ཕ་ཡུལ་དུ་ཕ་ཡུལ་གླེང་པ།
དགུན་གཞུང་འདིའི་ལྷགས་རླུང་ཁྲོད་ཀྱི་ཕ་ཡུལ་ཝ་དཀར་ནི
ཏག་ཏག་རྡོ་སྟེང་ལ་འབྱར་བའི་བྱེའུ་ཚང་ཐད་པོ་དེ་ནང་བཞིན
ལྷགས་རླུང་འདིའི་མཆེ་བར་ན་ཉམ་ཆུང་གིས་འཚོ་ཞིང་ན་ཟུག་གིས་རྒས
ཁོ་བོའི་བྱིས་དུས་ཀྱི་རྨི་ལམ་དྲོན་མོའང་ཕ་ཡུལ་གྱི་གྲུ་ག་དག་ཏུ
ལྷགས་རླུང་གིས་དེད་ཅིང་མངོན་ཆུང་གིས་གང་སར་འཁྱམས
འདས་ལོག་བྱུང་བའི་མེས་པོ་ཚོའི་རྣམ་ཤེས་ཚོགས་ཀྱིས
མཐུན་སྒྲིལ་གྱི་རང་སྒྲས་ཉེ་འཁོར་གྱི་ལུང་དྲུག་དང་བྲག་ཕྲེང་སོགས་སུ་ན་ཟུག་གིས་གཡོ་འགུལ་ཐེབས་སུ་བཅུག་ལ
མཚན་ལྗོངས་འདིར་གཉིད་དུ་ཡར་ཞིང རྐང་རྗེས་ཞིང་བར་ན་འཕུར་གྱིན་པའི་ཡུལ་མི་ཚོས
དུས་ཚོད་དང་རྔུལ་ཆུ་སྨིན་བཞིན་པའི་ལོ་ཏོག་གསེབ་ཏུ་སྟོར་སོང་ལ
སྐམ་དྲགས་པའི་སྐད་ཅིག་མའི་ཚོར་འདུ་དེ་ལའང
སྦྲང་ཆར་གྱི་དངོས་གྲུབ་ཅིག་ཅི་ལ་མི་མཁོ་ཨང
སྒོ་ར་གྲུ་བཞིས་ཡོད་ཚད་མཚོན་པའི་ཞེ་འདུན་དེས
ཡིད་ཚིམ་གྱི་མདུད་རྒྱ་ཆེ་རུ་ཕྱིན་ཞིང རྒྱང་རིང་གི་རྒྱང་རིང་མ་ཡིན་པ་དེའང་ཕར་ལ་བསྐྱུགས་སོང
སྐབས་ཙམ་གྱི་བདེ་བའི་ཆེད་ལ་ཡོད་ཚད་ལ་དགག་སྒྲ་སྦྱོར་བའི་གཤིས་བཟང་དེ་ཡང་རིམ་གྱིས་འཁྲུངས་སོང་ལ
ཅི་ཞིག་གི་དོན་དུ་གདོང་ལྤགས་གྱོན་པའི་གཤིས་ཀ་དེའང་ལེགས་པར་བསྐྱངས་སོང
མཐོང་ལམ་གྱི་རི་བོའི་ཕ་རོལ་ན་གངས་རི་དང་རྩྭ་ཐང་མོད་པའི་སྨོན་པའི་མེ་ལྕེའང་ད་ལྟའི་ལྷགས་རླུང་འདིས་འགེམ་ཚར་ལ
ཐག་རིང་ན་བདེན་པ་འཚེར་བའི་ཉི་མའི་གླིང་གི་འདོད་པའི་དན་རྟགས་ཀྱང་སྔ་མོ་ནས་འགག་བར་བྱས་སོང
རྨི་ལམ་ལྗན་ལྗིན་ཞིག་ལ་མགོ་བོ་སྔས་ཏེ་དུས་ཚོད་ཀྱི་དུས་ཚོད་དེའང་དུས་ཚོད་ཁྲོད་རྒས་སུ་བཅུག་སོང
ནམ་ཡང་སྐྱ་བོར་ལུས་པའི་དྲན་པ་ཐར་ཐོར་དག་ལ
ཚོས་གཞི་ཡིས་དྲན་པའི་ཁ་དོག་ཅིག་བསྒོ་ཆེད
ཁོ་བོས་ཀྱང་འདར་ལྕིག་ལྕིག་གིས་གོམ་པ་ཁྱར་ཁྱོར་ཕྱི་རོལ་དུ་བསྒྱུར་ཏེ
རྒྱང་རིང་གི་རྒྱང་རིང་མ་ཡིན་པ་དེར་གདོང་ཁ་ཕྱོགས་ཏེ
དྲན་པས་དྲན་པ་བརྩེག་བཞིན་མདུན་ཕྱོགས་སུ་བསྐྱོད་དགོས་བྱུང
རྨི་ལམ་དང་བཅར་དགོས་བྱུང ཉི་འོད་དང་བཅར་དགོས་བྱུང
2011/1/20ཉིན་འབའ་གཞུང་དུ