བདག་འཛིན་གྱི་བཤད་པ་ཐང་སྟོང་རྫི་བོའི་གླིང་བུ།
བདག་ཏུ་འཛིན་པ་བྱིས་པ་དག་གི་སྲོལ།།
གདོད་མའི་དུས་ནས་ཟད་མཐའ་མེད་ན་ཡང་།།
བདག་འཛིན་གདོན་འདྲེ་སྙིང་ན་འདིའོ་ཞེས།།
སྙན་ངག་གླུ་ཆུང་ལེན་པའི་གནང་བ་སྩོལ།།
ང་ཁྱོད་རིས་སུ་འབྱེད་པའི་རྩོད་པ་འདི།།
མཐོ་དམན་བདེན་པར་ཞེན་པའི་སྣང་བ་འདི།།
དབུལ་ཕྱུག་རང་སར་ཡོད་པའི་མཐོ་དམའ་འདི།།
བཙན་གཉོམ་བཅོས་སུ་མེད་པའི་བཀའ་ཡིག་འདི།།
མཐོ་བ་དཔོན་པོར་ཡོད་པའི་ང་རྒྱལ་འདི།།
དམའ་བ་སྤྲང་བོར་ལྡན་པའི་གཅོང་ནད་འདི།།
བར་མའི་གཡོ་དང་སྒྱུ་ཡི་ཟློས་གར་འདི།།
ཀུན་གྱིས་གཞན་ལ་གནོད་པའི་བྲོ་ནད་འདི།།
ཆོས་པའི་གྲུབ་མཐའ་རྩོད་པའི་ཕུང་བཀྲོལ་འདི།།
ཕུ་ནུ་གྱོད་ལ་རྔམ་པའི་ནང་གཤེད་འདི།།
འཇིག་རྟེན་རྫས་འཕྲུལ་དམག་གི་གཡུལ་འཁྲུག་འདི།།
ཞི་བདེའི་སྲོག་རྩ་གཅོད་པའི་ལག་དམར་འདི།།
མི་གཅིག་དོན་དུ་མི་མང་འཁྲུག་པ་འདི།།
སྒོར་གཅིག་སླད་དུ་མི་སྲོག་གཅོད་པ་འདི།།
རང་གི་ཆེད་དུ་གཞན་དག་བྲིད་པ་འདི།།
མིང་དང་གྲགས་པར་མངོན་ལྐོག་འགྱུར་ལྡོག་འདི།།
ཕ་ཡིས་ཡོད་ཚད་བུ་ལ་སྟེར་བ་འདི།།
བུ་ཡིས་ཕ་མར་མནར་བའི་སྲོལ་ངན་འདི།།
གཞོན་ནུ་མཛེས་མར་དུངས་བའི་བསམ་པ་འདི།།
མཛེས་མ་སྒོར་ལ་སྙེག་པའི་ཞེ་འདོད་འདི།།
རང་དོན་ངོམས་པ་མེད་པའི་སྤྲང་ཁུག་འདི།།
གཞན་གནོད་འཛེམ་པར་བྲལ་བའི་ལོང་བ་འདི།།
རྒྱུ་འབྲས་མདའ་མོ་གཅོག་པའི་གཉེན་ལག་འདི།།
ཡ་རབས་ལུགས་བཟང་བརྫི་བའི་རྐྱང་རྒན་འདི།།
རང་སྐྱོན་རྔ་མོང་མི་ངེས་གོ་རྒས་འདི།།
གཞན་སྐྱོན་ཤིག་ལ་འཛུགས་པའི་གཤེད་མོ་འདི།།
གཉེན་ལ་དར་གྱིས་འཁྱོག་པའི་ཤིང་སྐམ་འདི།།
གཞན་དག་མིག་ལ་མི་འཇོག་མགོ་མཐོ་འདི།།
གཞན་གྱི་ཕུན་ཚོགས་འཁུ་བའི་རྨ་བྱ་འདི།།
མི་བཟོད་གཞན་ལ་སྡང་བའི་དུག་སྦྲུལ་འདི།།
དབང་མེད་སྣང་ཤེས་བསྡུ་བའི་ཕག་རྒན་འདི།།
ཡིད་ཀྱི་འོ་ཞོ་དཀྲུགས་པའི་ཆུ་བྱ་འདི།།
འདོད་པའི་ཕྱོགས་སུ་འབྱུང་བའི་སྐད་ཆ་འདི།།
ཞེན་པའི་ཐད་ལ་གཡོ་བའི་བསམ་པ་འདི།།
གང་ཡག་མཛེས་ལ་དགའ་བའི་ལུས་པོ་འདི།།
ལོངས་སྤྱོད་དུ་ཆང་བསམ་པའི་ཕུགས་འདུན་འདི།།
རང་མཚང་ཕྱུང་ན་འགྱུར་བའི་ངོ་དམར་འདི།།
གཞན་སྐྱོན་བྲུས་ལ་དཔའ་བོ་ཡ་མེད་འདི།།
སྟོང་གཏམ་ལབ་ལ་ཐོགས་མེད་མཁས་པ་འདི།།
རང་ཚོད་མེད་པའི་རྟ་རྒོད་སྨྱོན་པ་འདི།།
ནམ་ཡང་འཁོར་བར་ལུས་པའི་བྱིང་རྡོ་འདི།།
ཐར་བ་བར་དུ་གཅོད་པའི་གཤེད་མ་འདི།།
བསམ་ན་སྡུག་བསྔལ་འབྱུང་བའི་སྒོ་མོ་འདི།།
འདི་སྣང་ཀུན་ལ་སྤྲུལ་བའི་བསླུ་བྲིད་འདི།།
མདོར་ན་འཇིག་རྟེན་གཏོར་བའི་རྫས་འཕྲུལ་འདི།།
འགྲོ་བ་སེམས་ཅན་འཇོམས་པའི་སྒྱོགས་རྡོ་འདི།།
འདི་སྣང་ཀུན་ལ་ཐེ་བའི་བྱད་དུག་འདི།།
སེམས་ཅན་ཀུན་ལ་ཡོད་པའི་གདོན་འདྲེ་འདི།།
སྔར་ནས་རྒྱུད་ལ་སྡོད་པའི་འགོང་བོ་འདི།།
ད་ཡང་འཛེམ་བག་བྲལ་བའི་ལང་ཤོར་འདི།།
སླར་ཡང་འདོད་རྒུར་བྱེད་པའི་ཁྲམ་པ་འདི།།
འདི་ཕྱི་ཀུན་ལ་རྒྱུགས་པའི་འཆིང་ཐག་འདི།།
མཐོ་བ་བླ་མ་དཔོན་པོའི་གསེར་ཁྲི་ནས།།
དམའ་བ་སྤྲང་བོ་དག་གི་མལ་སྟན་བར།།
འདི་སྣང་ཀུན་ལ་ཁ་ལོ་བསྒྱུར་བ་འདིས།།
གཞན་ཕན་མེ་ཏོག་མཛེས་ཀྱང་སད་ཀྱིས་ཁྱེར།།
སྐྱེ་ནས་འཆི་བ་འཁོར་བའི་རང་གཤིས་ཏེ།།
བདག་ཏུ་འཛིན་པའི་སླར་ཡང་མགོ་བོ་འཁོར།།
འདི་ལས་བསམ་ཏེ་འཇིག་རྟེན་དགེ་བའི་གཞིར།།
བདག་འཛིན་གཟེབ་ལས་ནམ་ཡང་གྲོལ་གྱུར་ཅིག།