logo

འབྲོང་གིས་ལྗགས་རྩོམ་གནང་བའི་རང་མོས་སྙན་ངག《རྩྭ་ཐང་གི་དབྱངས》།

རྩོམ་པ་པོ།:འབྲོང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-28 ཀློག་གྲངས།:

རྩྭ་ཐང་གི་དབྱངས།

                ཉི་འོད་ནི་བར་ཆད་མེད་པར་ཁད་ཀྱིས་འཕྲོས་པ
                འབྲོག་མི་རེ་རེའི་ངོ་གདོང་ལ་བྱུགས་པའི་མར་ཁུ་ཇི་བཞིན
                སྣུམ་ཞིང་བཅུད་ཆེ་ལ་བཀྲག་མདངས་ཆེ


                ཉི་འོད་ཀྱི་ཀློང་དུ་རྩྭ་རྩེ་ནས་ཐོར་བའི་བསིལ་ཆུ་དག  
                མེ་ཏོག་གི་འདབ་ལོའི་སྟེང་འགྲིལ་གྱིན་པ
                ངའི་བྱིས་པ་ཚོའི་མིག་འབྲས་ཀྱིས་འཚེར་ནས
                ས་ཆེན་པོའི་ཀློང་དབྱིབས་སུ་སིམ་གྱིན་གདའ


                མེ་ཏོག་གི་ཚལ་དུ་འཕྱན་པའི་ཕྱེ་ལེབ་དག
                གར་གྱིས་འཕུར་ཞིང་བགས་ཀྱིས་རྩེན་ལ
                བྱེའུ་རྣམས་དོགས་སྣང་མེད་པར་སྦྲ་ཆོན་སྟེང་བབས་ནས
                ངའི་མ་ཡུམ་ཚོའི་གསོལ་འདེབས་ལ་རོལ་འདུག


                རྟ་མཆོག་གི་བང་འགྲོས་སྐྱེན་པོས
                གྲང་ལྷགས་ཀྱི་འཇབ་རྒོད་གཏོར་ཞིང
                བྱ་རྒོད་ཐོལ་གྱིས་འཕུར་བའི་གཤོག་ཟུང་གི་རྩལ་ཤུགས
                ངའི་ཡབ་ཆེན་ཚོའི་དཔུང་ཤ་རུ་འཐིམ་ནས
                ཀི་བསོ་ལྷ་རྒྱལ་གྱི་བསང་དུད་ཀྱ་ཀྱུ
                སྤྲིན་དཀར་དང་མཉམ་པོར་ལྷ་ཡུལ་དུ་མཆེད་ཀྱིན་ཡོད


                འབྲི་མོ་གཡང་གིས་ངུར་བའི་ཁ་རླངས་འཇམ་པོས
                ཞོགས་པའི་སྒོ་གླེགས་དལ་གྱིས་རྡུང་དུས
                ངའི་ཆུང་མ་ཚོའི་འཛུམ་ཀོང་དུ
                འོ་ཞོ་དང་དུང་ཞེན་འཁྱིལ་བཞིན
                ཞིམ་མངར་མངར་གྱི་མར་ལོ་དཀྲོགས་ཀྱིན་པ
                ཟད་མི་ཤེས་པའི་ཡིད་སེམས་ཀྱི་མཆོད་པ་ཡིན

 

                རླབས་ཀྱིས་རྩེན་པའི་ལུག་ཁྱུ
                འབྱོར་ཕྱུག་གིས་བཞུར་བའི་ཆུ་མིག
                ལྷོད་ཀྱིས་ཡན་པའི་རི་དྭགས
                དྲོད་ཀྱིས་ཕུབ་པའི་སྦྲ་ནག
                ད་དུང་རླུང་དང་ཁ་ཆར
                འཇའ་ཚོན་དང་དག་གཙང
                ཡོད་ཚད་ཀྱི་ཡོད་ཚད
                ངའི་ཕུ་ནུ་མང་དྲིང་ཚོའི་རུས་རྐང་གིས་བཞིབས་ཏེ
                ཁྱོད་ལ་དཀྲོལ་གྱིན་ཡོད


འབྲེལ་ཡོད་འོས་སྦྱོར།