རི་ཁྲོད་ཅིག་ལ་བཏབ་པ།
རྩོམ་པ་པོ།:ལྷམ་ཀོག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2011-07-10
ཀློག་གྲངས།:
སྨུག་པས་རི་རྒྱབ་གནོན་དུས།
རི་བོའི་སུལ་ནས་འབབ་པའི་ཆུ་ཕྲན་གྱིས།།
ཤང་ཤང་སྒྲོག་གིན་ཁྱེར་བའི་རྨི་ལམ་དེ།།
དོ་ཧའི་མགུར་གླུ་ཡིན་པས་ཞེ་ལ་ཞོག།
དབེན་པའི་བསིལ་རླུང་ཡིན་པས་སེམས་སུ་སྒོམས།།
འདུ་འཛིའི་རྒྱ་ལ་བྲེད་པའི་བྱ་བཏང་བ།།
རྩྭ་མགོར་གཡེངས་པའི་ཞོགས་ཟིལ་དྭངས་མོ་ཞིག།
འཇིག་རྟེན་ཉེས་པས་མ་གས་མེ་ལོང་ཞིག།
སྣང་དག་རི་མོར་ཕབ་པ་སྟོང་བའི་གཟུགས།།
སྤྲིན་པ་བལ་དཀར་འདྲ་བའི་རི་རྩེ་ན།།
གཤོག་འགྱུར་རླུང་ལ་བརྡར་བའི་རྒོད་པོ་དེ།།
སེམས་ཉིད་ཟད་སར་འཁྱོལ་བའི་རྣལ་འབྱོར་བ།།
ནང་གི་འོད་ཟེར་ཀློང་དུ་ཞུགས་པ་འདྲ།།
མ་སྐྱེས་སྐྱེས་མེད་དབྱངས་ཀྱི་རོལ་མོ་མཁན།།
འབྲོག་དགོན་སྤང་དུ་ཉལ་བའི་རི་དྭགས་ལྟར།།
གཅིག་བུར་གནས་པའི་ཉམས་མགུར་བདེ་ཆེན་གླུ།།
དུས་བཞིའི་འགྱུར་བག་གསེབ་ཏུ་འདར་བ་མཚར།།
རི་ཁྲོད་ཞིག་གི་མཐོང་སྣང་བྲིས་པའོ།།
འབྲེལ་ཡོད་འོས་སྦྱོར།