logo

༄༅།།ཁ་ཧྥུ་ཁཱ་ཡིས་བརྩམས་ཤིང་སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི《བུད་མེད་གཟུགས་ཐུང་ཞིག  》ཅེས་པར་ཉམས་སུ་མྱོང་རོགས།

རྩོམ་པ་པོ།:ཁ་ཧྥུ་ཁཱ་ཡིས་བརྩམས། སྙིང་མོ་སྐ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-05-29 ཀློག་གྲངས།:
བུད་མེད་གཟུགས་ཐུང་ཞིག  
ཁ་ཧྥུ་ཁཱ་ཡིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར།
འདི་ནི་བུད་མེད་གཟུགས་ཐུང་ཞིག་ཡིན། ལར་མོ་སྐྱེ་གཟུགས་ཧ་ཅང་ཕྲ་ཡང་། ད་དུང་སྐེད་པ་དམ་པོར་བསྡམས་འདུག ངས་དུས་རྒྱུན་དུ་མོས་ལྭ་བ་རིགས་འདྲ་ཞིག་གྱོན་པ་མཐོང་ཐུབ། དེ་ནི་ཐལ་སེར་མདོག་གམ། ཤིང་མདོག་ཏུའང་བརྩིས་ཆོག་པའི་རྒྱུ་ཆས་བཟོས་པ་ཡིན་ལ། ཐོག་ཏུ་མདོག་གཅིག་པའི་ཤམ་བུ་འགའ་འམ་ཡང་ན་ཐུར་དུ་དཔྱངས་བའི་སྒྲོག་གུ་ཅན་གྱི་དངོས་པོས་བརྒྱན་ཡོད། མོས་ཐོག་མ་ཉིད་ནས་ཞྭ་མོ་མི་གྱོན་ཞིང་། སྐྱ་སེར་དུ་གྱུར་བའི་མགོ་སྐྲ་ཤིན་ཏུ་འཇམ་པས། གྲལ་དག་མིན་པར་ཡང་བརྩིས་མི་ཆོག་སྟེ། ནམ་ཡང་མཉེན་ལྕུག་ལྕུག་ཡིན། མོས་སྐེད་པ་བསྡམས་ཡོད་ནའང་། ལུས་པོ་ཤིན་ཏུ་སྐྱེན། མོས་དུས་རྒྱུན་དུ་སྒྲོ་བཏགས་ནས་རང་གི་ལུས་ཕུང་བདེ་ལྕག་འཁྱུག་པ་ངོམ་སོ་བྱེད་ཅིང་། ལག་ཟུང་སྐེད་པར་འཆང་རྒྱུར་མོས་ལ། ཧང་སངས་བའི་མྱུར་ཚད་ཀྱིས་ཁོག་སྟོད་གཅུ་ཙམ་བྱེད། མོའི་ལག་པས་ང་ལ་བཞག་པའི་བག་ཆགས་བཤད་ན། ངས་འདི་ལྟར་ཞིབ་བརྗོད་བྱེད་རྒྱུ་ལས་མ་འདས་ཏེ། ངས་ད་བར་དུ་མཛུབ་མོའི་བར་ཆོད་འདི་འདྲ་ཆེ་བའི་ལག་པ་ཞིག་མཐོང་མྱོང་མེད། ཡིན་ཡང་གཤགས་ལས་རིག་པའི་ངོས་ནས་བཤད་ན། མོའི་ལག་པ་ནི་སྣང་ཚུལ་ཡ་མཚན་ཅན་ཞིག་གཏན་ནས་མིན་ཏེ། རྒྱུན་ལྡན་གྱི་ལག་ཟུང་ཞིག་རེད།
བུད་མེད་གཟུགས་ཐུང་འདིས་ང་རང་བློར་མི་འབབ་པས། དུས་རྒྱུན་དུ་ངའི་སྙད་འཚོལ་ཞིང་། ང་ལ་མ་ཉེས་ཁ་གཡོགས་བྱེད་དེ། ངས་ག་དུས་ཡིན་ཡང་མོར་ཁོང་ཁྲོ་སློང་སྲིད། གལ་ཏེ་མི་ཞིག་གི་འཚོ་བ་དེ་ཚན་པ་ཧ་ཅང་ཆུང་ངུ་མང་པོར་དགར་ཞིང་། ཚན་པ་རེར་གདེང་འཇོག་རེ་བྱས་ཙ་ན། ངའི་འཚོ་བའི་ཚན་པ་རེ་རེ་ནི་མོ་ཁོང་ཁྲོ་སློང་བྱེད་ཀྱི་རྒྱུ་ཡིན། ངས་ནམ་རྒྱུན་ཅིའི་ཕྱིར་རང་ཉིད་ཀྱིས་མོ་འདི་ལྟར་ཁོང་ཁྲོ་སློང་དོན་ལ་བསམ་བློ་ཡང་ཡང་བཏང་། ངའི་ཡོད་ཚད་མོའི་མཛེས་དཔྱོད་ཀྱི་ལྟ་བ་དང་། གཞུང་དྲང་གི་ལྟ་བ། མོའི་གོམས་གཤིས་དང་སྲོལ་རྒྱུན། མོའི་རེ་འདུན་སོགས་དང་རྒྱབ་འགལ་དུ་སོང་བ་ཡིན་ཀྱང་སྲིད། མི་ལ་ལའི་རང་གཤིས་ནི་སྐྱེས་མ་ཐག་ནས་འགལ་ཟླ་རུ་སོང་བ་ཡིན་པས། འདིས་མོར་འདི་ལྟར་སུན་པོ་བཟོ་པའི་ཚད་དུ་ག་ལ་སྐྱེལ། ངེད་གཉིས་དབར་དུ་མོར་བཙན་སྐུལ་བྱས་ནས་ངའི་ཆེད་དུ་སུན་སྣང་སྐྱེ་དགོས་དོན་གྱི་འབྲེལ་བ་ཅི་ཡང་མེད་དེ། མོས་སེམས་ཐག་བཅད་ནས་ང་རང་མི་རྒྱུས་མེད་ཅིག་ཏུ་ངོས་བཟུང་བས་ཆོག དོན་དངོས་སུ་ང་ཡང་དེ་ལྟར་ཡིན་ལ། མོའི་ཐག་གཅོད་འདི་ལའང་ངོ་རྒོལ་བྱེད་མི་སྲིད་པ་མ་ཟད། དེ་ལས་ལྡོག་སྟེ་ཡོངས་སུ་འཐད་པ་ཡིན། མོས་སེམས་ཐག་བཅད་ནས་ང་རང་བརྗེད་པས་ཆོག་ལ། ངས་ཀྱང་མོར་བཙན་གྱིས་ང་རང་དང་ལེན་བྱེད་དུ་བཅུག་མྱོང་མེད། རྗེས་ཕྱོགས་ཀྱང་ཡོད་མི་སྲིད།------དེ་ལྟར་བྱས་ན་མོའི་སུན་སྣང་ཐམས་ཅད་ཡང་ཡལ་ངེས། ངས་རྦད་དེ་རང་ཉིད་དང་རྩོད་གླེང་མི་བྱེད་ལ། མོས་ང་ལ་རང་ཤུགས་སུ་མི་སྐྱིད་པ་བཟོ་བའི་སྤྱོད་པ་དེ་དག་ལའང་རྩོད་གླེང་མི་བྱེད། ངས་རྩོད་གླེང་མི་བྱེད་པའི་རྒྱུ་མཚན་ཡང་། ཧ་ཅང་གསལ་ཏེ། ངའི་མི་སྐྱིད་པ་དེ་མོའི་སུན་སྣང་དང་བསྡུར་ན་རྩ་བ་ནས་གླེང་རིན་མི་འདུག མོས་ངས་བཅོས་བསྒྱུར་བྱས་ཐུབ་མིན་ལ་རྩ་བ་ཉིད་ནས་སེམས་ཁྲལ་མི་བྱེད། ལྷག་པར་དུ་མོས་ངའི་སྟེང་ནས་བཙལ་བའི་སྐྱོན་ཆ་ཡོད་ཚད་ལ། ང་རང་ཡར་རྒྱས་ཡོང་བར་བཀག་འགོག་བྱེད་ཐུབ་པའི་ནུས་པ་དེ་འཛོམས་མི་འདུག དེ་མཚུངས་སུ་མོས་ཀྱང་ང་རང་ཡར་རྒྱས་ཡོང་ཐུབ་མིན་ལ་སེམས་ཁྲལ་བྱེད་ཀྱིན་མི་འདུག་སྟེ། མོས་སེམས་ཁྲལ་བྱེད་ས་ཉག་གཅིག་ནི་སྒེར་གྱི་ཁེ་ཕན་ཡིན། ཡང་གཅིག་བཤད་ན་ངས་མོར་བཟོས་པའི་སྡུག་བསྔལ་དེ་ལ་འཁོན་ལན་སློག་ཆེད་དང་། མ་འོངས་པར་ངས་མོར་འཇིགས་སྐུལ་བྱེད་སྲིད་པ་ལས་བྱུང་བའི་སྡུག་བསྔལ་དེ་སྔོན་འགོག་བྱེད་པ་བཅས་ཀྱི་ཆེད་དུ་ཡིན། ཐེངས་ཤིག་ལ། ངས་ཀྱང་མོར་གསལ་བཤད་བྱེད་པར་ཚོད་ལྟ་བྱས་མྱོང་ལ། རབ་ཡིན་ན་མོས་སུན་སྣང་འདི་རིགས་མཇུག་བསྡུས་ན་བཟང་རབས་བཤད། ཡིན་ཡང་མཇུག་འབྲས་ནི་དེ་ལས་ལྡོག་པ་སྟེ། མོའི་མནན་ཡོད་པའི་ཁོང་ཁྲོ་མེ་རུ་སྦར་སོང་བས། ནམ་ཡང་ཚོད་ལྟ་བྱེད་མི་ཕོད་པར་བཟོས།
གལ་ཏེ་ང་རང་འཐད་པ་ཡིན་ཚེ། ངས་ཀྱང་འགན་ངེས་ཅན་ཞིག་འཁུར་དགོས། བུད་མེད་གཟུགས་ཐུང་འདི་ང་ལ་མཚོན་ནས་བཤད་ནའང་རྒྱུས་མེད་ཡིན་པ་འདྲ་ཡང་། ང་ཚོའི་བར་དུ་འབྲེལ་བ་ཞིག་ཡོད་པ་ནི་ངས་མོར་ཁོང་ཁྲོ་བསླངས་བའམ། ཡང་ན་གསལ་བོར་བཤད་ན་མོ་རང་ཉིད་ངའི་རྐྱེན་ལས་ཁོང་ཁྲོ་ཟ་བ་དང་། ཞེ་སྡང་འདིས་མོའི་གཟུགས་པོ་མནར་གཅོད་གཏོང་བཞིན་འདུག་པས། ངས་འདི་ལ་དོ་ཁུར་མ་བྱས་ན་ག་ལ་ཆོག ཉེ་ལམ། གཏམ་གང་མང་ཞིག་འདི་ནས་སམ་ཡང་ན་གན་ནས་ངའི་རྣ་ལམ་དུ་བསླེབས་བྱུང་། ཞོགས་པར་མོའི་ངོ་མདངས་ནམ་ཡང་སྐྱ་བོ་ཡིན་པར་བཤད་ལ། གཉིད་མ་འདང་བར་མངོན་ཞིང་། མགོ་ན་ནས་ལས་ཀའང་ལས་མ་ཐུབ་པས། མོའི་ནང་མི་ཚོ་སེམས་ཁྲལ་ལངས་ནས། ག་ས་ཀུན་དུ་མོ་ཚད་འདིར་ལྷུང་བའི་རྒྱུ་རྐྱེན་རྩད་གཅོད་བྱེད་ཀྱིན་འདུག་ཀྱང་། དུས་དེ་རིང་ལའང་རྩད་ཆོད་མི་འདུག་ཟེར་སྐད། རྒྱུ་རྐྱེན་ཤེས་མཁན་ནི་ང་གཅིག་པུ་ཡིན་ཏེ། འདི་ནི་མོར་སྔར་ནས་ཡོད་པ་དང་གསར་དུ་ལངས་བའི་ཁོང་ཁྲོ་ཡིན། ཡིན་ཡང་ངས་མོའི་ནང་མིའི་སེམས་ཁྲལ་དེ་མཉམ་འཁུར་བྱས་མེད། མོ་ལུས་སྟོབས་བཟང་ཞིང་སྡུག་བསྲན་ཆེ་ལ། འཚིག་པ་ཟ་རྒྱུར་དགའ་བའི་མི་འདི་འདྲ་ཞིག་གིས། ཕལ་ཆེར་དེ་ལས་བྱུང་བའི་དཀའ་ངལ་སེལ་ཐུབ་ངེས། ང་ད་དུང་དོགས་པ་ཟ་ས་ཞིག་ཡོད་པ་ནི། མོས་་་་་་མ་མཐའ་ཡང་ཁག་བགོས་ནས་་་་་སྡུག་བསྔལ་མྱོང་བའི་ཚུལ་འཆོས་ཀྱི་རྣམ་པ་ཞིག་བསྟན་ཏེ། བྱེད་ཐབས་འདི་ལ་བརྟེན་ནས་འཇིག་རྟེན་གྱི་དོགས་པ་ཡོད་ཚད་ངའི་སྟེང་ལ་འདྲེན་འདོད་པ་དེ་རེད། ང་རང་ཇི་ལྟ་བུའི་སྒོ་ནས་གནས་འདིར་ཡོད་པ་དེས་མོར་མནར་གཅོད་བྱས་པ་ཡོངས་སུ་བསྒྲགས་རྒྱུ་ནི། མོ་ང་རྒྱལ་ཆེ་དྲགས་པས་འདི་ལྟར་བྱེད་མི་བྲ། ངའི་རྒྱུ་རྐྱེན་གྱིས་མི་གཞན་རྣམས་སྐུལ་སློང་བྱེད་རྒྱུ་དེའང་། མོས་རང་ཉིད་ལ་དམའ་འབེབས་བྱས་པ་རེད་འདོད་སྲིད། མོ་ཞེ་ལོག་པ་ཁོ་ན་ཡིན་ལ། ནམ་ཡང་མོའི་ཞེ་ལོག་པའི་འདེད་སྐུལ་འོག མོས་ང་ལ་འདི་ལྟར་བྱེད། དེ་ཙམ་ཁ་གསལ་གཞུང་དྲང་མིན་པའི་རྒྱུ་མཚན་འདི་མི་མང་ལ་གསལ་བསྒྲགས་བྱེད་རྒྱུ་ནི། མོར་མཚོན་ནས་བཤད་ན་ངོ་ཚ་ཞིག་ཡིན། 
ཡིན་ནའང་། མོས་ཀྱང་རང་ཉིད་ལ་དུས་གཏན་དུ་ངལ་གསོ་རུ་མི་འཇུག་པའི་གནོན་ཤུགས་ཅན་གྱི་དོན་དག་འདིའི་སྐོར་ཚིག་གཅིག་ཀྱང་མ་གླེང་ན་མི་ཆོག དེར་བརྟེན། མོས་བུད་མེད་ཀྱི་གཡོ་སྒྱུ་ལ་བརྟེན་ནས་བཏང་སྙོམས་ཀྱི་ལམ་དུ་ཞུགས་ཏེ། ལྐུགས་པའི་བརྟུལ་ཞུགས་བཟུང་བ་དང་ཆབས་ཅིག་ནང་སེམས་སྡུག་བསྔལ་གྱི་ཀློང་དུ་ཚུད་པའི་རྣམ་འགྱུར་བསྟན། འདི་ལྟར་བྱེད་བཞིན་དོན་དག་འདི་སྤྱི་པའི་ཁྲིམས་རར་བསླེབས་པར་ཡང་ཚོད་ལྟ་བྱེད། ཡང་ན་མོས་ད་དུང་། གལ་སྲིད་མི་མང་གིས་དོ་སྣང་ཡོངས་མཐའ་གཅིག་ཏུ་ངའི་སྟེང་བསྡུས་ཚེ། མི་མང་དྲངས་ནས་ང་ལ་རུབ་རྡུང་བྱེད་དུ་འཇུག་པར་རེ་བ་བྱེད་ལ། ཁོང་ཁྲོ་འདི་རིགས་ལ་སྟོབས་ཆེན་པོ་ལྡན་པས། ཆེས་མྱུར་ཅིང་ནུས་ལྡན་གྱི་ངང་ནས་ང་རང་ཀུན་གྱི་རྒོལ་ཡུལ་དུ་འགྱུར་ངེས་ལ། དེ་ནི་མོ་མི་སྒེར་གྱི་སྟོབས་ཤུགས་ཉམ་ཆུང་དེས་བསྒྲུབ་མི་ནུས་པས་ཡིན། དེ་རྗེས་མོ་ཡོལ་བའི་རྒྱབ་ཏུ་བཤོལ་ནས་དབུགས་ལྷོད་ཙམ་བྱས་ཏེ། ང་ལ་ད་ནས་བཟུང་ཁ་ཡ་མ་བྱས་ན་ཆོག ཆོག་གི གལ་ཏེ་མོས་དངོས་གནས་མི་མང་ལ་རེ་བ་བཅོལ་ཡོད་ན། མོ་ཡིད་ཆེན་པོ་ཕམ་དགོས་རྒྱུ་རེད། མི་མང་གིས་མོའི་འཁྲབ་བྱའི་ཚབ་བྱེད་མི་སྲིད་ལ། ཁོ་ཚོས་ང་རང་ལྡབ་ཚད་མཐོ་ཤོས་ཀྱི་ཆེ་ཤེལ་འོག་ཏུ་བཞག་ནས་ཞིབ་ཏུ་བཤེར་ཡང་། མི་མང་གིས་ཀྱང་ངའི་ལུས་སྟེང་ནས་སྐྱོན་ཆ་དེ་འདྲ་མང་པོ་ཞིག་གཏན་ནས་བཙལ་མི་སྲིད། ང་ནི་མོས་བསམ་པ་ནང་བཞིན་གྱི་མི་ནུས་མེད་ཅིག་མིན། ང་ལ་སྤྱོད་པ་ཀུན་ལས་མཐོ་བའི་དགེ་མཚན་ཅི་ཡང་མེད་ལ། མི་གཞན་གྱི་དོ་སྣང་སློང་ཐུབ་པའི་བྱ་སྤྱོད་ངན་པ་ཡང་མེད་ཀྱང་། ངས་རང་ཉིད་ངོམ་སོ་བྱེད་མི་འདོད་དེ། གནས་ཚུལ་འདི་འདྲའི་འོག་ཏུ་དེ་བས་ཀྱང་བྱེད་མི་འདོད། མོ་གཅིག་པུ་སྟེ། མོའི་དཀར་ལོག་ལོག་གི་མིག་འབྲས་སུ་ང་ནི་སྐྱེས་པ་ཐ་ཤལ་ཅིག་ཡིན་ཏེ། འདི་ཉིད་མོས་མི་སུ་ལའང་གོ་བསྐོན་བློ་འགུག་བྱེད་མི་ཐུབ། ཡིན་ནའང་། གནས་ཚུལ་འདི་འདྲའི་འོག་ཏུ། ངས་ད་དུང་མུ་མཐུད་དུ་ལྐུགས་པའི་བརྟུལ་ཞུགས་བཟུང་དགོས་སམ། མིན། མི་ཆོག རྒྱུ་མཚན་ནི། མོ་ནི་ངའི་སྤྱོད་པས་ན་རུ་བཅུག་པ་དེ། མི་ཚང་མར་ཤེས་སུ་བཅུག་ན། དོན་མེད་རྙོག་དྲ་སློང་མཁན་འགའ་སྟེ། སྲང་ལམ་གསར་འགྱུར་ཁྱབ་སྤེལ་བྱེད་པར་དགའ་བའི་མི་དེ་དག  རུབ་འོངས་ནས་རྒྱུ་མ་ཕུ་འདེད་བྱེད་སྲིད་ལ། མ་མཐར་ཡང་གནས་ཚུལ་དངོས་དེ་གསལ་བོར་ཧ་གོ་སོང་བའི་རྣམ་འགྱུར་ཞིག་སྟོན་ཁུལ་བྱེད། དེ་ནས་འཇིག་རྟེན་གྱི་མི་ཡོད་ཚད་ང་ལ་ནན་འདྲི་བྱེད་པར་ཡོང་ངེས་ཏེ། ཅིའི་ཕྱིར་རང་གི་ངན་གོམས་ཡོ་བསྲང་མི་བྱེད་པར། སྙིང་རྗེ་བའི་བུད་མེད་གཟུགས་ཐུང་འདིར་མནར་གཅོད་བྱེད་དོན་དང་། མོར་མནར་གཅོད་བཏང་ནས་གསོད་རྩིས་ཡོད་མེད། ང་རང་ག་དུས་ཤིག་ལ་བློ་རིག་གསལ་བར་གྱུར་ནས། ག་དུས་ཤིག་ལ་མིའི་རིགས་ཀྱི་གདུང་སེམས་ཅུང་ཙམ་ཞིག་སྐྱེས་ཏེ། རང་ཉིད་ཀྱི་བྱ་སྤྱོད་སྤེལ་མཚམས་འཇོག་རྩིས་ཡོད་པ་སོགས། ----གལ་ཏེ་སྐྱེ་བོ་ཀུན་གྱིས་ང་ལ་འདི་ལྟར་དྲིས་ན། ལན་འདེབས་པར་ཧ་ཅང་དཀའ། འོ་ན་ངས་ཁ་རི་ཁ་ཐུག་ཏུ་མོ་ན་ཡོད་པ་ང་རང་ཡིད་མི་ཆེས་ཟེར་རམ། འོ་ན་ངས་མི་གཞན་པར་བག་ཆགས་ངན་པ་བཞག་ནས། ཉེས་འགན་གཞན་དཀྲི་བྱེད་ཆེད་ཡང་ལས་འཛོལ་གཞན་ཞིག་སྤེལ་ལ། ད་དུང་འདི་ལྟ་བུའི་བྱེད་ཐབས་སྐྱུག་བྲོ་བ་ཞིག་གིས་སྤེལ་པར་དོགས་པ་སྤྲོད་སྲིད་དམ། ངས་ཇི་ལྟར་མི་མང་གི་མདུན་དུ། མོ་དངོས་གནས་ན་ཡོད་པ་ང་རང་ཡིད་ཆེས་ཀྱང་། གདུང་སེམས་ཉག་ཙམ་ཡང་སྐྱེས་མི་སྲིད་ལ། བུད་མེད་འདི་ང་ལ་མཚོན་ནས་བཤད་ན་ཤིན་ཏུ་རྒྱུས་མེད་ཡིན་ཞིང་། ང་ཚོའི་དབར་གྱི་འབྲེལ་བ་དེའང་རྦད་དེ་མོས་བཟོས་པ་མ་ཟད། མོ་གཅིག་པུས་བཟོས་པ་ཡིན་པར་བཤད་དགོས། འོན་ཏེ་ངས་བཤད་འདོད་པ་ནི་མི་རྣམས་ང་ལ་ཡིད་ཆེས་མི་བྱེད་པ་དེ་མིན་པར། ཁོ་ཚོས་རྦད་དེ་ང་ལ་ཡིད་ཆེས་གནང་མི་སྲིད་ལ། ཡིད་ཆེས་ཅུང་ཙམ་མེད་པའང་མིན། ཁོ་ཚོས་དོན་དག་འདིར་བགྲོ་གླེང་གཏིང་ཟབ་ཅིག་བྱེད་དགོས་པར་རྩ་བ་ཉིད་ནས་ཡིད་ལ་དྲན་མི་སྲིད། ཁོ་ཚོར་སྤྲོ་སྣང་ཡོད་ས་ནི་ངས་བུད་མེད་ནད་པ་འདིར་སྤྲད་པའི་དྲིས་ལན་ལས་མ་འདས་མོད། ཡིན་ཡང་འདི་ཉིད་ཀྱིས་ང་ལ་གནོད།
དོན་དག་འདིའི་སྟེང་ནས། ངས་དྲིས་ལན་ཇི་འདྲ་ཞིག་སྤྲད་ཀྱང་། སྐྱེ་བོ་ཐམས་ཅད་དོགས་པ་ཟ་རུ་མི་འཇུག་རྒྱུར་དཀའ། ----དོགས་པ་འདི་ཉིད་ཨུ་ཚུགས་ངང་ངའི་མདུན་དུ་འཕྲེད་ཆགས་སུ་བསྡད་ནས།---ང་ཚོའི་དབར་དུ་བརྩེ་དུང་གི་འབྲེལ་བ་ཡོད་པར་བྱས། དོན་དམ་པར་ང་ཚོའི་དབར་གྱི་འབྲེལ་བ་འདིར་གསལ་བཤད་བྱེད་ཐུབ་པའི་རྗེས་ཤུལ་ཅི་ཡང་མེད་རུང་། གལ་ཏེ་འབྲེལ་བ་འདི་དངོས་གནས་ཡོད་པའི་དབང་དུ་བཏང་ནའང་། དེ་ནི་ངའི་ངོས་ནས་བྱུང་བ་ཡིན། རྒྱུ་མཚན་ནི་བུད་མེད་གཟུགས་ཐུང་འདིས་ང་ལ་གནང་བའི་གདེང་འཇོག་ལ་གོ་བསྐོན་བློ་འགུག་གི་ནུས་པ་ལྡན་པས། མོའི་རིགས་འདེད་ལ་སྐྱོན་འདོགས་ས་མི་འདུག གལ་སྲིད་ང་རང་མོའི་དགེ་མཚན་འདི་དག་གི་རྐྱེན་གྱིས་ཆད་པ་ཕོག་པ་མིན་ཚེ། ངས་མོར་བསྟོད་བསྔགས་དང་ཡིད་སྨོན་བྱེད་འོས། ཡིན་ནའང་དེའི་ཐད་ནས། མོ་ང་ལ་མཛའ་མཐུན་ཡིན་པ་གསལ་བཤད་བྱེད་ཐུབ་པའི་རྟགས་མཚན་ཅི་ཡང་མེད། འདིའི་སྟེང་ནས་མོའི་རྣམ་འགྱུར་ནི་གསལ་ཞིང་བདེན་པ་ཡིན་ལ། ངའི་མཐའ་མཇུག་གི་རེ་བའང་འདིའི་སྟེང་དུ་གཟུག་དགོས། མོའི་འཐབ་རྩོད་ཀྱི་འཆར་གཞིའི་ཁྲོད་དུ། མོ་ང་ལ་མཛའ་མཐུན་ཡིན་པ་མི་གཞན་ལ་ཡིད་ཆེས་སུ་འཇུག་དགོས་པ་མོའི་བློ་ངོར་ཤར་ནའང་། མོས་ལམ་སེང་བརྗེད་ངེས་ཡིན། འོན་ཀྱང་། འདིའི་ཐད་རྩ་བ་ཉིད་ནས་གོ་མེད་ཚོར་མེད་ཡིན་པའི་མི་མང་གིས་མོའི་ལྟ་ཚུལ་ལ་མོས་མཐུན་བྱས་ནས། ང་ལ་དགག་པ་རྒྱག་པར་གཏན་དུ་ཁེལ་སྲིད།
འཇིག་རྟེན་སྐྱེ་བོས་ཐེ་ཇུས་བྱེད་ན། ང་ལའང་གདམ་གསེས་གཞན་མེད་དེ། ངས་རང་ཉིད་སྒྱུར་རྒྱུ་དེའོ།། བུད་མེད་གཟུགས་ཐུང་འདིའི་ཁོང་ཁྲོ་(དེ་ནི་བསམ་ཚོད་བྱེད་མི་ནུས་པ་ཞིག་ཡིན།)ཡོངས་སུ་ཚར་གཅོད་བྱེད་མི་ཐུབ་པའི་དབང་དུ་བཏང་རུང་། ཇེ་ཆུང་དུ་ཅུང་ཙམ་གཏོང་དགོས་འདུག ངས་རྒྱུན་དུ་རང་ཉིད་ལ་དངོས་གནས་དྲི་བ་འདོན་བཞིན་ཡོད་དེ། ང་རང་མིག་སྔར་རང་ཉིད་ཀྱི་གནས་བབས་ལ་འདི་ལྟར་ཡིད་ཚིམ་ཡོད་མེད་དང་། དེར་བསྟུན་ངས་རྩ་བ་ཉིད་ནས་སྒྱུར་མི་འདོད་པ་དེ། ངའི་ལུས་སྟེང་དུ་རྩ་བ་ནས་འགྱུར་ལྡོག་ཅི་ཡང་འབྱུང་མི་སྲིད་པ་དེ་བདེན་མིན། ཐ་ན་འདི་ལྟར་བྱེད་དགོས་པར་ང་ལའང་ཡིད་ཆེས་བརྟན་པོ་མི་འདུག་ཀྱང་། བུད་མེད་འདིའི་ཁོང་ཁྲོ་ཞི་བར་བྱེད་ཆེད་ཁོ་ན་ཡིན། ངས་ཀྱང་ཧུར་བརྩོན་དང་ནན་ཏན་གྱིས་ཚོད་ལྟ་བྱས་མྱོང་ཞིང་། ཐ་ན་འདི་ཉིད་ངའི་ཕུགས་བསམ་དང་ཡོངས་སུ་མཐུན་པས། ཅུང་མིན་ན་སྤྲོ་སྣང་ཀྱང་སྐྱེས་སུ་བཅུག་ལ། ལེགས་འགྱུར་ཅུང་ཙམ་བྱུང་བ་མ་ཟད། ཧ་ཅང་མངོན་གསལ་དུ་སྣང་། ངས་བསམ་གཟས་ནས་བུད་མེད་འདིའི་དོ་སྣང་འགུག་དགོས་དོན་མེད་ལ། མོས་འགྱུར་ལྡོག་འདི་རྣམས་ལ་ལྟ་ཞིབ་བྱས་པ་ང་ལས་ཀྱང་སྔ་ཞིང་། མོས་ངའི་སེམས་གཏིང་དུ་སྦས་པའི་དམིགས་ཡུལ་ཀྱང་རྟོགས་འདུག འོན་ཀྱང་ངས་བླངས་བའི་གྲུབ་འབྲས་ནི་གླེང་རིན་མི་འདུག དེ་ན་ངས་ཇི་ལྟར་བྱེད་དགོས་སམ། ངས་ད་ལྟ་གསལ་བོར་ཧ་གོ་སོང་། མོ་མགོ་ནས་མཇུག་བར་ང་ལ་ཡིད་མི་ཚིམ་པས། གང་གིས་ཀྱང་མེད་པར་བཟོ་མི་ཐུབ་ལ། ངས་རང་ཉིད་མེད་པར་བཟོས་ཀྱང་གོ་མི་ཆོད། མོས་ངས་རང་སྲོག་བཅད་པའི་གཏམ་ཐོས་པའི་དབང་དུ་བཏང་རུང་། མོ་སྔར་བཞིན་ཁོང་ཁྲོ་མེ་ལྟར་འབར་ངེས། ངས་བསམ་ཚོད་བྱེད་དཀའ། མོ་སྟེ། ཡོད་ཚད་གསལ་རྟོགས་ཐུབ་པའི་བུད་མེད་འདིས། ང་དང་འདྲ་བར་འདི་ལ་ངེས་ཤེས་འདྲོངས་མི་འདུག གང་ཞིག་རེ་བ་སྤུ་ཙམ་མེད་པའི་མོའི་འབད་པའམ། ཡང་ན་ངའི་ཉེས་མེད་དང་ངའི་ཅི་བྱ་གཏོལ་མེད། -----ང་ལ་ཆེས་ཡག་པའི་རེ་སྨོན་ཡོད་ཀྱང་།-----ཐམས་ཅད་མོའི་འདོད་བློ་དང་མི་མཐུན། མོས་ལོས་ཤེས། ཡིན་ནའང་མོ་ནི་འདི་ལྟར་ལྷན་སྐྱེས་སུ་འཐབ་ལ་དགའ་བའི་མི་ཞིག་ཡིན་ལ། འཐབ་འཛིང་གི་ངར་སེམས་ཁྲོད་མོས་འདི་ཉིད་བརྗེད་ཟིན། ཡིན་ཡང་ང་ནི་ལས་ངན་པའི་ངའི་རང་བཞིན་གྱི་དབང་གིས།----ངས་ངེས་པར་དུ་རང་བཞིན་འདི་གདམས་དགོས་ཏེ། དེས་ང་ལ་ཐེངས་གཅིག་མ་གཏོགས་གནང་མི་འདུག་ལ། ---ངེས་པར་དུ་སྐད་ཆུང་ངུས་རང་ཉིད་ཚོད་འཛིན་བྱེད་དཀའ་བའི་མི་འདི་ལ་གསལ་འདེབས་བྱེད་དགོས། ཐབས་ལམ་འདི་སྤྱད་ན་ང་ཚོ་ནི་ནམ་ཡང་འབྲེལ་འདྲིས་བྱེད་ཐུབ་མ་སོང་། ཞོགས་པ་རེ་རེར། ངས་དགའ་སྤྲོའི་སེམས་པ་བསྣམ་ནས་སྒོར་འབུད་དུས། རྟག་པར་ངའི་རྐྱེན་གྱིས་ཁོང་ཁྲོ་ལངས་བའི་ངོ་གདོང་དང་། ཡིད་མུག་སྟེ་འཆུས་པའི་མཆུ་ཏོ། ཞིབ་ལྟ་བྱེད་བཞིན་པའི། ཞིབ་ལྟ་མ་བྱས་སྔོན་དུ་མཇུག་འབྲས་ག་འདྲ་ཡིན་པ་ཧ་གོ་བའི་མིག་མདངས། མིག་མདངས་འདི་ངའི་མཐའ་འཁོར་དུ་འཁྱམས་ཤིང་། ངས་མ་མཐོང་ཁུལ་ཇི་ལྟར་བྱས་ཀྱང་དེ་ལས་གཡོལ་མི་ཐུབ། ད་དུང་མོའི་གཞོན་ནུ་མ་དང་འདྲ་བའི་ངོ་གདོང་དུ་བཞད་པའི་འཛུམ་མདངས་སྐྱུར་མོ་དེ། ཞེ་སྡང་སྒོས་ནམ་མཁར་ལྟ་བ། རང་ཉིད་ཀྱི་ལུས་པོ་འདེགས་སྐྱོར་བྱེད་ཆེད་སྐེད་པར་འཆང་བའི་ལག་ཟུང་། ཁོང་ཁྲོའི་འོག་སྐྱ་བོར་གྱུར་བའི་མོའི་ངོ་གདོང་། འདར་བཞིན་པའི་ལུས་ཡོངས་སོགས་མཐོང་ཐུབ།
ཉེ་ལམ། ངས་ཐོག་དང་པོར-----གོ་སྐབས་འདིར་བསྟུན་ནས། ཧ་ལས་བཞིན་རང་ཉིད་ལ་ངོས་ལེན་བྱེད་དེ། ---གྲོགས་པོ་ཞིག་ལ་དོན་དག་འདི་གླེང་ཡང། རྦད་དེ་ཞོར་དུ་གླེང་བ་ཞིག་ཡིན་ལ། སྐད་ཆ་རགས་རིམ་འགའ་ལས་བཤད་མེད། མ་གཞི་དེ་ཉིད་ང་ལ་མཚོན་ནས་བཤད་ན་ཕྱི་ཚུལ་ནས་རྦད་དེ་དོན་དག་ཆུང་ངུ་ཞིག་ཡིན་ཞིང་། ངས་ད་དུང་དོན་ཧྲིལ་བོའི་གོ་དོན་གནས་ཚུལ་དངོས་ལས་ཆུང་དུ་བཏང་ནས་བཤད། ཡ་མཚར་དགོས་ས་ཞིག་ནི། ངའི་གྲོགས་པོས་རང་སྣང་གང་ཤར་སྒོས་ཉན་ཙམ་བྱས་ནས་བསྐྱུར་བ་མིན་པར། ཁོས་ཐ་ན་རང་གི་འདོད་བློ་ལྟར་དོན་དག་འདིའི་གོ་དོན་སྒྲོ་འདོགས་བྱས་པ་མ་ཟད། གླེང་གཞི་གཞན་དུ་མི་འདྲེན་པར། ཨུ་ཚུགས་ཀྱིས་དོན་དག་འདི་གླེང་། དེ་ལས་ཀྱང་ཡ་མཚར་དགོས་ས་ཞིག་ནི། མ་གཞི་འདི་ལྟར་ཡིན་མོད། ཁོས་གནད་འགག་གྱི་གནས་དེར་དོན་དག་འདིར་དམའ་འབེབ་བྱས་སོང་། རྒྱུ་མཚན་ནི་ཁོས་གཟབ་ནན་གྱིས་ང་ལ་བློ་འདོན་བྱ་རྒྱུར། གནས་སྐབས་སུ་ལྗོངས་རྒྱུར་ཕྱིན་ན་འོས་ཟེར། བསམ་འཆར་འདི་ལས་ཁུངས་མེད་པ་ཞིག་ཡོད་མི་སྲིད། དོན་དག་ཧ་ཅང་ལས་སླ་མོ་ཞིག་ཡིན་ཏེ། མི་སུ་ཡིན་རུང་རྒྱུས་ལོན་གཏིང་ཟབ་ཅིག་བྱས་པ་ཙམ་གྱིས་ཧ་གོ་སྲིད། འོན་ཀྱང་དེ་ཉིད་ཡང་དེ་འདྲའི་ལས་སླ་མོ་ཞིག་མིན་ཏེ། ང་རང་ཁ་བྲལ་བར་རྐྱེན་བྱས་ནས་གནད་དོན་ཡོད་ཚད་དམ་ཡང་ན་གནད་དོན་ཆེས་གལ་ཆེན་དེ་ཐག་གཅོད་བྱེད་མི་ཐུབ། ང་རང་ཁ་མ་བྲལ་སྔོན་དུ་སྔར་ལས་ཀྱང་སེམས་ཆུང་སྒོས་དོགས་ཟོན་བྱེད་དགོས། གལ་ཏེ་ངས་འཆར་གཞི་གང་ཞིག་འཐེན་དགོས་ཚེ། དོན་དག་འདི་མིག་སྔར་གྱི་གུ་དོག་ཅིང་། གཞན་མི་དང་འབྲེལ་བ་མེད་པའི་ཁྱབ་ཁོངས་སུ་རྒྱུན་སྲུང་བྱེད་དགོས། ཡང་གསལ་བོར་བཤད་ན། ངའི་མིག་སྔར་གྱི་རྣམ་པ་ལྟར་ལྷིང་འཇགས་སུ་གནས་དགོས་ལ། དོན་དག་འདི་ལ་རྐྱེན་བྱས་ནས་མིས་དོ་སྣང་ལས་བྱུང་བའི་འགྱུར་ལྡོག་ཡོད་མི་རུང་། འདིའི་ཁོངས་སུ་མི་སུ་དང་གང་ལའང་དོན་དག་འདི་གླེང་མི་རུང་བ་འདུས་ཡོད། ཡིན་ནའང་འདི་ནི་དེ་ཉིད་ཉེན་ཁ་ཡོད་པའི་གསང་བ་ཞིག་ཡིན་པའི་རྒྱུ་མཚན་མིན་པར། དེ་ལས་ལྡོག་སྟེ་དེ་ནི་དོན་དག་ཆུང་ངུ་ཞིག་དང་། སྒེར་དོན་ཤ་སྟག་ཞིག ང་རང་ཉིད་ཀྱིས་འགན་ལེན་བྱེད་ཐུབ་པའི་དོན་དག་ཞིག་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་ནི་དེ་ཉིད་འདི་ལྟར་ཡིན་དགོས། གྲོགས་པོའི་མཛུབ་སྟོན་གྱིས་གོ་ཅི་ཡང་མ་ཆོད་པ་མིན་ཏེ། ང་ལ་དངོས་པོ་གསར་པ་གང་ཡང་བསླབ་མ་ཐུབ་རུང་། ངས་དོན་དག་འདི་ལ་བཅངས་བའི་རྣམ་འགྱུར་ཇེ་བརྟན་དུ་བཏང་སོང་།
ཉིན་རེ་ལས་ཉིན་རེར་ཞིབ་ཚགས་ཡིན་པའི་བསམ་གཞིགས་དང་འགྲོགས་ཏེ། རིམ་བཞིན་མཐོང་བ་ནི། དུས་ཚོད་རིམ་འགྱུར་དང་བསྟུན་ནས་བྱུང་བའི་འགྱུར་ལྡོག་ནི་དོན་དག་རང་སྟེང་གི་འགྱུར་བ་མིན་ལ། དེ་ནི་ངའི་ལྟ་ཚུལ་གྱི་འགྱུར་ལྡོག་ལས་མ་འདས། ཕྱོགས་གཅིག་ནས་ངས་སྔར་བས་བབ་བརླིང་དང་། སྔར་བས་སྐྱེས་པ་ཕོའི་རང་བཞིན་བཟུང་ནས་དོན་དག་འདིར་གདེང་འཇོག་བྱས་ཤིང་། སྔར་བས་དོན་དག་གི་ངོ་བོར་ཉེ་བར་བཅར་བ་ཡིན། ཕྱོགས་གཞན་ཞིག་ནས། ང་ལ་རྒྱུན་མཐུད་པའི་དངངས་སྐྲག་གི་ཤུགས་རྐྱེན་འདི་རིགས་མི་ཐེབས་ཐབས་མེད་ཡིན་པས། དབང་རྩའི་ཚོར་བ་ཅུང་ཟད་ཐལ་དྲག་སོང་།
དོན་དག་འདིར་ཕྱོགས་པ་ན། ང་རང་ཅུང་ལྷིང་འཇགས་སུ་གནས་ཐུབ་ལ། རང་ཉིད་ཀྱིས་ཤེས་རྟོགས་བྱུང་ཟིན་པར་སྙམ། མ་གཞི་སྐབས་ལ་ལར་དེ་ཉིད་ཧ་ལམ་བསླེབས་ལ་ཉེ་ཡང་། ངས་ད་དུང་སེམས་ཐག་བཅད་མེད། མི་རྣམས། ལྷག་པར་དུ་ལོ་གཞོན་དུས། ཕྱོགས་ལྷུང་འདི་རིགས་ལས་སླ་མོར་ཡོད་སྲིད་དེ། ཐག་གཅོད་པའི་མྱུར་ཚད་ཚོད་དཔག་བྱས་པ་མཐོ་དྲགས་ངེས། ངའི་བུད་མེད་ཁྲིམས་དཔོན་གཟུགས་ཐུང་འདི་ཉིད། ངས་ཟུར་མིག་ཅིག་བལྟས་པའི་དབང་གིས་ཉམ་ཆུང་ངང་འཕྲེད་དུ་འབོལ་ཁྲིའི་སྟེང་འགྱེལ་ནས། ལག་པ་ཡ་གཅིག་གིས་རྒྱབ་བསྙེས་སྐྱོར་བ་དང་། ལག་པ་ཡ་གཅིག་གིས་བཟོད་ཐབས་བྲལ་བའི་ངང་སྐ་རགས་དེ་རྩེད་མོ་རྩེས་ཤིང་། ཁོང་ཁྲོ་དང་དོགས་ནད་ཀྱི་མིག་ཆུའི་ཕྲེང་བ་ངོ་གདོང་བརྒྱུད་ནས་མར་འགྲིལ་ཡོང་། ངས་རྟག་པར་ད་ནི་སེམས་ཐག་གཅོད་རན་རེད་ཞེས་བསམ་དུས། ང་རང་མགྱོགས་པོར་འབོད་འགུག་བྱེད་སྲིད་དེ། ངས་འོས་འགན་ཕྲག་ཏུ་འཁུར་འོས། འོན་ཀྱང་། འདི་ཉིད་རྩ་བ་ནས་སེམས་ཐག་བཅད་པར་བཤད་དཀའ་ལ། ག་རེའི་འོས་འགན། བུད་མེད་ནི་སེམས་པ་མི་སྐྱིད་པར་ཆགས་སླ་ཞིང་། འཇིག་རྟེན་འདིའི་སྟེང་གི་སྐྱེ་བོས་དོན་དག་ཡོད་ཚད་ལ་དོ་ཁུར་བྱེད་པར་དུས་ཚོད་མི་འདུག དེ་ན། ལོ་འདི་དག་ལ་ཡང་སྙིང་ཅི་བྱུང་བ་ཡིན་ནམ་ཟེར་ན། གཞན་མེད་དེ། དོན་འདི་རིགས་མཚམས་མེད་པར་བསྐྱར་ཟློས་བྱེད་པ་ཁོ་ནའོ། ། སྐབས་རེར་ཤུགས་དྲག་ལ། སྐབས་རེར་ཤུགས་ཞན་ཞིང་། ཐེངས་གྲངས་ཇེ་མང་ནས་ཇེ་མང་ཡིན་པ་ཁོ་ནའོ། ། ཡིན་ཡང་མི་རྣམས་ཀྱིས་གོ་སྐབས་ཤིག་ཟིན་མ་ཐག་སྦྲང་ནག་ཤ་ལ་འཁོར་བ་ལྟར། འཚང་ཁ་རྒྱག་ངེས་ཤིང་། གལ་ཏེ་ཁོ་ཚོས་གོ་སྐབས་མ་རེག་ཚེ། ཁོ་ཚོས་རང་གི་སྣོམ་ཚོར་གཅིག་པུར་ཡིད་ཆེས་བྱེད་ཅིང་། སྣོམ་ཚོར་འདི་རིགས་ཀྱིས་ཁོ་ཚོར་བྲེལ་དུ་འཇུག་པ་ལས། གཞན་སྤྱོད་སྒོ་གང་ཡང་མེད།
ཡིན་ཡང་། རྟག་པར་ཕོ་བ་འགྲངས་རྗེས་ལས་ཀ་མེད་པའི་མི་འགའ་དང། ཇུས་གཏོགས་ཚ་པོ་འགའ་རེ་ཡོད་དེ། ཁོ་ཚོས་ནམ་ཡང་ཧ་ཅང་གཡོ་སྒྱུ་ཆེ་བའི་བྱེད་སྟངས་ག་གེ་མོ་བྱེད་སྲིད་དེ། གཉེན་ཉེའི་འབྲེལ་བ་བཀོལ་སྤྱོད་བྱེད་པར་ཤིན་ཏུ་མོས་ཤིང་། རང་ཉིད་ཡོད་པར་དག་འབུད་བྱེད་ལ། ཁོ་ཚོས་རྟག་པར་ནན་ཏན་གྱིས་ཞིབ་ཏུ་ལྟ་ཞིང། ཁོ་ཚོའི་དྲི་མ་སྣོམ་པའི་ཚོར་བ་སྐྱེན། ཡིན་ཡང་འདི་དག་ཡོད་ཚད་ཀྱི་མཇུག་འབྲས་ནི་ཁོ་ཚོ་སྔར་བཞིན་གནས་དེར་འགྲེང་ཡོད་པ་ལས་མ་འདས། ཡོད་ཚད་ཀྱི་ཁྱད་པར་ནི། ངས་རིམ་བཞིན་ངོས་འཛིན་གསལ་བོར་བྱེད་ཐུབ་པ་སྟེ། ཁོ་ཚོའི་ངོ་གདོང་གི་དབྱེ་བ་འབྱེད་ཐུབ། སྔོན་ཆད་ངའི་བསམ་པར། ཁོ་ཚོ་ཕྱོགས་བཞི་མཚམས་བརྒྱད་ནས་རུབ་ཡོང་སྟེ། དོན་དག་ཇེ་ཆེ་ནས་ཇེ་ཆེར་བཏང་བས། ང་ལ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་སྲིད་སྙམ་མོད། ད་ལྟ་ངས་ཤེས་ཡོད། འདི་དག་ཐམས་ཅད་ནི་གནའ་ནས་ཡོད་པ་ཞིག་ཡིན་པས། ཐག་གཅོད་ཡོང་ཐུབ་མིན་ལ་འབྲེལ་བ་ཆེར་མེད་པམ་ཡང་ན་རྩ་བ་ནས་འབྲེལ་བ་མེད། དེ་མིན་ཐག་གཅོད་ཉིད་ལ། ངས་འདི་འདྲའི་ཚིག་ཚབས་ཆེན་ཞིག་བཀོལ་དོན་ཅི་ཡིན་ནམ། གལ་ཏེ་ཉིན་ཞིག་ལ།---སང་ཉིན་དམ་གནངས་ཉིན་ནི་ཡིན་མི་སྲིད། ཕལ་ཆེར་འདི་འདྲའི་ཉིན་ཞིག་ནམ་ཡང་ཡོད་མི་སྲིད། ----མི་མང་གིས་ཁོ་ཚོས་ཇུས་གཏོགས་བྱས་ན་མི་འགྲིག་པའི་དོན་འདི་ཐག་གཅོད་བྱེད་སྲིད། ༼འདི་ཉིད་ངས་ཐེངས་མང་པོར་བསྐྱར་ཟློས་བྱས་ཟིན།༽ མ་གཞི་ང་རང་རྐྱེན་འདིས་དབང་གིས་གནོད་པ་སྤུ་ཙམ་ཡང་ཐེབས་མི་སྲིད། ཡིན་ཡང་ང་ནི་མི་མང་ལ་མཚོན་ནས་བཤད་ན་མཐའ་གཅིག་ཏུ་རྒྱུས་མེད་མིན་ཏེ། ང་ནི་ནམ་ཡང་ཁ་གསལ་གཏིང་གསལ་ངང་ཁོ་ཚོའི་དཀྱིལ་ན་འཚོ་བ་སྐྱེལ་བཞིན་ཡོད་ལ། ཁོ་ཚོར་ཡིད་ཆེས་ཟབ་པ་མ་ཟད། ཁོ་ཚོའི་ཡིད་ཆེས་ཀྱང་འཐོབ་ཡོད། འོན་ཀྱང་རྗེས་ནས་ཐོན་པའི་བུད་མེད་སྡུག་བསྔལ་ཅན་འདིས། མི་གཞན་ཡིན་ཚེ་ང་ལས་ཀྱང་ཤིན་ཏུ་སྔ་བར། མོ་ནི་རྩ་བྱི་བཟུང་ལྟར་རྙོག་གླེང་རྫོགས་རྒྱུ་མེད་པ་ཞིག་ཡིན་པ་ངོས་ཟིན་ཡོད་སྲིད་ལ། ད་དུང་མི་མང་གི་ཚབ་བྱས་ནས་ཁ་རོག་གེར་རྐང་འོག་ཏུ་བརྫིས་ཡོད་སྲིད། བུད་མེད་འདིས་ཆེས་མང་ཡང་ངའི་གསལ་འབྱེད་ཀྱི་སྟེང་དུ་སྐྱུག་བྲོ་བའི་རྒྱན་ཆ་ཞིག་བསྣན་པ་ལས་མ་འདས། གསལ་འབྱེད་ཀྱི་ཁྲོད་དུ། མི་མང་གིས་ང་ནི་གུས་བཀུར་བྱེད་རིན་ཡོད་པའི་མི་ཞིག་ཡིན་པ་སྔ་མོ་ནས་ཁྱབ་བསྒྲགས་བྱས་ཚར། འདི་ནི་དོན་དག་གི་ད་ལྟའི་གནས་བབས་ཡིན་ལ། ང་རང་འདིའི་ཆེད་དུ་སེམས་འཚབ་དགོས་དོན་མེད།
ལོ་འདི་དག་གི་རིང་ལ་ངའི་སེམས་པ་ཅུང་བདེ་ལ་འབབ་མ་ཐུབ་ཀྱང་། དོན་དག་འདིའི་རང་སྟེང་གི་དོན་སྙིང་དང་འབྲེལ་བ་རྩ་ནས་མེད། ཁྱོད་ཀྱིས་རྟག་པར་མི་ལ་ཁོང་ཁྲོ་ལངས་སུ་འཇུག་མི་ནུས། ཁྱོད་ཀྱིས་ཁོང་ཁྲོ་འདི་རྒྱུ་མཚན་ཅི་ཡང་མེད་པར་ལངས་པ་ཤེས་པའི་དབང་དུ་བཏང་རུང་། ཁྱོད་ཀྱི་བློས་འཇལ་དུ་དེ་ཉིད་བསླེབས་པར་ཡིད་ཆེས་བརྟན་པོ་མེད་ཀྱང་། ཁྱོད་ཀྱི་སེམས་མི་བདེ་བར་གྱུར་ནས། ཐག་གཅོད་ཞིག་ལ་རེ་སྒུག་བྱེད་མགོ་བརྩམས། (དོན་སྙིང་ངེས་ཅན་ཞིག་གི་སྟེང་ནས་བརྗོད་ན་དེ་ནི་ཕུང་པོའི་སྟེང་གི་ཡིན།)འདི་ཉིད་ཕྱོགས་གཅིག་ནས་ལོ་ཚོད་ཁོ་ན་དང་འབྲེལ་བ་ཡོད་ཅིང་། ལོ་གཞོན་དག་གིས་ཡོད་ཚད་ལ་མཛེས་སྡུག་གི་ཕྱི་ཤུན་རེ་བསྐོན་པས། མི་སྡུག་པའི་ཞིབ་ཆ་དེ་དག་ལོ་གཞོན་གྱི་བཀོལ་ན་ཚར་རྒྱུ་མེད་པའི་ལུས་སྟོབས་ཁྲོད་གར་སོང་ཆ་མེད་དུ་གྱུར། མི་སུ་ཞིག་ཡིན་རུང་ལོ་གཞོན་དུས་ངན་སེམས་འཆང་བའི་མིག་མདངས་རེ་ཕལ་ཆེར་ཡོད་སྲིད། འོན་ཀྱང་དེ་ལ་མཚར་དགོས་མེད་དེ། མི་གཞན་པས་དེ་ལ་དོ་སྣང་བྱེད་མི་སྲིད་ལ། ཐ་ན་ཁྱོད་རང་གིས་ཀྱང་དེ་ཉིད་ཚོར་མི་སྲིད།
ཡིན་ནའང་། ཁྱོད་རང་བགྲེས་དུས། ལྷག་རོ་འགའ་ལས་ཅི་ཡང་ལུས་མེད་ལ། དེ་དག་རེ་རེ་ནི་དགོས་ངེས་ཤིག་ཡིན་ཞིང་། ཐམས་ཅད་ལ་འགྱུར་བ་བྱུང་མི་སྲིད། རེ་རེར་ལྟ་ཞིབ་བྱེད་སྲིད་ལ། ལོ་ན་བགྲེས་པའི་སྐྱེས་པ་ཞིག་གི་སེམས་བཟང་བཅངས་མེད་པའི་མིག་གི་རྣམ་འགྱུར་ཏེ། དུས་མཚུངས་སུ་དེ་ལས་ཀྱང་གསལ་བའི་སེམས་བཟང་བཅངས་མེད་པའི་མིག་གི་རྣམ་འགྱུར་ཞིག དེ་ཉིད་གཏན་ཁེལ་བྱེད་རྒྱུ་ནི་དཀའ་ལས་མི་འདུག་ཅིང་། དེ་ཉིད་ཀྱང་ངོ་བོའི་ངན་འགྱུར་གང་ཡང་མིན་པ་ཁོ་ནའོ། ། 
ངས་ཟུར་གང་ནས་བལྟས་ཀྱང་། མངོན་ཡོང་བ་ནི། ངས་ཀྱང་རྟག་པར་འདི་ལྟར་སྙམ་ཡོད་དེ། གལ་སྲིད་ངས་དོན་དག་འདི་ལག་པས་དལ་བུར་བཀབ་ཚེ། བུད་མེད་འདིས་རྙོག་དྲ་ག་འདྲ་བཟོས་ཀྱང་། ངས་སྔར་བཞིན་འཇིག་རྟེན་གྱི་སྐྱེ་བོས་བར་ཆད་མ་ཐེབས་པར། ཡུན་རིང་དང་ལྷིང་འཇགས་ངང་རང་གི་མིག་སྔར་གྱི་འཚོ་བའི་མུ་སྐྱོང་ཐུབ།
སྒྲུང་གཏམ་འདི་ཧ་ལམ་སྤྱི་ལོ༡༩༢༣ལོའི་ཟླ༡༠པར་བྲིས་ཤིང་། ༡༩༢༤ལོར་ཐོག་དང་པོར《བཀྲེས་སྐོམ་སྒྱུ་རྩལ་པ》ཞེས་པའི་སྒྲུང་གཏམ་ཕྱོགས་བསྒྲིགས་སུ་སྤེལ།
འབྲེལ་ཡོད་འོས་སྦྱོར།