༄༅༎དྲིན་ཆེན་ཨ་མ་གཙོས་པའི་བུད་མེད་ཡོངས་ལ་ཕུལ།
རྩོམ་པ་པོ།:ཆང་གཞོན་ནུ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-03-09
ཀློག་གྲངས།:
སེམས་ཀྱི་མི་མོ་དེ་ཚོ། སེམས་ཀྱི་ལྷ་མོ་དེ་ཚོ།
ཆང་གཞོན་ནུ(མང་རྫོང)།
ལྷ་ཆེན་ཚངས་པས་བཟོས་པ་མ་ཡིན་པའི། ཆང་གཞོན་ནུ(མང་རྫོང)།
ལྷ་མོ་ཉུའུ་ཝས་བསྐྲུན་པ་མ་ཡིན་པའི།
འཇིག་རྟེན་བྱེད་པོས་བསྐྱེད་པ་མ་ཡིན་པའི།
གནམ་ནས་ལྷུང་བ་མ་ཡིན་པའི།
ས་ནས་སྐྱེས་པ་མ་ཡིན་པའི།
ང་ཚོ་གང་ནས་ཡོང་བ་ཡིན་ནམ།
མཛེས་སྡུག་གི་ཚེ་སྲོག་རེ་རེ།
ཡིད་འོང་གི་སྲོག་ལྡན་རེ་རེ།
སུ་ཞིག་གིས།
དམྱལ་བ་མངོན་མཐོང་གི་སྡུག་བསྔལ་མྱངས་ནས།
གང་ཞིག་གིས།
ཕོ་གཤགས་གློ་འདོན་གྱི་ན་ཟུག་མྱངས་ནས།
ཉིན་དཀར་དང་མཚན་མོ་རེ་རེ།
ཟླ་བ་དང་དུས་ཚིགས་རེ་རེ།
སྡུག་བསྔལ་དང་རེ་བའི་མཚམས་ནས།
དངངས་སྐྲག་དང་དགའ་སྤྲོའི་བར་ནས།
སེམས་ཀྱི་མི་མོ་དེ་ཚོ། སེམས་ཀྱི་ལྷ་མོ་དེ་ཚོས།
ང་ཚོ་སྐྱེ་ཟུག་དང་བཅས།
ང་ཚོ་དགོད་འཛུམ་དང་བཅས།
ང་ཚོ་ངུ་སྐད་དང་བཅས།
འཇིག་རྟེན་འདི་རུ་བསུས་པ་མ་ཡིན་ནམ།
སེམས་ཀྱི་མི་མོ་དེ་ཚོ། སེམས་ཀྱི་ལྷ་མོ་དེ་ཚོ།
སྒྱུ་འཕྲུལ་མ་ནི་བུད་མེད་ཅིག་ཡིན།
མྱང་ཚ་དཀར་རྒྱན་ཡང་བུད་མེད་ཅིག་ཡིན།
ཀྲང་ཞིའི་རྒྱལ་མོ་ནི་བུད་མེད་ཅིག་ཡིན།
ཁྲི་མ་ལོད་ཀྱང་བུད་མེད་ཅིག་ཡིན།
ངའི་ཨ་མ་ནི་བུད་མེད་ཅིག་ཡིན།
ཁྱོད་ཀྱི་ཆུང་མའང་བུད་མེད་ཅིག་ཡིན།
ཁོའི་བུ་མོ་ཡང་བུད་མེད་ཅིག་ཡིན།
བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན་མིན་མི་ཤེས་མོད།
བུད་མེད་ནི་གནམ་ས་མ་སྟོངས་བར་དུ།
ང་ཚོ་ལག་པས་གཉོར་ཞིང་སེམས་པས་འཚོས་ཏེ།
དྲོད་ལམ་ལམ་གྱི་གཞིས་ཁྱིམ་ང་ཚོར་བསྐྲུན་མཁན།
སྙན་ལྷང་ལྷང་གི་སྙིང་གཏམ་ང་ཚོར་བརྗོད་མཁན།
འོད་ལམ་ལམ་གྱི་འཛུམ་མདངས་ང་ཚོར་སྟོན་མཁན།
སེམས་ཀྱི་མི་མོ་དེ་ཚོ། སེམས་ཀྱི་ལྷ་མོ་དེ་ཚོ།
བུད་མེད་ནི།
ང་ཚོའི་ཨ་མ་དང་སྲིང་མོ་ཡིན།
ཆུང་མ་དང་བུ་མོ་ཡིན།
དེ་བས་ན།
ང་ཚོས་བུད་མེད་ཀྱི་འཇིག་རྟེན་དུ་འཚོ་བ་རོལ།
ང་ཚོ་བུད་མེད་ཀྱི་ནུ་ཞོས་གསོས།
ང་ཚོས་བུད་མེད་ཀྱི་ལག་ཟས་ཟོས།
ང་ཚོ་བུད་མེད་དང་བརྩེ་བ་ཆགས།
ང་ཚོ་བུད་མེད་དང་འབྲལ་ཐབས་མེད་པས།
འདི་ནི་བུད་མེད་ཀྱི་འཇིག་རྟེན་ནོ། །
འཇིག་རྟེན་འདི་ནི་བུད་མེད་ཀྱིའོ། །
སྒྲོལ་མ་ལྷ་མོ་ཡང་མི་མཐོང་བའི་དབྱིངས་སུ་མི་འདུག
ཚངས་སྲས་བུ་མོ་ཡང་སྒྱུ་འཕྲུལ་གྱི་གུར་དུ་མི་འདུག
མཁའ་འགྲོའི་ཚོགས་ཀྱང་འཇའ་འོད་ཀྱི་ཕོ་བྲང་དུ་མི་འདུག
དེ་དག་ང་ཚོའི་ཉེ་འཁོར་ན།
དེ་དག་སྐད་ཅིག་ཙམ་ལ་འང་ཁྱོད་དང་མི་འབྲལ་བར།
བྱམས་པའི་འཛུམ་ཆུང་སྟོན་པའི་ཁྱོད་ཀྱི་ཨ་མ་རེད།
བརྩེ་བའི་ཟུར་མིག་འཕེན་པའི་ཁྱོད་ཀྱི་ཆུང་མ་རེད།
པྲ་ཆལ་སྙིང་དུ་སྡུག་པའི་ཁྱོད་ཀྱི་བུ་མོ་རེད།
སེམས་ཀྱི་མི་མོ་དེ་ཚོ། སེམས་ཀྱི་ལྷ་མོ་དེ་ཚོ།
2020/3/8ཀྱི་ཞོགས་པར་སྦྱར་བའོ། །
འབྲེལ་ཡོད་འོས་སྦྱོར།