རྒྱ་ཕྱུག་གི་སྒྲུང་གཏམ་ཞིག
རྡུལ་འཚུབ་འཁོར་བའི་ལུང་ཁོག
ཇག་ཁྱུ་ཞིག་དང་འདྲ་བའི་རླུང་དམར་དེ་སྦྲུལ་འཁྱུག་ལུང་ཁོག་ཏུ་ཚོམ་ཚོམ་མེད་པར་གཡུགས་བྱུང་བས།རེ་ཞིག་ལུང་བའི་ཕུ་མདའ་ན་སྙིགས་རྡུལ་ཁུར་བའི་མོ་ཧོ་ཆུ་བོ་སླར་་ཡང་རྡུལ་འཚུབ་ཀྱིས་བཏུམས་བྱུང༌། “བླ་མ་བཅོམ་ལྡན་འདས།ཡང་རླུང་གཡུགས་བྱུང༌།གཟས་གཟུང་རྒྱུ་འདིས་དཔྱིད་ཟོག་ཚོ་ལོ་འདུད་དུ་མི་འཇུག་ཁོ་ཐག་རེད།” ཨ་ཁུ་ཐར་བྷས་མིག་ནང་ལ་ཚེར་མ་ལྟར་རྒོལ་བའི་ས་རྡུལ་འབྱིད་རྗེས།ཕྲེང་བ་ལག་མགོར་བཀྲིས་པ་དང་རྟ་རྒན་གྱི་མཐུར་སྣེ་ནས་འཐེན་ཞོར་ལུག་ཁྱུ་སྦྲུལ་འཁྱུག་ལུང་ཁོག་ཏུ་བསྐོར།ཡིན་ནའང༌།རླུང་འཚུབ་དྲག་པོ་ཞིག་སླར་ཡང་ལུང་ཁོག་ནས་མུན་པ་འཐིབ་འཐིབ་ཀྱིས་སྦྲིན་ནག་བཞིན་འཚང་བྱུང་བས།ལུག་ཁྱུའི་ཁ་ཕྱིར་བསྐོར་བ་དང་མ་མོ་མ་བུའི་འབའ་སྒྲས་སྙིང་ལ་ཙག་ཤད་རྒྱུགས་པར་བྱེད།ཨ་ཁུ་ཐར་བྷས་རྟ་རྒན་གྱི་མཐུར་སྣེ་བཏང་ནས་ལུང་མདོའི་ཡར་ཕྱོགས་ཀྱི་ལུག་ཁ་ཕྱིར་བསྐོར་དུ་རྒྱུགས་ཀྱང༌། ལུག་འཕྲོ་མ་མར་མདོ་ལ་ཞོགས་པས།རྒད་པོ་རེ་ཞིག་འུ་ཐུག་པར་གྱུར།ཏག་ཏག་ལ་མ་མདོར་ཆུ་བཅུ་རུ་སོང་བའི་ཁོའི་ཚ་བོ་དང་གཞོན་ནུ་གཉིས་ཀྱིསཆུ་བཀལ་ནས་ཐོན་བྱུང་བས་ཁོའི་སེམས་ཡང་ཅུང་ཟད་ལྷོད་ལ་བབས།
ཨ་ཁུ་ཐར་བྷ་དང་ཁོའི་ཚ་བོ།ད་དུང་གཞོན་ནུ་དེ་གསུམ་གྱིས་ལུག་ཁྱུ་སྦྲུལ་འཁྱུག་ལུང་ཁོག་ཏུ་བཅུག་པ་དང༌། ལུང་མདོ་ནས་བལྟས་་ན་ལུང་ཁོག་དོག་ཅིང་རིང་བ། བྲག་དམར་བོ་ཡེར་རེར་འགྲེང་བའི་ངོས་སུ་བྱེ་མའི་རྒྱུན་ནི་རྦབ་ཆུ་འབྱོ་བ་ལྟར་ཟགས་པར། ལན་རེར་རླུང་གི་རྒྱུ་བ་དང་བསྟུན་ནས་ཁ་ཕྱོགས་ཀྱང་འགྱུར་བཞིན་འདུག སྔོ་ཅི་ཡང་རྒྱས་མི་འདུག་པའི་སྐྱེར་བ་དང་བྲ་མའི་ཚོགས་ནི་ཤ་གཟན་གཏུམ་པོ་ཞིག་དང་འདྲ་བར་ནག་ཀྲབ་སེར་ལུང་ཁོག་ཏུ་ཅེར་བའི་ངང་ཚུལ་དེས་མི་ལ་དབང་མེད་དུ་དངངས་འདར་རེ་རྒྱག་ཏུ་འཇུག་སྲིད།
“ཨ་མྱེས། རླུང་དམར་འདི་འདྲ་ཞིག་གཡུགས་པས། ངས་བལྟས་ན་ཕལ་ཆེར་འུ་ཚོ་འགྲོ་ཐུབ་མི་འདུག” གོམ་པ་ཁེར་སྤོ་ཉིས་སྤོ་བྱེད་པའི་ཚ་བོ་བཀྲ་ཤིས་ཀྱིས་དེ་ལྟར་བཤད་པ་དང༌། ཁ་ནང་ལ་རླུང་བརྒྱབ་པས།སླར་ཡང་འབྲོག་ལྭས་མགོ་གཅུད་ཅི་ཐུབ་བྱས་ཏེ་སོང༌།ཨ་ཁུ་ཐར་བྷས་་ལག་པ་རུམ་ལག་བྱས་ཏེ་འགྲོ་བཞིན་པ་དང་རླུང་ལ་བརྒྱུས་་པའི་ཚ་བོའི་སྐད་ཆ་ཐོས་མ་ཐག་སེམས་གསོའི་ཚུལ་གྱིས“ ཐུབ་ནི་རེད།ད་ལོ་མང་བོ་ཞིག་ལ་འདི་ལྟར་ཡོང་བ་མ་ཡིན་ནམ།”ཞེས་བཤད་པ་དང་མཐུད་ནས་སེམས་ཕམ་པའི་ཨུ་ཤུ་ཞིག་གིས་ཚིག་སྐྱོར་བརྒྱབ།རྦབ་ཆུའི་རྒྱུན་ལྟར་བསྲིངས་པའི་་ལུག་ཁྱུ་དང་དེའི་རྗེས་ན་རླུང་དམར་གདོང་གིས་བསུས་པའི་མི་དེ་གསུམ་པོ་ཡུན་རིང་གི་གོམ་པས་འཇལ་སྟབས་ད་ལྟ་ཐང་ཡོངས་སུ་ཆད་ཀྱང༌།ལས་ཡག་པ་ཞིག་ལ་རླུང་མགོའང་ཅུང་ཙམ་བཞག་པས། ཁོ་ཚོས་བྱེ་རྒན་མདོ་ནས་ངལ་གསོ་བྱས།སྤྱིར་ན་ད་དུང་ཡང་ཅུང་ཙམ་གཡུགས་བཞིན་འདུག་པས།ཁོ་ཚོས་བྱེ་རྒན་མདོ་ནས་ངལ་གསོ་མི་འོས་ཀྱང་བྱེ་རྒན་་ནི་དེར་ཟོག་ཆུ་ལྡུད་མཁན་ཚོར་ངལ་དུབ་གྱི་འཇབ་རྒོལ་གཏོང་མཁན་ཞིག་དང་འདྲ་བར་བྱེ་རིའི་མུ་རིང་ལ་མདོ་དེ་ནས་ཡར་འཁོར་ཚེ་དོག་ཅིང་དོག་པར། ཡང་བྱེ་རླུང་དང་འཐབ་འཛིང་བྱེད་དགོས་པ་ཡུལ་འདིའི་མི་ཚོས་སྔ་མོ་ནས་ཤེས་པས།བྱེ་མདོ་འདིར་ཁོ་ཚོ་སུ་ཡིན་ཡང་ཆུ་ཕོག་ནས་ངལ་གསོ་བ་ཡིན་ལ།དེ་རིང་ཨ་ཁུ་ཐར་བྷ་ཁོ་ཚོ་ཡང་དེ་བཞིན་རེད།ཨ་ཁུ་ཐར་བྷས་ཆུ་ཕོག་རྗེས་བྱེ་མའི་ནང་བཙོག་པ་དང༌། ཕྲེང་བ་འདེད་བཞིན་གསར་བུ་དེ་ལ“ཡགསར་བུ།ཁྱོད་ཀྱི་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་རྩིས་འདུག་ཟེར་བ་བདེན་ནམ།འདི་ངོ་མ་དོན་བཟང་ཞིག་རེད།”ཅེས་བཤད་པས།ལོ་ན་ཚོད་ཉི་ཤུའི་ཁྲི་ལ་འཛེགས་ཀྱང་ད་དུང་ཁ་སྐྱེངས་པར་གོམས་པའི་ཟླ་བ་ཚེ་རིང་ཁོའི་སར་བསྡད་ནས“ཨ་ཁུ།དེ་བདེན་པ་ཡིན།”ཞེས་བཤད།སྐབས་དེར་སློབ་གྲྭ་ཞེས་ན་ཇི་འདྲ་ཞིག་ཡིན་པའང་མི་ཤེས་པའི་ཚ་བོ་བཀྲ་ཤིས་ཀྱིས“ཕུ་བོ་ཟླ་བ།སློབ་གྲྭ་ཆེན་མོ་ཞེས་པ་ཅི་ཞིག་རེད།”ཅེས་མཚར་སྣང་གིས་དྲིས་ཀྱང༌། ཨ་ཁུ་ཐར་བྷས“བྱིས་པ་ཚོར་འདྲི་རྒྱུ་མ་མང༌།”ཞེས་ཁ་བཀག་པ་དང༌།མཐུད་ནས”ད་ཁྱོད་ཚོ་གསར་བུ་ཚོས་ཧུར་བརྩོན་བྱེད་དགོས་འདུག། རིག་གནས་མེད་ན་ང་ཚོ་ལྟ་བུ་རེད། ཕ་ས་མ་མོ་བྲང་མགོ་འདྲ་བོ་ཡང་ཚད་འདིར་བསྐྱལ་འདུག ངོ་མ་ཡིད་སྐྱོ་བར་བྱེད།”ཅེས་གདོང་ལ་ཉམ་ཐག་པའི་མདངས་ཤིག་མངོན་བཞིན་དེ་ལྟར་བཤད་མ་ཐགཚ་བོ་བཀྲ་ཤིས་ཀྱིས་འཛུམ་ཞིག་ཕྱུང་ནས“ཨ་མྱེས་ཀྱིས་ཡང་རྫུན་གཏམ་ཐལ།འུ་ཚོའི་ཕ་ས་མ་མོ་བྲང་མགོ་ལྟ་བུའི་ཆུང་ཆུང་ཞིག་ག་ནས་ཡིན”ཞེས་བཤད་པར།“བྱིས་པ་འདི་ངོ་མས་པྲ་ཚགས་ཤིག་རེད།ཁྱོད་སོང་ནས་ལུག་ཁྱུའི་ཁ་ཕྱིར་བསྐོར་རྒྱུ་མིན་ནམ།” ཞེས་ལག་ལ་སྐྱེར་ཤིང་ཞིག་བཟུང་བས༌། ཚ་བོ་འཕག་འཚག་ ཅིག་བྱས་ནས་ལུག་ཁྱུའི་སྔུན་ལ་བྲོས།
ཟླ་བ་ཚེ་རིང་ཡིན་པ་གནས་འདིའི་བུ་རྒྱུད་ཡིན་ཡང༌།རྒྱུ་རྐྱེན་ལ་གསལ་ཆ་བྲལ་བའི་དགོས་དབང་ཞིག་གིས་ཁོ་ཆུང་དུས་ནས་ཡུལ་ཕྱོགས་གཞན་གྱི་ཤ་ཉེ་ཞིག་ལ་བུ་སྐལ་དུ་་བྱིན།གནས་བབས་འདི་ལྟ་བུའི་འོག་ཁོས་རང་ཉིད་ཀྱི་ལྟེ་ ཕྲག་འཕོ་སའི་ཕ་ས་ཉིད་མུ་མེད་སྔོ་ལྗང་གི་རྩྭ་ཐང་ཞིག་ཡིན་པ་མཚན་མོའི་རྨི་ལམ་དུའང་སྒོམ་མྱོང་ལ།མགྱོགས་འགྲོ་རླུང་གི་དོ་ཡ་འདོ་རིག་རྟ་ཕོའི་བང་ཁར་རྐྱ་རྩལ་ངོམ་པའི་སྣང་བརྙན་གསོན་པོ་གཟུགས་འཛིན་མིག་གི་དགའ་སྟོན་དུ་ཡང་ཡང་བྱོན་མྱོང༌། ཕ་ས་མྱུལ་བའི་རྣམ་ཤེས་ཕྲ་མོ་རྐྱང་རྒོད་མཐུར་མེད་དང་འདྲ་བ་འདིས་ཀྱང༌།གཞོན་ནུ་འདིའི་ཡུན་རིང་དུ་རྣག་པའི་གྱེས་གདུང་གི་རྨ་ཁར་བཟོད་བརླག་བྲལ་བའི་ན་ཟུག་སྐྱེ་བཞིན་པ་རྟོགས་ཐུབ། ཡིན་ནའང༌།རྨི་འདོད་ཀྱི་འདུན་པ་ཡང་ཡང་སྐྱེ་ཞིང་རྨིས་ཀྱང་ཟིན་པའི་རྨི་ལམ་ང་ཁུ་ཞིག་ཡིན་ན། དེའི་མཐའ་མཇུག་གི་རྨི་ལྟས་ཀྱང་ མཛེས་སྡུག་གིས་མངོན་སྲིད་མིན་སུས་ཀྱང་ཁ་ཚོན་གཅོད་དཀའ་འདུག ཟླ་བ་ཚེ་རིང་གིས་རང་ཉིད་ཀྱི་སྐྱེས་ཁུངས་ཤེས་དུས་ནས་བཟུང་མར་ཁུ་རྩྭ་ཐང་སེམས་ལ་ཉར་ཞིང༌།ཁོའི་ཕ་སའི་ཡུལ་མི་རྣམས་ཀྱི་ཚེ་སྲོག་གི་གཟུང་ཐག་ཉག་གཅིག་ཏུ་གྱུར་བའི་མོ་ཧོ་ཆུ་བོའི་བཞུར་སྒྲ་ལ་རྣ་བ་བླགས་སྙམ་ཡང༌། མཚར་སྡུག་གི་གཏམ་རྒྱུད་རླུང་གིས་ཁུར་བ་བཞིན་ད་ལྟ་ཅི་ཡང་ལྷག་མི་འདུག་པའི་སྣང་ཚུལ་སྐྱོ་བོ་འདིས་ཁོ་རེ་ཞིག་ཡིད་ཐང་ཆད་པར་གྱུར།
མུ་འབྲེལ་ཤོག་ཐར་ཞིག་དང་འདྲ་བའི་བྱེ་རྒན་ལ་རླུང་འཚུབ་དྲག་པོས་ཚུར་རྒོལ་ཡང་ཡང་བྱེད་ཅིང༌། ཨ་ལོང་འཁྱིལ་བ་ལྟར་འཁོར་བཞིན་པའི་བྱེ་འཚུབ་ཁྲོད་ཡུལ་གྱར་བྱུང་བའི་རྩྭ་ཕྲན་འགའ་རེས་བྱེས་གླུ་ཤུར་ཤུར་དུ་ལེན་པ་དང་འདྲ་བར་ནམ་ཞིག་མར་ཁུ་རྩྭ་ཐང་གི་གོས་ལྗང་ཡང་བྱེ་རྒན་འདིའི་མུ་འབྲེལ་གྱིས་བསྣུབ་སྲིད་པ་དང་ས་འདིའི་ཡུལ་མི་རྣམས་ཀྱང་རྩྭ་ཕྲན་འདི་བཞིན་ཡུལ་གྱར་འབྱུང་ཨེ་འགྲོ་སྙམ་པའི་ཁོང་འདར་ཞིག་མི་སུ་ཡིན་ཡང་རང་ཤུགས་ཀྱིས་སྐྱེ་འགྲོ
“ཨ་ཁུ།ལུང་ཁོག་འདི་ངོ་མས་ཅིག་བཙོག་ག སྔོན་ཆད་ཀྱང་འདི་འདྲ་ཡིན་ནམ།ངས་གོ་ཐོས་ལྟར་ན་མོ་ཧོ་ཆུ་བོ་དྭངས་ཤིང་གཙང་བ་ཞིག་ཡིན་ཟེར་ཡང༌།འདི་འདྲ་ཞིག་ཏུ་ཅི་ལྟར་གྱུར་བ་རེད།”ཟླ་བ་ཚེ་རིང་ལ་ཉམ་ང་བའི་ཁོར་ཡུག་འདིའི་སྣང་ཚུལ་གྱིས་རང་དབང་མེད་པར་དྲི་བ་འདི་འདྲ་ཞིག་འདྲི་རུ་བཅུགརླུང་བུ་ད་དུང་ཡང་ཤུར་ཤུར་དུ་གཡུགས་བཞིན་འདུག ཚེ་སྲོག་ལ་རང་དབང་བྲལ་བའི་རྩྭ་ལོ་དག་ཀྱང་ནམ་ མཁའ་རུ་མགོ་མཇུག་ལྡོག་ནས་འཕུར་བསྐྱོད་བྱེད་བཞིན་འདུག དྲི་བ་འདིས་ཨ་ཁུ་ཐར་བྷའི་སེམས་ཁོང་ལ་རླུང་འཚུབ་ལས་ལྷག་པའི་གཡོ་འགུལ་ཞིག་ཐེབས་སུ་བཅུག་སོང༌།
ཁོས་མི་ལོ་དུ་མའི་ཡར་སྔོན་གྱི་ས་རུ་འཕོས་པའི་ལྷ་ཡུལ་ཞིག་དྲན་བྱུང༌། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན། དེ་ནི་རྟོག་བཏགས་ཀྱི་ལྗོངས་རིས་ཤིག་དང་འདྲ་བར་ཞབས་རྗེས་ཀྱི་རི་མོ་ཤུལ་ཙམ་ཡང་མི་འདུག་པ་རྗེས་རབས་པ་སུ་ཞིག་གིས་དོ་སྣང་བྱེད་སྲིད་དམ་སྙམ།ཨ་ཁུ་ཐར་བྷའི་ཐལ་མདོག་གི་གདོང་ལ་ཡིད་ཆད་ཀྱི་མདངས་ཤིག་མངོན་འདུག་པ་དང༌། ཕར་བལྟས་ཚོད་ཀྱི་ཁོས་དྲི་བ་འདིང་ལན་ཇི་ལྟར་ལྡོན་རྒྱུ་ཤེས་ཀྱིན་མེད་པ་འདྲ།རླུང་བུའི་ཤུ་སྒྲ་མྱ་ངན་གྱིས་གདུང་བའི་བྱེད་པོ་ཞིག་གི་ངུ་སྐད་དང་འདྲ་ལ༌། མཐིང་མདོག་གི་ནམ་མཁའ་ཡང་རྡུལ་འཚུབ་ཀྱིས་བཀང་འདུག་པས།མིའི་རིགས་ཀྱི་ཆེས་མཐའ་མཇུག་གི་ཡུལ་ཁམས་གཙང་མར་འབོད་པའི་ཡུལ་འདི་ཡང་ད་ནི་ཅི་འདྲའི་ཡ་ང་ཞིང་ཞེ་སྡུག་ཨང༌།
ཁོས་མ་ཎི་ཕྲེང་སྐོར་གཅིག་གི་གྲངས་ཀ་བཏང་བ་དང༌། ལུག་ཁྱུའི་སྔུན་ན་འབྲོག་ལྭས་མགོ་བོ་གཅུད་ནས་ཉལ་འདུག་པའི་ཚ་བོ་ལ་ཐེངས་གཅིག་བལྟས་རྗེས། ཨུ་ཤུ་ཞིག་བྱུང་བ་དང་མཐུད་ནས“འདི་ཡོད་ཚད་འུ་ཚོ་རང་ཉིད་ལན་པ་རེད།ས་འདི་སྔོན་དབུས་གཙང་གི་གྲུབ་ཆེན་ཞིག་གིས་ ཞབས་ཀྱིས་བཅག་མྱོང་བས་སྔར་ནས་གནས་རི་འགངས་ཆེན་ཞིག་ཡིན་ཡང་སྙིགས་མའི་དུས་ཞེས་པ་བདེན། ལོ་མང་ཙམ་གྱི་ཡར་སྔོན་དུ་བྱེ་རྒན་འདི་ཡང་ཟ་མ་ཚང་ཚིང་དུ་ འཁྲིགས་པའི་གནས་ཤིག་ཡིན་པ་དང༌། རི་བོང་དང་བྱ་རིགས་སྣ་ཚོགས།ད་དུང་རི་སྐྱེས་སྲོག་ཆགས་མང་པོ་ཞིག་གནས་འཆའ་ཡང༌།ཡུལ་མི་ཚོས་ལོ་རེ་བཞིན་བྲ་མ་བཅད་ ནས་སང་ལོའི་འབུད་ཤིང་ཏུ་འཇོག་ལ།བྲ་མ་བཀལ་བའི་ཁལ་མ་དག་སྦྲུལ་འཁྱུག་ལུང་ཁོག་ཏུ་བཤགས་བཞིན་པའི་སྣང་ཚུལ་ད་དུང་ཡང་ངའི་མིག་ལམ་དུ་ཁ་སང་བྱུང་བ་བཞིན་འཆར་གྱི་འདུག”བཤད་མཚམས་འདིར་སླེབས་མ་ཐག་ཆུ་ཕོག་ནས་བཞག་ཡོད་པའི་ཁལ་མ་རྟ་རྒན་དེ་ཤོར་ ནས་ལུང་ཁོག་ཏུ་བྲོས་པས།ཟླ་བ་ཚེ་རིང་གིས“ཨ་ཁུཁྱེད་སྡོད་དང༌།ང་འགྲོ་ཁྲིད་ལ་ཡོང༌།”ཞེས་བཤད་ཞོར་ཡར་ལངས་ནས་རྟ་རྒན་གྱི་རྗེས་བདའ།རང་བྱུང་གི་རྒོལ་རྡུང་མིས་བཟོད་ཏུ་གཏུབ་ཀྱང༌།མིའི་རིགས་རང་ཉིད་ཀྱི་བྱས་ཉེས་ང་ཚོ་རང་གིས་ཀྱང་ཐག་གཅོད་བྱེད་དཀའ་འདུག ཟླ་བ་ཚེ་རིང་གིས་དེ་ལྟར་བསམས་ཞོར་རྟ་རྒན་གྱི་རྩུབ་ལོགས་སུ་རྒྱུགས།
སྤྱིར་ན་འདོ་རིག་རྟ་ཕོའི་བང་ཁ་རྐང་ཐང་ཞིག་གིས་ལེན་རྒྱུ་ཟེར་ན་དངོས་གནས་དགོད་བྲོ་བར་འགྱུར་ཡང༌། ད་ལོ་དཔྱིད་མགོ་ཚེས་པ་ནས་ཁ་བ་བྱ་སྤུ་ཙམ་ཡང་མ་བབས་པའི་ཁར་ཉིན་རྒྱུན་དུ་རླུང་དམར་འར་འུར་ཏ་གཡུགས་པས་རྒྱུན་མ་ཆད་པས་རྟ་རྒན་འདིར་ཡང་དེ་རིང་རླུང་འཚུབ་ འདི་དང་ཟླ་བ་ཚེ་རིང་གཉིས་ཀས་རྒོལ་ན་ཕུགས་མི་བརྟན་པར་འདུགམདུན་ནས་རླུང་གིས་རྒོལ་བར་འཇིགས་པའམ་ཡང་ན་རྗེས་ཀྱི་ཐང་ཆད་པའི་ཟླ་བ་ཚེ་རིང་ལ་སྙིང་རྗེ་བ་ང་ཡིན་མི་ཤེས་མོད།རྟ་རྒན་ཡང་མར་ཅུང་ཙམ་རྒྱུགས་རྗེས་བསྡད་བྱུང༌། ཟླ་བ་ཚེ་རིང་གིས་རྟ་རྒན་ཁྲིད་ནས་ཕྱིར་ཐོན་པ་དང༌།ཨ་ཁུ་ཐར་བྷས་རྟ་རྒན་བསྟདརྗེས“ཡ་གསར་བུ།ངལ་ཞིག་གསོས་དང༌།ཅུང་ཙམ་གྱིས་འུ་ཚོ་ཡང་འགྲོ་རྒྱུ་བྱེད་་ཟེར།”ཟླ་བ་ཚེ་རིང་གིས་མར་ཁུ་རྩྭ་ཐང་གི་རང་བྱུང་གི་བཀོད་པ་ཅི་འདྲ་ཞིག་ཡིན་འདྲི་འདོད་ཀྱིས“ཨ་ཁུ། ཐང་ལ་བུད་ན་འདི་འདྲ་ཞིག་ཡིན་པ་ཨེ་རེད།”ཅེས་ཨ་ཁུ་ཐར་བྷས་སླར་ཡང་ཨུ་ཤུ་ཞིག་ཕྱུང་ནས“གཅིག་འདྲ་རེད།ན་ནིང་དོ་ཚིགས་ཆུང་ཕྱོགས་ཚོས་སེའུ་དཀར་བཙོང་ན་གོང་ཡོད་པ་ཤེས་ནས་རྩྭ་སར་ས་སློག་རྡོ་སློག་བྱས་ཏེ་ས་གསོན་པོ་ཞིག་བསྐྱུར་མི་འདུག དེ་ལོས་ཡིན། བྱེ་རྒན་མདོ་ནས་བྲ་མ་བཅད་པ་དང་མར་ཁུ་ཐང་ནས་སེའུ་དཀར་སློག་པ་སོགས་གང་ལ་མཚོན་ནའང་ས་བདག་གནས་བདག་ལ་བཀུར་བསྟི་མ་བྱས་པ་ཡིན་པས་རྣམ་སྨིན་འཁོར་བ་རེད།ད་ཁྱོད་ཀྱིས་ལྟོས་དང༌།མོ་ཧོ་ཆུ་ཡང་སྐམ་བཞིག་འདུག་པ་མ་ཡིན་ནམ།”ཅེས་བཤད།
ཟླ་བ་ཚེ་རིང་གིས་ཨ་ཁུའི་སྐད་ཆ་ལ་ཉན་རྗེས་་སེམས་ཕམ་པའི་ངང་ལག་པས་ཐོད་པ་ཕུར་ཕུར་འགའ་བྱས་པ་དང༌། མཐུད་ནས“ངོ་མ་དེ་འདྲ་རེད།སྔོན་ཆད་བྱ་ཆུར་བརྒལ་ན་གཟིངས་རྒྱག་དགོས་ཟེར་ཡང༌། ད་ལྟ་དཔྱིད་ཀ་ སླེབས་ན་བརྒལ་མི་ཐུབ་རྒྱུ་ཕར་ཞོགཐ་ན་མཚམས་ལན་རེར་ཆུ་རྒྱུན་ཡང་ཆད་འདུག”སྤྱིར་ན་ཁོས་བྱ་ཆུ་དང་མོ་ཧོ་ཆུ་བོས་བཞུར་རྒྱུན་ཆད་པ་གཞི་བདག་ལ་བཀུར་བསྟི་མ་བྱས་པས་ལན་པ་མི་འདོད་ཀྱང༌། དེ་རིང་ཁོས་བསམ་བཟས་ནས་རྒན་པོ་ཐར་བྷ་ལ་བདེན་ཁ་སྟེར་དོན་ཅི་ཡིན་ནམ་མི་ཤེས་ཀྱང༌།རང་བྱུང་གི་འཇིགས་ཉེན་འདིའི་ཁྲོད་ཁོ་གཉིས་སུ་ཡིན་ཡང་མཐའ་མཇུག་གི་ལེ་བདའ་བྱེད་ས་མིའི་རིགས་ཡིན་འདུག “ཡ གསར་བུད་དེ་དག་གིས་ཅི་བྱེད།ཆུ་ཁོལ་དང་འགྲོ་རྒྱུ་བྱེད།”ཨ་ཁུ་ཐར་བྷ་ཡར་ལངས་པ་དང་ལྭ་བའི་མཐུ་སྣེ་སྤྲུགས་ཙམ་བྱས།
ཚ་བོ་བཀྲ་ཤིས་ཀྱིས་ཁོ་གཉིས་ཡར་ལངས་པ་མཐོང་རྗེས། འབྲོག་ལྭ་སྤྲུགས་ཙམ་བྱས།
“ཨ་མྱེས། ལམ་ལ་ཆས་རྒྱུ་ཡིན་ནམ།”
“ཨིན།ད་ལམ་ལ་མ་ཆས་ན་ས་རུབ་རྒྱུ་རེད།”ཨ་ཁུ་ཐར་་བྷ་དང་ཟླ་བ་ཚེ་རིང་གཉིས་ཀྱིས་ཆུ་རྐྱལ་རྟ་རྒན་གྱི་རྒྱབ་ལ་འཕངས་པ་དང༌། ཟླ་བ་ཚེ་རིང་གིས་ཨ་ཁུ་ཐར་བྷའི་བཀའ་བཀོད་ལྟར་ཐག་པ་རྐྱལ་བར་བཀྲིས་ནས་གསིག་འཐེན་ཅིག་་པས། ནག་ཐང་ཐིང་གི་རྐྱལ་བ་དེ་དུམ་སེ་དཀྱིལ་ནས་ཆད་པས།རྟ་རྒན་གྱི་གཞོགས་གཉིས་སུ་ཆུ་དཀར་ཤག་ཤག་ཏུ་འབྱོ་བ་དང༌། རྟ་རྒན་ཡང་འདྲོགས་ནས་མདུན་ལ་རྒྱུག་ཙམ་བྱས།ཨ་ཁུ་ཐར་བྷའི་ཁ་ནང་ནས་རང་དབང་མེད་པར“ཨ་ཚེ་ཟད”ཅེས་ཤོར་བ་དང༌།རྐྱལ་བ་ཆད་པོ་དེ་རེག་ཙམ་རེག་ཙམ་བྱས།
“ཨ་ཁུ།ངས་ཤེད་ཆེན་པོ་ཞིག་མ་བཏོན་ཡ།”ཟླ་བ་ཚེ་རིང་གིས་འགྱོད་གཤགས་ཀྱི་ཚུལ་གྱིས་དེ་ལྟར་བཤད་པ་དང་ཚ་བོ་བཀྲ་ཤིས་ལ་བལྟ་ཙམ་བྱས་དུ། ཚ་བོ་བཀྲ་ཤིས་ཀྱིས་ལྕེ་ ནར་ཅིག་བྱས་པ་དང་ཕལ་ཆེར་ད་ཁྱོད་ཀྱིས་ཁ་ལོག་ཉོ་རྒྱུ་རེད་ཅེས་ཟེར་བ་དང་འདྲ།
ཨ་ཁུ་ཐར་བྷས“ད་ཅི་ཞིག་བྱེད།ཡུལ་ན་ཆུ་ཉུང་ཙམ་ཡོད་པ་དེ་རིང་མནའ་མས་ཆད་པ་ཚོར་བླུད་པ་ཁོ་ཐག་ཡིན།སང་ཉིན་སང་ཉིན་འུ་ཚོས་ཅི་ཞིག་འཐུང༌།”ཞེས་བཤད་པ་དང་སླར་ཡང༌།“ཅེར་ནས་འདུག་རྒྱུ་ཡིན་ནམ། ཟོག་དེད་ ཡ།”ཞེས་བཤད།
འར་འུར་ཏུ་གཡུགས་བཞིན་པའི་རླུང་མགོ་ད་དུང་ཡང་བཞག་མེད་པས།སྦྲུལ་འཁྱུག་ལུང་ཁོག་ནི་དངོས་གནས་མིག་ཟུང་འདྲུ་བའི་འཇིགས་རུང་གི་བྱེད་པོ་ཞིག་དང་འདྲ་བར་སྙིང་རྗེ་བྲལ་བའི་ངང་ས་འདིའི་མི་རྣམས་ལ་མུ་ མཐུད་དུ་དྲག་རྒོལ་བྱེད་རྩིས་འདུག་ལ།བྱེ་རྒན་མདོ་ནས་ངལ་དུབ་ཁུར་བའི་ལུག་ཁྱུ་ཞིག་ཡང་བསྐྱར་ལམ་དུ་གཤར་བཞིན་པར་མ་ཟད།སང་ཉིན་ངལ་དུབ་ཁུར་བའི་མི་གསུམ་ཡང་བྱེ་མའི་ནང་འགྲོ་བཞིན་འདུག
ཁོ་ཚོའི་ད་སྔོན་གྱི་ཤུལ་ན་ཆུ་ཐིགས་འགའ་འཁྱིལ་འདུག་པ་དེ་ནི་མོ་ཧོ་ཆུ་བོའི་ཆེས་མཐའ་མཇུག་གི་མིག་ཆུ་དང་འདྲ་ལ་མར་ཁུ་རྩྭ་ཐང་གི་དབུགས་རྒྱུན་ཆད་པའི་ཚེ་སྲོག་དང་ཡང་འདྲ།