ཨ་མའི་སླེ་བོ།༼སྙན་ངག༽
ཨ་མས་སྐར་ཚོགས་ཀྱི་དོག་པ་སླེ་བོར་བཏུས་ནས།
ཨ་མས་སྦྲ་ཁྱིམ་གྱི་བདེ་སྡུག་སེམས་ཀྱིས་ཟློས་ནས།
ཨ་མས་གྲང་ལྷགས་ཀྱི་ཆོམ་པོའི་ཐོང་གར་འཇུས་ནས།
སྦྲ་སྒོར་བུད།
སླེ་བོས་སྔར་བཞིན། ལྗིད་ཏིག་གེར་ཨ་མའི་ཕྲག་པ་མནན་ཅིང་།
སླེ་བོས་ནམ་ཡང་། ཨ་མའི་མིག་ཆུ་འབྱིན།
སླེ་བོར་ཉར་བའི་གནག་ཕྱུག་གི་ཨོང་བ་དག
ཨ་མའི་གཞི་ཁྱིམ་ལ་ཕུལ་བའི་གསེར་གྱི་སྙིང་བོ་ཡིན་ལ།
སླེ་བོ་དང་བཅས་པར་མངོན་པའི་གསར་གྱི་རྒྱབ་ལྗོངས་ན།
མོའི་རྨི་ལམ་དུ་ཡང་ཡང་འཁོར་བའི་སྟོན་ལྗོངས་ཉར་ཡོད།
སྐྲ་ལོ་འཛིངས་པའི་བར་གསེང་རེ་ན།
གཏམ་དུ་ཆགས་པའི་ངལ་དུབ་གྲངས་མེད་ཀྱི་ས་རྡུལ་མ་ཡལ་པར།
ཆུ་བུར་མིག་གིས་མྱུག་སའི་རི་ལུང་དེ་དག
མོའི་ལས་དབང་འཆོལ་བའི་ལྡོག་མལ་ངོ་མ་ཡིན་ལ།
རྩྭ་ཐང་ནས་ལྐོག་གྱུར་ཡུལ་ལ་ཡང་ཡང་བཏོན་པའི་དྲི་བའང་ཡིན།
སྐྱ་ཐིང་ཐིང་གི་རི་ལུང་ཐང་གསུམ་དེ་ནི།
ཨ་མའི་བཞུད་ལམ་ཡོད་ས་ངོ་མ་སྟེ།
བཞུད་ལམ་དེ་དག་གི་ཕ་མཐའ་མིག་གིས་ཟིན་དཀའ་ནའང་།
སེམས་ཀྱིས་ཟིན་པའི་མོའི་སླེ་བོ་རུ།
གཞི་ཁྱིམ་ལ་དྲོད་ཁོལ་སྣོན་པའི་བདེན་ལུགས་སྤུངས་ཡོད་ལ།
ཡིད་འོང་གི་སྙན་ངག་སྤྲུལ་པའི་གཏམ་རྒྱུད་ཀྱང་ཉར་ཡོད།
ལྷག་རླུང་གི་རྒྱུ་བ་དྲག་པོ་མཐོ་སྒང་གི་ཡུལ་དུ་ཇི་ལྟར་འཚངས་ཀྱང་།
ཨ་མ་དང་མོའི་རེ་འབོད་གཏན་ནས་ཁ་འགེར་མ་ཐུབ་ལ།
འཚོལ་སྙེག་གི་གོམ་ཁ་བརྟན་པོ་སྒྱུར་མ་ནུས།
སླེ་བོར་ཤོང་ཚད་ཀྱིས་ཨ་མའི་སེམས་ཁམས་མི་གང་ནའང་།
སླེ་བོའི་ཁུར་ཐག་ཕྲ་མོ།
ཨ་མ་དང་གཞི་ཁྱིམ་དམ་པོར་སྦྲེལ་བྱེད་ཡིན་པས།
ཁུར་ཐག་གིས་སྦྲེལ་བའི་སེམས་དང་སླེ་བོ།
ཨ་མའི་དཔྲལ་བ་ལ་ཕབ་པའི་རྒས་ཉམས་རེ་རེ་ཡིན་པར་འདོད།
རི་སྐེད་ལ་ཟུག་པའི་དུ་བ་འཁྱོག་པོ།
ཨ་མ་དང་སླེ་བོ་བསྐྱེད་པའི་ལོ་ཟླའི་ན་ཟུག་ཡིན་པར་བརྗོད་རུང་སྟེ།
དེ་ནི། ཏག་ཏག་ལ་ང་ཚོར་གནང་བའི།
ལྷག་བསམ་དང་བདེ་དྲོད་ཅིག་གི་མིག་ཆུ་ཡིན་ནམ།
ཡང་ན་རྙིང་ཞེན་དང་བག་འཁུམས་ཀྱིས་བཏོད་པའི་རྨ་ཁ་ཡིན།
ཨ་མ་མཐོན་པོ་སྒང་ལ་ཐོན་སོང་།
ཨ་མ་དམའ་མོ་གཞུང་ལ་བསླེབས་བྱུང་།
གསུབ་ཏུ་མེད་པའི་ཞབས་རྗེས་རེ་རེ་ན།
ཨ་མའི་མིག་ཆུ་ཡོད། བརྩེ་བ་ཡོད། བདེན་ལུགས་ཡོད།
ད་དུང་སྙན་ངག་ཡོད།