ཨ་མའི་ཕྱེད་ཀ
ཨ་མའི་ཕྱེད་ཀ
ལོ་གསར་བ་འདིར ཁ་པར་ལས་ཐོས་པའི་ཨ་མ་ནི་ཨ་མ་ཕྱེད་ཀ་ཞིག་རེད
ཨ་མའི་ཕྱེད་ཀ་གང་དུ་བུད་སོང
གོས་བཀྲུ་ཟས་གཡོ་ཡི་ཨ་མ བུ་སྐྱོང་བྱིས་གཉོར་གྱི་ཨ་མ
ཨ་མའི་ཕྱེད་ཀ་ནི་ཁོ་མོའི་མི་ཚེ་གཅིག་གི་ཁྱིམ་ར་དེའི་ནང་དུ་ལྷག་སོང་ཟེར
བདག་གིས་སྐད་ཤུགས་ཇི་འདྲས་མཐོ་རུ་བཏེགས་ཀྱང
ཨ་མའི་ཕྱེད་ཀ་དེ་སྔར་ནས་ཟིན་ཐབས་བྲལ་སོང
ཨ་མ་ལ་སྲ་འཁྲེགས་ཀྱི་ཕྱེད་ཀ་ཞིག་དང་གཤིས་འཇམ་གྱི་ཕྱེད་ཀ་ཞིག་ཡོད
ཨ་མ་ལ་བརྩེ་གཤིན་གྱི་ཕྱེད་ཀ་ཞིག་དང་ངལ་དུབ་ཀྱི་ཕྱེད་ཀ་ཞིག་ཡོད
ཨ་མ་ལ་སེམས་འཁུར་ཞིག་ཇེ་ཆེ་དང་ཇེ་ལྕི་རུ་འགྲོ་བཞིན་པའི
སྔར་ལས་ཞེ་འཁྲེང་བའི་ཕྱེད་ཀ་ཞིག་ཡོད་དེ
ཁེར་རྐྱང་གིས་རྒས་ཀྱིན་པའི་ཨ་མའི་ཕྱེད་ཀ་དེ
ཉིན་མཚན་དུ་བློ་བཟོད་མི་བདེ་བའི
ངའི་ལུས་སྟེང་དུ་ལྷག་ཡོད་ཟེར
ལོ་མང་ཆར་ཆུ་ཡིས་མ་བརླན་པའི་ཞིང་ཐང་རྒོད་པོ་ཞིག་དང་འདྲ་བར
ཕྱེད་ཀ་ལས་མེད་པའི་ཨ་མ
ལོ་མང་ཆར་རླུང་གིས་གཙེས་པའི་སྡོང་རྒན་ཀོག་པོ་ཞིག་དང་འདྲ་བར
སྐམ་ལ་ཉེ་བའི་ཨ་མ
ད་ནི་རེ་དོན་དང་བདེ་སྐྱིད་གཞན་ཞིག་ལ
སྟོང་བསམ་བཅངས་པའི་ལུས་སྟོབས་ཀྱང་མི་འདུག་ཟེར
ང་ལ་གློ་བུར་གློ་བུར་གྱི་ཟུག་གཟེར་ཞིག་སྐྱེས་འོངས
འཆར་སྣང་ཁྲོད་ཀྱི་ཨ་མའི་གཟུགས་བརྙན་དེ་དྲན་བཞིན
ཁ་པར་ཚུར་སྣེ་རུ་སྡོད་པའི་ང་རང
སྐུད་ཐག་ཆད་པའི་ཤོག་བྱ་ཞིག་དང་འདྲ་བའམ
རྩ་བ་སྐམ་པའི་ལོ་མ་ཞིག་དང་འདྲ་བའམ
བདག་པོ་བོར་བའི་ཁྱི་གུ་ཞིག་དང་འདྲ་བ་ཚོར་བྱུང
ཡིན་ནའང་ངས་ད་དུང་སྙན་ངག་བྲིས་ཆོག
ཁྲག་དང་མིག་ཆུ་ལས་གྲུབ་པའི་ཐ་སྙད་རེ་རེའི་ཀློང་ནས
ངས་ད་དུང་བོར་ལ་ཉེ་བའི་ཨ་མའི་ཕྱེད་ཀ་དེ
སེམས་ཀྱིས་བྲིས་ཆོག སྙིང་གིས་བཙལ་ཆོག
གློ་བས་ཉར་ཆོག