logo

༄༅།།སྙིང་མོ་སྐྱིད་ཀྱི་ལྷུག་རྩོམ《ལྷག་བསམ》།

རྩོམ་པ་པོ།:སྙིང་མོ་སྐྱིད།(ལྷ་ས།) ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-12-20 ཀློག་གྲངས།:
ཤེས་རབ་ཀྱི་བློ་ཁ་རྣོ་བའི་རྩོམ་པ་པོ་ཡུའུ་ཀུའོ་ཡིས་ལྷག་བསམ་ནི་ཉི་མ་ཡིན་ཞེས་གསུངས་མྱོང་། དངོས་གནས། སྐྱེ་བོ་ཡོད་ཚད་ཉི་མར་དགའ་བ་ནང་བཞིན་ལྷག་བསམ་ཅན་ལ་མི་དགའ་བའི་སེམས་ཅན་ཞིག་འཇིག་རྟེན་འདི་རུ་ཕལ་ཆེར་ཡོད་མི་སྲིད། ང་ལ་དགེ་རྒན་གྱི་ལས་ཀ་གཉེར་བའི་གྲོགས་མོ་ཞིག་ཡོད། མོ་ལོ་བཞི་ཅུར་སོན་པའི་མོར་བཟའ་ཟླ་མེད་ལ་བྱིས་པའང་མེད། རང་ནུས་ཡོད་ཚད་གཞན་དོན་ལ་ཕུལ་བའི་མོས་ཤ་ཁྲག་གི་འབྲེལ་བ་ཅི་ཡང་མེད་པའི་སློབ་མ་རྣམས་རང་གི་ཤ་ལས་མཆེད་པ་ལྟ་བུའི་བུ་ཕྲུག་ཏུ་བརྩིས་ཡོད། གལ་ཏེ་ཁྱོད་ཀྱིས་མོའི་སློབ་མ་ཞིག་གི་ཁྱིམ་བདག་ལ་མོའི་མིང་གླེང་ཚེ། ཕ་རོལ་བའི་གདོང་ལ་ལམ་སེང་རྗེས་སུ་ཡི་རང་གི་རྣམ་འགྱུར་ཤར་བ་དང་ཁ་ནས་“མོ་ནི་ལྷག་པའི་ཐུགས་བསམ་ཟླ་བ་བཞིན་དཀར་བའི་མི་ཞིག་ཡིན”ཞེས་བརྗོད་ངེས། བདེན་ཏེ། མོ་ནི་མིའི་སེམས་ཀྱི་ལྡིང་ཁང་ལ་དྲོད་ཁོལ་གྱི་མེ་ཕུང་སྦྱིན་ཐུབ་པའི་བུད་མེད་ལྷག་བསམ་ཅན་ཞིག་ཡིན་པས། སློབ་གྲྭ་དེའི་དགེ་སློབ་ཡོངས་ཀྱིས་དགའ་པོ་བྱེད། མི་ལོ་བཅོ་ལྔའི་རིང་གི་དགེ་རྒན་གྱི་ལས་གནས་སུ་མོས་ལྷག་བསམ་ཟོལ་མེད་ཀྱིས་རང་གི་སློབ་མ་རེ་རེ་མིག་གིས་འཚོས་ཤིང་སེམས་ཀྱིས་བསྐྱངས་འོངས་བའི་བརྒྱུད་རིམ་ཐམས་ཅད་ང་ལ་གསལ་བས། མོ་དང་འཕྲད་ཐེངས་རེར། ངས་མོའི་ལུས་སྟེང་ན་མི་གཤིས་ཀྱི་ཆེས་མཛེས་པའི་འོད་སྣང་ཞིག་འཕྲོ་བ་མཐོང་ཐུབ། 
ལས་འབྲས་ཚད་མའི་མེ་ལོང་སེམས་ན་གསལ་བའི་མི་ཞིག་ཡིན་ཕྱིན་བསམ་པ་བཟང་ན་ས་དང་ལམ་ཡང་བཟང་བའི་ལེགས་བཤད་ལ་ཁས་འཆེས་ཤིང་། རང་བཞིན་གྱིས་དགེ་བའི་ཕྱོགས་སུ་གཞོལ་ངེས། ཉིན་མཚན་གྱི་དབྱེ་བ་མེད་པར་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འདུར་གྱིན་པའི་བདག་གི་ཨ་ཕ་ནི་རང་དཔེ་གཞན་སྟོན་གྱིས་བྱིས་པ་རྣམས་ལ་སློབ་གསོ་གཏོང་མཁན་ཞིག་ཡིན། ཁོ་ལ་མཚོན་ན། ལས་གང་ཞིག་བགྱིས་རུང་། ལྷག་བསམ་བཅངས་ནས་བསྒྲུབ་རྒྱུ་དེ་དཀར་ནག་ལས་ཀྱི་རྩ་བ་རུ་འཛིན་པས། གྲོང་དཔོན་གྱི་འགན་འཁྲི་ཁུར་བའི་ཨ་ཕའི་རོགས་སྐྱོར་འོག་དཀའ་ཁག་གི་འགག་སྒོ་ལས་སྒྲོལ་བའི་ཁྱིམ་ཚང་ནི་ཤིན་ཏུ་མང་། སྲོག་ལ་བབས་ཀྱང་འགྱུར་བ་མེད་པའི་རྣམ་དག་གི་སེམས་པ་དཀར་པོ་མངའ་བའི་ཨ་ཕས་དུས་རྒྱུན་དུ།“ཁོ་རང་གཤིན་རྗེའི་ཆོས་རྒྱལ་མཇལ་བར་གཏན་ནས་མི་སྐྲག་སྟེ། ཚེ་གང་གཞན་ལ་ལྷག་བསམ་བཅངས་ནས་རོགས་བྱས་པ་ལས་གནོད་སྐྱེལ་བའི་ལས་ཤིག་བསྒྲུབ་མྱོང་མེད་པས་འཆི་དུས་བློ་བདེ་མོའི་ངང་ཕྱི་མའི་ཡུལ་དུ་ཕྱིན་ཆོག”ཟེར། འདི་ནི་རང་ཁེ་གཞན་ལ་སྟེར་བར་ཐེ་ཚོམ་མེད་པའི་ཨ་ཕར་དམིགས་སུ་ཡོད་པའི་འཇིག་རྟེན་གྱི་སྐྱེ་འཆིའི་འགྲེལ་ལུགས་ཤིག་རེད། འདི་ལྟར། ཨ་ཕའི་ཤུགས་རྐྱེན་འོག་གཞན་གྱི་སྡུག་བསྔལ་ལ་བསམ་ཤེས་དང་རང་བདེ་གཞན་སྐྱིད་ཡོང་ཐབས་སུ་གཞན་ཕན་ལྷག་བསམ་བཅངས་རྒྱུ་དེ་ངེད་ཚང་གི་ཁྱིམ་སྲོལ་དུ་གྱུར་ཅིང་། ངེད་མིང་སྲིང་རྣམས་ཀྱིས་ཀྱང་གཞན་ཕན་ལྷག་བསམ་གྱི་བསམ་སྤྱོད་བཟང་པོ་དང་འགྲོགས་ཏེ། རང་རང་གི་མི་ཚེའི་བགྲོད་ལམ་ནས་རང་ནུས་ལ་གཞིགས་ཏེ་གཞན་ཕན་གྱི་ལས་རེ་རྩོམ་གྱིན་མདུན་དུ་བསྐྱོད་བཞིན་ཡོད་ལ། ང་ཡང་ཨ་མ་ཞིག་ཡིན་པའི་ཆ་ནས་ཀྱང་བུ་ཕྲུག་གཉིས་ཀར་རྗེས་མ་ཡ་རབས་སྤྱོད་པའི་ལས་ལ་མངོན་པར་ཕྱོགས་པའི་ལྷག་བསམ་ཅན་ཞིག་བྱས་ཏེ། རང་གི་འདོད་མོས་དང་མཐུན་ཞིང་ཀུན་ལ་ཕན་ཐོགས་པའི་ལས་ཀ་ཞིག་བསྒྲུབ་རྒྱུ་བྱུང་ན་མི་ཚེ་འདིའི་སྐྱིད་དུ་འཁུམས་དགོས་པར་སློབ་གསོ་གཏོང་བཞིན་ཡོད། 
གཞན་ལས་རང་གཅེས་པའི་མི་དེ་དག་ནི་རྟག་ཏུ་བཀྲ་མི་ཤིས་པ་ཡིན་ཏེ། ཁོ་ཚོས་རྟག་པར་སོ་སོའི་ཆེད་དུ་གཞན་དག་བློས་བཏང་བ་དང་། འཚོ་གནས་ཀྱི་བློ་གྲོས་ལ་དམ་པར་འཇུག་ནས་ལས་དབང་གི་གཤོག་པ་ཐ་གུས་བཀྱིགས་ཀྱང་། མཐར་ཁོ་ཚོ་མི་རྟག་པའི་ལས་དབང་གི་གླུད་ཆས་སུ་འགྱུར་ངེས་ཡིན། དེ་བས་བདག་ལས་གཞན་གཅེས་ཀྱི་མི་ལྷག་བསམ་ཅན་ལ་མཆོག་ཏུ་གྱུར་པའི་ཤེས་རབ་ཡོད་དེ། ཁོ་ཚོས་གཞན་ལ་གནོད་པ་བྱེད་པ་ནི་རང་ཉིད་ལ་གནོད་པ་བྱེད་པ་དང་གཅིག་མཚུངས་སུ་བརྩིས་ནས། ཁུ་སིམ་མེར་འཇིག་རྟེན་གྱི་གྲུ་ཁ་སོ་སོ་ན། རྣམ་དཀར་དགེ་བའི་ལས་བརྩོན་བཞིན་མཆིས་ཏེ། དགེ་རྒན་ལྷག་བསམ་ཅན་གྱིས་སློབ་མར་ཕན་བདེ་མཆོག་གི་དགེ་ལེགས་སྩོལ་ལ། སྨན་པ་ལྷག་བསམ་ཅན་གྱིས་གཞན་ཕན་ཁུར་ཆེན་འདེགས་པར་སྐྱོ་ངལ་སྤངས་ནས་མི་སྲོག་སྐྱོབ། དཔོན་པོ་ལྷག་བསམ་ཅན་གྱིས་མི་དམངས་ཀྱི་ཕན་བདེ་དོན་དུ་གཉེར་ནས་རང་ལུས་འབུལ་ཅིང་། ཚན་རིག་པ་ལྷག་བསམ་ཅན་གྱིས་རང་སྲོག་འབེན་ལ་བཙུགས་ནས་སྤྱི་དོན་འབའ་ཞིག་གཞོལ། མཁས་པ་ལྷག་བསམ་ཅན་གྱིས་མིའི་རིགས་ཀྱི་ལས་དབང་དང་བདེ་སྡུག་གི་ཆེད་ཚེ་གཅིག་རིང་འབད་པ་སོགས་གཞན་ཕན་སེམས་ཀྱིས་ལས་ལ་བརྩོན་པའི་ལྷག་བསམ་ཅན་དེ་དེག་གིས་བབ་ཆགས་པའི་ལྭ་བ་གྱོན་རུང་མཛེས་སྡུག་གི་སྒེག་ཆོས་མངོན། 
གཞན་ཡང་གད་སྙིགས་ཤིག་འཕེན་དུས་འཐུ་མཁན་གྱི་དཀའ་ངལ་ཡིད་ལ་འཁོར་མཁན་དེ་དང་། ལམ་དཀྱིལ་གྱི་གེགས་རྡོ་དེ་མཐོང་དུས་གཞན་གྱི་བདེ་འཇགས་བསམ་ནས་ཕར་གཡུགས་མཁན་དེ། ཆར་བའི་དཀྱིལ་དུ་ལུས་པའི་མི་རྒྱུས་མེད་དེ་ལ་ཆར་གདུགས་མཉམ་སྤྱོད་བྱེད་མཁན་སོགས་ཏེ། རང་གི་ནུས་ཚོད་ཀྱིས་དགེ་བའི་ལས་ལ་བརྩོན་པའི་མི་ཕལ་བ་དེ་དག་གིས་ཀྱང་གཞན་གྱིས་མི་མཐོང་བའི་འཇིག་རྟེན་གྱི་གྲུ་ག་རེ་རེ་ན་ལྷག་བསམ་རྣམ་དག་གིས་གཞན་དོན་འབའ་ཞིག་གཉེར་བཞིན་འདུག་པས་བདག་གི་མིག་ལམ་ན་ཁོ་ཚོའང་མེ་ཏོག་བཞིན་མཛེས། 
མི་ཞིག་གི་ཆེས་བཟང་བའི་བསམ་བློ་ཀུན་སྤྱོད་ནི་རྩ་བ་སེམས་གཏིང་དུ་ཟུག་པའི་ལྷག་བསམ་དེ་ཡིན་ལ། ལྷག་བསམ་གྱིས་འཇིག་རྟེན་འདི་ཉིད་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་བ་གཏོང་མི་ཐུབ་རུང་། རོགས་རམ་འཐོབ་སའི་མི་དེ་འགྱུར་བ་གཏོང་ཐུབ། ན་ནིང་ལོ་མགོར། ང་ལ་ཆ་ལུགས་མཛེས་ཤིང་སྤྱོད་ལམ་བཟང་ལ། ཀུན་ལ་ཕན་པའི་སེམས་ཚགས་པའི་བུད་མེད་མགོ་ཁྲིད་ཅིག་དང་མཉམ་དུ་ལས་ཀ་བྱེད་པའི་གོ་སྐབས་འཐོབ། མོས་ཚོགས་འདུ་ཚོགས་ཐེངས་རེར་བཤད་རྒྱུར། “ང་ཚོ་ནི་ལས་གྲོགས་ཙམ་མ་ཡིན་ཏེ། མི་ཚེ་ཕྱེད་ཀ་མཉམ་དུ་བསྐྱལ་དགོས་པས། ཁྱིམ་ཚང་གཅིག་གི་ནང་མི་ལྟ་བུ་ཡིན”་ཞེས་ཟེར། ལོ་གཉིས་ཀྱི་འདྲིས་གཤིབ་བརྒྱུད། ཡོན་ཏན་གྱི་དྲི་བསུང་ཀུན་ནས་འཐུལ་བའི་མོའི་ཧུར་བརྩོན་འོག་ལས་ཁུངས་ནི་དངོས་གནས་རང་ཁྱིམ་ལྟ་བུར་གྱུར་ལ། ལས་གྲོགས་དབར་གྱི་འབྲེལ་བའང་ཡིད་རྟོན་འཕེར་བའི་ནང་མི་ལྟར་གྱུར་ཞིང་། ནམ་རྒྱུན་འཁང་ར་དང་རྒྱབ་བཤད། ཕྲག་དོག་དང་ཞེ་སྡང་སོགས་བྱེད་པར་དགའ་བའི་མི་དེ་དག་ཀྱང་མོའི་ལྷག་བསམ་འོག་ཡ་རབས་བཀུར་ཞིང་ལུགས་ལ་བརྩི་མཁན་དུ་གྱུར་བས། ལས་ཁུངས་ནི་དྲོལ་ཁོལ་འཛོམས་པའི་གཞིས་ཁྱིམ་དང་འདྲ་བར་དྲོད་སོབ་སོབ་བྱེད། དངོས་གནས་མོའི་ལག་འོག་ནས་ལས་ཀ་བསྒྲུབ་རྒྱུ་ནི་ལོངས་སྤྱོད་ཅིག་ཡིན་ཏེ། ལས་གྲོགས་ཡོངས་ཀྱིས་འཁང་ར་དང་གནོན་ཤུགས་མེད་པའི་སྒོ་ནས་རང་གི་ཕྲག་ཏུ་བབས་པའི་འགན་ཁུར་དེ་དགའ་དགའ་སྤྲོ་སྤྲོའི་ངང་བསྒྲུབ་སྲིད་པས། ད་བར་དུ་གཤིབས་ཡོང་བའི་མགོ་ཁྲིད་མང་པོའི་ཁྲོད། མོ་ནི་ལས་ཁུངས་རང་ཁྱིམ་དུ་བསྒྱུར་མཁན་དང་པོ་དེ་ཡིན། 
མི་ཚེའི་ཁྲོད་ཆེས་མཛེས་སྡུག་ལྡན་པ་ནི་ལྷག་བསམ་བཅངས་ནས་འཚོ་བ་རོལ་རྒྱུ་དེ་ལས་མ་འདས་ཏེ། ལྷག་བསམ་གྱི་སློབ་དེབ་ནི་གཞན་གང་ནའང་མེད་དེ། རང་གི་སེམས་དབུས་སུ་ཡོད། ལྷག་བསམ་གྱི་སློབ་དཔོན་ནི་གཞན་སུ་ཡང་མིན་ཏེ། རང་ཉིད་ཡིན། 
དེར་བརྟེན། མི་ཚེའི་རིན་ཐང་མངོན་འགྱུར་བྱེད་ཆེད། དེ་རིང་ནས་མགོ་བརྩམས་ཏེ་ཟོལ་མེད་ལྷག་བསམ་གྱི་རང་མདངས་དུང་ལྟར་དཀར་བའི་མི་ཞིག་བྱེད་པར་བརྩོན་ནོ། ། 
འབྲེལ་ཡོད་འོས་སྦྱོར།