logo

བོད་ལྗོངས་སློབ་ཆེན་ནས་མཆེད་པའི་སྐོར་བྲོའི་འོད་ཞགས།

རྩོམ་པ་པོ།:འབའ་ཚེ་སྨྱོན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-04 ཀློག་གྲངས།:

བོད་ལྗོངས་སློབ་ཆེན་ནས་མཆེད་པའི་སྐོར་བྲོའི་འོད་ཞགས།

                                                འབའ་ཚེ་སྨྱོན།

                བོད་ལྗོངས་སློབ་ཆེན་གྱི་དཀྱུས་དབུས་ནས་མཆེད་ཅིང་།
                ཝ་པ་སྤྱི་གླིང་གི་དགའ་ཚལ་ན་དགུང་དུ་འཕྱུར་བཞིན་པའི་སྐོར་བྲོའི་མེ་ལྕེ།
                ཨ་ལོང་བཞིན་སྒོར་བའི་མི་ཚོགས་ཀྱི་སྙིང་དབུས་ནས་མངར་ཇའི་དྲི་ཞིམ་དེ་ནང་བཞིན།
                སྐོར་བྲོ་བ་ཚོའི་ཁྲག་རྩར་རྒྱུད་ཐེངས་རེར། སེམས་ཁོང་གི་སྡུག་ཡུས་ཐ་དག
                ཉེ་ལོགས་ཀྱི་སྐྱིད་ཆུའི་རླབས་འགྲོས་དང་བསྟུན་ནས་སྐད་ཅིག་གིས་འཁུར་འགྲོ་ལ།
                ཤུལ་དུ་ལུས་པའི་དགའ་སྐྱིད་ཀྱི་འཛུམ་མདངས་དེ་ལའང་།
                གསོན་ཤུགས་ཀྱི་དམར་མདངས་ངང་གིས་རྒྱས་བྱུང་།

 

                སྐོར་བྲོའི་མེ་ལྕེ་སྔར་བཞིན་དགུང་དུ་མཆེད་བཞིན་ཡོད་ལ།
                སྐོར་བྲོ་བ་ཚོས་སྔར་བཞིན་ཨ་ལོང་སྒོར་སྒོར་ཞིག་བྲིས་འདུག
                གློག་སྡོང་གི་འོག་ཏུ་བབ་བརླིང་གིས་འཁྱིལ་བའི་བརྩེ་དུང་གི་མཚོ་མོ།
                འཇིག་རྟེན་པའི་སེམས་ལ་ཁ་བ་བཞིན་མར་མར་འབབ་དུས།
                དགུང་དུ་མཆེད་ཀྱིན་པའི་མེ་ལྕེའི་ཆེ་ཆུང་དང་།
                བསྲེག་འགྲོ་བའི་སྔངས་སྐྲག་གི་འཕྲིན་པ།
                སྔ་མོ་ནས་བོར་ཚར་ལ། རྔམ་མཐུག་པའི་མཚན་མོའི་འབོད་བརྡ་དེ་བསུ་ཞོར།
                འཇམ་ཅག་གེར་སོ་སོའི་ཚང་མལ་དུ་བཞུར་ཚར།

 

                སྐོར་བྲོའི་མེ་ལྕེ་སྔར་བཞིན་དགུང་དུ་མཆེད་བཞིན་ལ།
                སྐྱིད་ཆུ་སྔོན་མོ་སྔར་ནས་གཉིད་དུ་ཡུར་ཟིན།
                སྐོར་བྲོ་བ་ཚོས་སྔར་བཞིན་ཨ་ལོང་སྒོར་སྒོར་ཞིག་བྲིས་འདུག

༢༠༡༡ ༧ ༡ཉིན་གྱི་མཚན་མོར་ཚེ་སྨྱོན་གྱིས།


འབྲེལ་ཡོད་འོས་སྦྱོར།