logo

ལྷ་ཚོགས་འཕུར་ཤུལ་གྱི་གྲོང་ཁྱེར།༼སྙན་ངག༽

རྩོམ་པ་པོ།:མཚོ་སྐྱེས། ཡོང་ཁུངས།:གངས་རྒྱན་མེ་ཏོག དུས་ཚོད།:2008-06-20 ཀློག་གྲངས།:

རྒྱུ་མཚན་དེའི་དབང་གིས  ལྷ་ཚོགས་སྔར་ནས་འཕུར་སོང

 

འོད་ངོགས་ནས་ཚམ་ཚོམ་མེད་པར་དམར་རྗེན་དུ་རྒྱུ་བའི་སེམས་པ

ཁྱོད་ཀྱི་ཕྱི་ཤུན་དང་ཁྱོད་ཀྱི་གཤོག་པ་ད་ལྟ་གང་དུ་ཡོད

 

སྒྲ་བན་བུན  འོད་ཟ་ཟི  དྲི་སྐྱ་སྐྱུར

ཉིན་མཚན་དུས་དྲུག་གི་རྩིབས་མའི་གསེབ་ནས

བྱ་སྤུ་དང  ཕག་ལུད  ཉ་ཁྲབ་ཀྱི་གད་སྙིགས་བཞིན

ཁྲོམ་དང་ཁྲོམ་སྲང་ལ་ལུད་སོང

མིའི་རྐང་འོག་དང་རླངས་འཁོར་གྱི་བུ་ག་ནས་ལུད་ཡོང

 

མདངས་གསལ་དབྱིབས་ལེགས་ཀྱི་འདབ་མ་སྔར་ནས་ཟགས་སོང

དྲི་མངར་བཅུད་རྫོགས་ཀྱི་འབྲས་བུ་སྔོན་ནས་རུལ་སོང

རང་བྱུང་ལྷུན་གྲུབ་ཀྱི་གཞུང་རྟའང་ཁ་སང་ཁེ་ཉིན་འདིར

ཆོམ་སེ་འགྱེལ་སོང་ཡ

 

ཉི་མ་སྔར་བཞིན་ནམ་མཁར་འཆར་ཞིང

འོད་གསར་སྔར་བཞིན་ས་གཞིར་འཕྲོས

འདུ་འགོད་དང་ཟང་ཟིང་གི་དབུས་སུ

ཆོམ་རྐུན  བླུན་རྒན  འཇུད་མཐུན་མ་དང་མུ་ཏོ་བ

གང་སར་ཁྱབ

 

ཆར་བ་ལྗིད་ཏིག་ཏིག་གིས་བབས་སོང

ས་གཞིར་སྔར་བཞིན་ནེམ་ཤ་མེད་ཅིང

སྐམ་ཁོག་ཁོག་གི་བྲང་གཞུང་དུ

སྲིན་མོ་བཞིན་གན་རྐྱལ་ཏུ་ཉལ་ཡོད

ཐལ་རྡུལ་ལང་ལོང  དྲི་ངན་ལང་ལོང

དེ་ནི་ས་གཞི་ཟླུམ་པོ་འདིའི་ཕུང་ཁམས་ཆེན་པོ་དེ

ནད་འབུ་ཐུ་བོ་གང་ཞིག་གིས་ཧྲགས་ཧྲགས་ཀྱིས་ཟ་མགོ་བརྩམས་སོང

ཡང་ན་འཚང་ཁ་ཤིག་ཤིག་དང་འཁོར་འགྲོས་ཤིག་ཤིག་གིས

ཕྱོགས་བཞི་དང་མཚམས་བརྒྱད་ནས

མི་དང་འཕྲུལ་འཁོར་ཡུན་རིང་བརྡར་བའི

གཞོབ་དྲི་དང་གཞོབ་དུད་ཡིན

 

ད་དུང་གཞན་ཡང་ཡོད་དེ

འཇའ་ཚོན་དང་འདྲ་བའི་བྱིས་པ་དང་གླིང་ག

འཇའ་ཚོན་དང་འདྲ་བའི་བཟའ་བཏུང་དང་གྱོན་ཆས

འཇའ་ཚོན་དང་འདྲ་བའི་སྐྲ་ལོ་དང་སྨྲ་ར

འཇའ་ཚོན་དང་འདྲ་བའི་བསམ་བློ་དང་གཡོ་བྲིད

གཉིས་མེད་པའི་གྲོང་ཁྱེར་གྱི་ཐུ་འོག་ནས་ག་ལེར་ཤར

ལྷ་མེད་པའི་གྲོང་ཁྱེར་གྱི་ཁྲོམ་སྲང་རེ་རེ་ནས་ག་ལེར་མངོན

སྐར་མ་ལྟར་སབ་སོབ་ཀྱིས་མངོན་པའི་དྲ་མིག་གང་ཞིག

མཚན་གཞུང་འདིའི་ཉག་ཕྲ་བའི་བསམ་གཞིག་ཡིན་ནམ

ལྷ་ཚོགས་འཕུར་ཤུལ་གྱི་གྲོང་ཁྱེར་ན

ཡ་བྲལ་དུ་ཕྱེད་པའི་ཕྱི་ཤུན་དང་གཤོག་པ་གཉི་གས

ཁང་མིག་ཆུང་ཆུང་ཞིག་ན  གློག་འོད་ཟ་ཟིའི་ངོགས་ན

ནམ་ཡང ཕྱིར་ཡོང་མེད་པའི་རྣམ་ཤེས་ལ་སྒུག་ཡོད

      ༢༠༠༧.༤.༢༢ཟི་ལིང་།


འབྲེལ་ཡོད་འོས་སྦྱོར།