རྣམ་གླིང་རིན་ཆེན་གྱི་ཚིགས་བཅད་སྙན་ངག《སྙིང་གི་ན་ཟུག》།
སྙིང་གི་ན་ཟུག
རྣམ་གླིང་རིན་ཆེན།(ལན་གྲུ)
ཆུང་ཆུང་ཆུང་ནས་འགྲོགས་པའི།།
ཆུང་འདྲིས་སྙིང་གི་ཚི་ལུ།།
ཆུང་དུས་སྙིང་གཏམ་གླེང་ས།།
ད་ཆ་ཁ་མཆུའི་གཞི་མ།།
དབྱར་གྱི་མེ་ཏོག་བཞིན་དུ།།
བལྟས་ན་མིག་ལ་མཚར་ཡང་།།
ཕྱི་ཡི་རྣམ་པ་ཟེར་བ།།
རང་སེམས་བསླུ་བའི་རྒྱུ་རེད།།
བརྩེ་དུང་བརྩེ་དུང་ཟེར་ཡང་།།
དོན་དམ་འདོད་ཆགས་འབའ་ཞིག།
ཨོ་ལོའི་སེམས་ཀྱི་ལུག་ཁྱུ།།
ཁྱེད་ཀྱིས་འུར་རྡོས་དཀྲོགས་སོང་།།
ཁྱེད་གཟུགས་པད་མ་འདྲ་པོ།།
དུག་སེམས་སད་ཀྱིས་བཅོམས་སོང་།།
ལང་ལོང་གཡོ་བའི་སྤྲིན་གྱིས།།
རང་སེམས་འཇག་ཐབས་མིན་འདུག།
ཁྱེད་ལུས་གསེར་ནི་མ་རེད།།
ནང་སེམས་གཡུ་ནི་མ་རེད།།
ཤ་ཁྲག་རུས་གྲུབ་བུ་མོ།།
སྐར་ཚོགས་ལས་ཀྱང་མང་བ།།
རྣམ་པ་བཟང་བས་ཅི་ཕན།།
ལྷ་ཁང་མཆོད་རྫས་མི་ཡོང་།།
དེ་ལས་ངང་རྒྱུད་རིང་པོས།།
གཅིག་སེམས་གཅིག་ལ་གཏད་དགའ།།
ཁ་ན་ཟོར་བ་ཐོག་པས།།
མི་སེམས་བཙས་མ་བརྔས་སོང་།།
ཁོག་དབུས་དུག་གི་ཚེར་མས།།
རང་གཞན་མཚོ་བཞིན་དཀྲུགས་སོང་།།
རྐང་གཉིས་སྐྲ་རིང་ཁྱོད་ཀྱི།།
སེམས་པ་དབྱར་ཁའི་གནམ་རེད།།
སྔ་དྲོ་འཛུམ་གྱིས་བསུས་ཀྱང་།།
ཕྱི་དྲོ་སོ་གྲ་སྒྲིག་གིས།།
ཁ་སང་ཨ་ཇོ་ཟེར་བཞིན།།
ཁྱེད་དགའ་ཁྱེད་འཇོན་ལབ་བྱུང་།།
དེ་རིང་མིང་ལྡོག་འདོགས་བཞིན།།
ཁྱོད་ངན་ཁྱོད་ལྐུགས་ཟེར་གིས།།