འབའ་ཚེ་སྨྱོན་གྱི་སྙན་ངག《ཉེ་ལམ་གྱི་དྲན་འཆར་ལྕི་མོ》།
ཉེ་ལམ་གྱི་དྲན་འཆར་ལྕི་མོ།
འབའ་ཚེ་སྨྱོན།
དྲན་པ་འདི་ཆགས་པས་ཁེངས་བའི་འཇིག་རྟེན་ངོ་མ་དེ་ལགས་ན།
ལུས་ཕུང་ནི་དེ་འདེག་བྱེད་ཀྱི་སྟེགས་བུ་རྫུན་མ་དེ་ཡིན་ལ།
ཉི་ཟླ་སྐར་གསུམ་ཡང་དེ་ལ་བཟོས་པའི་རྩེད་ཆས་ཤ་སྟག་དེ་ཡིན།
ཉི་མ་སྔར་བཞིན་ཤར་ནས་ནུབ་དུ་བཞུར་ལ།
གཙང་ཆུ་སྔར་བཞིན་ནུབ་ནས་ཤར་དུ་རྒྱུགས།
ཟླ་བའང་སྔར་བཞིན་མཐར་དུ་འཕྱངས་ཤིང་།
སྐར་ཚོགས་ཀྱིས་སྔར་བཞིན་འཛུམ་གྱིས་བསུས།
ཡོད་དང་མེད་ཀྱིས་གྲུབ་པའི་འཇིག་རྟེན་འདིའི་པང་ནས།
བཞུར་མི་ཚར་བ་ནི་རྫུན་གྱི་དགུན་གཞུང་དེ་རེད་ལ།
བཞུར་མི་སྲིད་པའང་དབྱར་གཞུང་ངོ་མ་དེ་རེད།
འཆར་མི་སྲིད་པ་ནི་ཁ་སང་གི་ཉི་མ་རེད་ལ།
གྲགས་མི་སྲིད་པའང་ཁ་སང་གི་གཏམ་རྒྱུད་དེ་རེད།
བཞུད་ཟིན་པའི་རྒོད་པོའི་ཚོགས་ཀྱིས།
དྲན་པ་རློན་པ་དེ་ང་ལ་གནང་ཞིང་།
གོམ་པའི་འདེགས་འཇོག་དེ་ང་ལ་བསྒྱུར་བྱུང་།
ཅི་མི་སྙམ་པའི་འདོད་ལོ་ངོ་མ་དེས།
ཡིད་ཆེས་ཀྱི་མིག་ཟུང་བདག་ལ་བཀལ་བྱུང་།
སང་ཉིན་མང་པོ་ཞིག་རྒྱུད་དགོས་པའང་གཞི་ནས་མཐོང་བྱུང་།
༢༠༡༡ ༧ ༢༩ཉིན་འབའ་གཞུང་དུ།