའི་ལམ་ལ་དགོས།།
བསླབ་གསུམ་མེ་ཏོག་མཛེས་པའི་འདུལ་ཁྲིམས་དགོས།།
གཞན་སེམས་དགེ་ལ་དྲངས་པའི་ཀུན་སློང་དགོས།།
མ་དག་ལམ་ལས་བགྲོད་པའི་སྙིང་རྗེ་དགོས།།
དགོས་པ་འདི་གསུམ་འཕགས་པའི་སྡེ་ལ་དགོས།།
བརྩེ་ལྡན་ཡབ་ཡུམ་ཟུང་གི་བསླབ་བྱ་དགོས།།
ལྔ་རིག་མེ་ཏོག་འཐུ་བའི་གོ་སྐབས་དགོས།།
གཞན་ཕན་ཕྱག་རྗེས་འཇོག་པའི་འདུན་པ་དགོས།།
དགོས་པ་འདི་གསུམ་གཅེས་ཕྲུག་ཡོངས་ལ་དགོས།།
མཛའ་བརྩེ་འོ་ཆུ་འདྲེས་མའི་དུངས་སེམས་དགོས།།
མི་བརྗེད་ཡིད་ཆེས་ཟབ་མོའི་ཁྲེལ་གཞུང་དགོས།།
དྲན་ཤིང་ཞེ་འདང་མངར་མོའི་སྙིང་གཏམ་དགོས།།
དགོས་པ་འདི་གསུམ་གྲོགས་པོའི་བར་ལ་དགོས།།
བསླུ་བ་མ་ཡོད་མཆོག་གསུམ་སྐྱབས་གནས་དགོས།།
དྲང་ཐིག་གནད་དུ་བཏོན་པའི་ལྟ་བ་དགོས།།
ཆོས་སྲིད་གྲོགས་སུ་འཁོར་བའི་རང་ལུགས་དགོས།།
དགོས་པ་འདི་གསུམ་གདོང་དམར་བོད་ལ་དགོས།།
མཐོ་བའི་དཔོན་ལ་ཟོལ་མེད་གུས་བཀུར་དགོས།།
དམའ་བའི་རིགས་ལ་བསླུ་མེད་བྱམས་བརྩེ་དགོས།།
བར་གྱི་གྲོགས་ལ་འགྱུར་མེད་ཕྱི་ཐག་དགོས།།
དགོས་པ་འདི་གསུམ་ཨ་མའི་བུ་ལ་དགོས།།
ཕྲག་དོག་དུག་གིས་མ་རྨས་ཕུགས་བསམ་དགོས།།
རང་དོན་གཅེས་འཛིན་བྲལ་བའི་སྤོབས་པ་དགོས།།
ཕྱོགས་ཞེན་དྲི་མས་མ་ཟིན་མཐུན་སྒྲིལ་དགོས།།
དགོས་པ་འདི་གསུམ་ཞི་བདེ་ཕྱོགས་ལ་དགོས།།
ཤེས་རིག་རྒྱལ་ཐོབ་ཟིན་པའི་མཁས་པ་དགོས།།
ལ་རྒྱའི་གཞི་རྩ་འཚོལ་བའི་ན་གཞོན་དགོས།།
ཉམས་མྱོང་ཡོན་ཏན་འབྱོར་བའི་རྒན་པོ་དགོས།།
དགོས་པ་འདི་གསུམ་ཡར་རྒྱས་ཐད་ལ་དགོས།།
ཚེ་སྲོག་ལང་ཚོ་རྒྱས་པའི་སློབ་གསོ་དགོས།།
ཐ་དག་ཡར་རྒྱས་ཡོང་བའི་དཔལ་འབྱོར་དགོས།།
འཁོར་རྩོད་གཡུལ་ངོ་ཟློག་པའི་ལྷག་བསམ་དགོས།།
དགོས་པ་འདི་གསུམ་འགྲོ་བ་མི་ལ་དགོས།།