༄༅།།ཝེ་ལེན•ཧྥུའུ་ཁུ་ནཱས་བརྩམས་ཤིང་སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི《ཨེ་མི་ལི་ལ་ཕུལ་བའི་རྒྱ་སེ་རྐང་གཅིག》ལ་ཉམས་སུ་མྱོང་རོགས།
རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-07-01
ཀློག་གྲངས།:
ཨེ་མི་ལི་ལ་ཕུལ་བའི་རྒྱ་སེ་རྐང་གཅིག
ཝེ་ལེན•ཧྥུའུ་ཁུ་ནཱ།(威廉福克纳)ཡིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར།
ཝེ་ལེན•ཧྥུའུ་ཁུ་ནཱ།(威廉福克纳)ཡིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར།
གཅིག
སྲས་མོ་ཨེ་མི་ལེ•ཀི་ལི་འར་ཚེ་ལས་འདས་སོང་། གྲོང་བརྡལ་ཡོངས་ཀྱི་མི་མོའི་འདས་མཆོད་དུ་ཕྱིན། སྐྱེས་པ་རྣམས་ནི་གུས་བཀུར་གྱི་སེམས་བསྐྱེད་འོག་སོང་བ་ཡིན་ཏེ། རྒྱུ་མཚན་ནི་དྲན་གསོའི་རྡོ་རིང་ཞིག་འགྱེལ་སོང་བས་རེད། བུད་མེད་རྣམས་ནི། མང་ཆེ་བ་མཚར་སྣང་གིས་དེད་པ་ཡིན་ཏེ། མོའི་ཁང་པའི་ནང་བལྟ་འདོད་པ་ཡིན། མེ་ཏོག་འདེབས་མཁན་དང་ཇ་མའི་འགན་གཅིག་ལྕོགས་སུ་བཞེས་པའི་གཡོག་པོ་བགྲེས་སོང་དེ་ལས་གཞན། མ་མཐར་ཡང་ལོ་བཅུ་ལྷག་ལ། སུ་ཡང་ཁང་པ་འདིའི་ནང་འཛུལ་མྱོང་མེད། དེ་ནི་སྔར་བཀྲག་རྩི་དཀར་པོ་བྱུག་མྱོང་བའི་ཤིང་ཁང་གྲུ་བཞི་ཆེན་པོ་ཞིག་ཡིན་ཏེ། ལོ་དེར་ཞིབ་འཇུག་བྱེད་རིན་ཆེ་བའི་སྲང་ལམ་ཞིག་ཏུ་ཆགས་ཡོད་པ་མ་ཟད། ད་དུང་དུས་རབས་བཅུ་དགུ་པའི་ལོ་རབས་བརྒྱད་ཅུའི་ཉམས་འགྱུར་རྫོགས་པའི་སྒོར་དབྱིབས་ཁང་ཀླད་དང་། མཆོད་རྟེན་རྩེ་མོ་ཅན། འཁྱིལ་དབྱིབས་རི་མོའི་ཉི་གཡབ་བཅས་ཀྱིས་མཛེས་སྤྲས་བྱས་ཡོད་ཅིང་། བག་ཡངས་ཀྱི་མཁའ་དབུགས་སྟུག་པོ་ཞིག་འཁྱིལ་བའི་ཉམས་ལྡན། ཡིན་ཡང་རླངས་འཁོར་འཇོག་ཁང་དང་སྲིང་བལ་བཙིར་གནོན་འཕྲུལ་འཁོར་སོགས་ཀྱི་དངོས་པོས་ལམ་རྒྱུད་འདིའི་གཟི་བརྗིད་ཀྱི་མིང་དེ་ལ་ཉེས་མེད་བཙན་གནོན་བྱས་ནས། དེ་ཚོ་ཧ་ཅང་གཙང་མར་སུབ་སོང་། སྲས་མོ་ཨེ་མི་ལིའི་ཁང་པ་གཅིག་པུ་གཡོ་མེད་ཁེར་རྐྱང་དུ་གནས་ཤིང་། ཕྱོགས་བཞིར་སྲིང་བལ་འདྲུད་འཁོར་དང་རླངས་འཁོར་གྱི་ཕུམ་གྱིས་རུབ་འདུག ཁང་པ་ནི་གོག་ཧྲུལ་དུ་གྱུར་ཟིན་ཡང་། ད་དུང་གཏུམ་དྲག་ཆེ་ཞིང་སྤམ་རྫུ་བྱེད་པས། དངོས་གནས་ཧ་ཅང་བཙོག ད་ལྟ་སྲས་མོ་ཨེ་མི་ལི་གཟི་བརྗིད་ཅན་གྱི་མིང་དེ་དག་གི་འཐུས་ཚབ་མི་སྣའི་གྲལ་རིམ་དུ་ཞུགས་ལ། ཁོ་ཚོ་གསོམ་སྡོང་གིས་བསྐོར་བའི་དུར་ཁྲོད་དུ་གཉིད་འདུག དེ་རུ་ལྷོ་བྱང་དམག་འཁྲུག་དུས་སྐབས་ཀྱི་ཅེ་ཧྥོ་ཧྲིན་གཡུལ་འགྱེད་དུ་གྲོངས་བའི་ལྷོ་ཕྱོགས་དང་བྱང་ཕྱོགས་ཀྱི་མིང་མེད་དམག་མིའི་དུར་སའི་སྟར་པ་བསྒྲིགས་ཡོད།
སྲས་མོ་ཨེ་མི་ལི་སྐུ་བཞུགས་དུས། མོ་ནི་ཐོག་མཐའ་བར་གསུམ་དུ་སྲོལ་རྒྱུན་གྱི་སྤྲུལ་པ་ཡིན་ལ། འགན་ཁུར་གྱི་མཚོན་བྱེད་དང་། མི་རྣམས་ཀྱིས་དོ་ཁུར་བྱེད་ས་ཡིན། གཅིག་བརྒྱད་དགུ་བཞི་ལོའི་ཉིན་ཞིག་ལ། གྲོང་བརྡལ་གྱི་མགོ་འཛིན་ཧྲང་ཞའོ་ཧྲ་ཏོ་ལི་སིས—ཡང་གཅིག་བཤད་ན་ཁོས་མི་རྒྱུད་ནག་པོའི་བུད་མེད་ཀྱིས་པང་ཁེབ་མ་བརྒྱབ་པར་ཁྲོམ་ལ་ཡོང་མི་ཆོག་པའི་བཀའ་ཅིག་ཕབ—མོས་འཇལ་དགོས་པའི་ཁྲལ་ཡོད་ཚད་ཁྲིམས་སྒོ་རང་བཙན་གྱིས་མེད་པར་བཏང་ཞིང་། དུས་བཅད་ནི་མོའི་ཕ་འདས་པའི་ཉིན་མོ་ནས་མགོ་བརྩམས་ཏེ་མོ་ཚེ་ལས་འདས་རག་བར་ཡིན། འདི་ནི་གྲོང་བརྡལ་ཡོངས་ཀྱིས་རྒྱུན་འཛིན་བྱས་ཡོང་བའི་མོར་བཅངས་བའི་འོས་འགན་ཞིག་ཡིན། འདིས་ཀྱང་ཨེ་མི་ལིས་གསོལ་རས་དང་ལེན་བྱེད་འདོད་པ་གསལ་བཤད་བྱས་མེད། ཧྲ་ཏོ་ལི་སི་ཧྲང་ཞའོ་ཡིས་བཤད་ཚུལ་ཆ་ཚང་ཞིག་ཁུངས་མེད་རྫུན་བཟོ་བྱས་པ་སྟེ། སྔོན་ཆད་ཨེ་མི་ལིའི་ཕ་རྒན་གྱིས་གྲོང་བརྡལ་སྲིད་གཞུང་ལ་དངུལ་བུན་གཡར་མྱོང་། དེར་བརྟེན། གྲོང་བརྡལ་སྲིད་གཞུང་གིས་དེ་ཉིད་ཉོ་ཚོང་ཞིག་ཏུ་བརྩིས་ནས། ཐབས་ལམ་འདི་རིགས་བརྒྱུད་ནས་བུ་ལོན་འཇལ་བར་འཐད་པ་ཡིན་ཟེར་བ་དེ་རེད། བཤད་ཚུལ་ཆ་ཚང་འདི་རིགས་ནི། ཧྲ་ཏོ་ལི་སིའི་མི་རབས་དེའི་མི་དང་ཧྲ་ཏོ་ལི་སིའི་ཀླད་པ་ཁྱེར་པའི་མིས་ད་གཟོད་རྫུན་བཟོ་བྱེད་ཐུབ་ལ། ཁྱིམ་བདག་མ་རྣམས་ཀྱིས་ད་གཟོད་ཡིད་ཆེས་བྱེད།
བློ་གཤོགས་དེ་བས་ཡངས་བའི་མི་རབས་གཉིས་པའི་མི་ཞིག་གྲོང་བརྡལ་གྱི་མགོ་འཛིན་དང་སྤྱི་གྲོས་པ་བྱེད་དུས། བཀོད་སྒྲིག་འདིར་ཅུང་ཡི་མ་རང་། ལོ་དེའི་ལོ་གསར་ལ། ཁོ་ཚོས་མོར་ཁྲལ་འཇལ་བརྡ་ཐོ་ཞིག་བསྐུར། ཟླ་གཉིས་པར་བསླེབས་དུས། ད་དུང་གོ་རྒྱུ་ཚོར་རྒྱུ་ཅི་ཡང་མི་འདུག ཁོ་ཚོས་གཞུང་ཡིག་ཅིག་བསྐུར་ནས། མོ་སྟབས་བདེ་དུས་ཁྲིམས་འཛིན་དཔོན་པོའི་གཞུང་ལས་ཁང་དུ་ཐེངས་གཅིག་འགྲོ་དགོས་པར་བརྡ་བཏང་། གཟའ་འཁོར་གཅིག་གི་རྗེས་སུ། གྲོང་བརྡལ་མགོ་འཛིན་པས་ཨེ་མི་ལི་ལ་འཕྲིན་ཡིག་ཅིག་སྤྲིངས་ཏེ། རང་ཉིད་སྒོ་ཁར་འཚམས་འདྲིར་ཡོང་ཆོག་ལ། རླངས་འཁོར་མངགས་ནས་བསུ་རུ་འོངས་པར་ཡང་འཐད་པ་ཡིན་པར་བཤད། ཡིན་ཡང་ཡིག་ལན་ནི་ཡིག་ཐུང་ཞིག་ལས་མ་འདས་ཏེ། གནའ་ཉམས་དོད་པའི་འཕྲིན་ཤོག་ཅིག་གི་སྟེང་། ཡིག་གཟུགས་ནི་ཆུ་རྒྱུག་རྒྱུག་ལྟར་བྲིས་ཡོད་ཅིང་། ཡི་གེ་ཆུང་ལ་ཕྲ། ཡིན་ནའང་སྣག་ཚ་ནི་ཧར་པོ་མི་འདུག འཕྲིན་ཡིག་གི་ནང་དོན་གཙོ་བོ་ནི་མོ་ལར་ནས་ཕྱིར་ཐོན་གྱིན་མེད་ལ། ཁྲལ་འཇལ་བརྡ་ཐོ་ཟུར་དུ་སྤྲད་ཡོད་ཅེས་པ་ལས་བསམ་འཆར་ཅི་ཡང་བརྗོད་མེད།
སྤྱི་གྲོས་པ་རྣམས་ཀྱིས་དམིགས་བསལ་གྲོས་ཚོགས་ཤིག་བསྡུས་ནས། ཚབ་མཚོན་ཚོགས་པ་ཞིག་མངགས་ཏེ་མོར་འཚམས་འདྲི་བྱས། ཁོ་ཚོས་སྒོ་རྡུང་ཙམ་བྱས། ལོ་བརྒྱད་དམ་བཅུའི་སྔོན། མོས་རྫ་ཆས་ཚོན་རིས་སློབ་ཁྲིད་གནང་མཚམས་བཞག་པ་ནས་བཟུང་། སུ་ཡང་སྒོ་ཆེན་འདི་ལས་ཐོན་འཛུལ་བྱས་མྱོང་མེད། ལོ་ན་བགྲེས་པའི་མི་རྒྱུད་ནག་པོའི་གཡོག་པོ་དེས་ཁོ་ཚོ་ནག་འཐིབ་འཐིབ་ཀྱི་སྒོ་ཁའི་ཚོམས་ཁང་དུ་བསུས་ཤིང་། དེ་ནས་སླར་སྐས་ཁར་འཛེགས་པ་ན། དཀར་ཆ་ནི་སྔར་ལས་ཀྱང་ཞན། ཐལ་རྡུལ་གྱིས་ཁེངས་བའི་དྲི་མ་ཞིག་སྣ་ལམ་དུ་འཚངས་འོངས། མཁའ་དབུགས་ནི་བརླན་ཆེ་ཞིང་ཡི་མུག་པའི་སྣང་བ་ཞིག་སྟེར། ཁང་པ་འདིའི་ནང་དུས་ཡུན་རིང་པོར་མི་བསྡད་མེད་པ་ཤེས་ཐུབ། མི་ནག་དེས་ཁོ་ཚོ་འགྲུལ་ཁང་དུ་ཁྲིད། དེའི་ནང་ལྗིད་རྫོབ་ཆེ་བའི་ཁྱིམ་ཆས་ཚང་མར་ཀོ་ཐུམ་བརྒྱབ་ཡོད། མི་ནག་གིས་ཁྲ་ཡོལ་སྒེའུ་ཁུང་ཞིག་ཕྱེ་བྱུང་། དུས་འདིར། ཀོ་བའི་ཤུན་པགས་རལ་ཟིན་པ་མཐོང་ཐུབ། ཁོ་ཚོ་མར་བསྡད་རྗེས། བརླའི་གཞོགས་གཉིས་ནས་ཐལ་རྡུལ་རིམ་པ་གཅིག་ཡར་འཕྱུར་ཞིང་། རྡུལ་ཕྲན་ནི་ཉི་ཐིག་གི་ཁྲོད་དལ་བུར་ཡར་འཕགས་བྱུང་། རྩིག་ཐབ་མདུན་ངོས་སུ་བཀྲག་མདངས་ཡལ་བའི་གསེར་མདོག་གི་རི་མོ་འབྲི་སྒོམ་གྱི་སྟེང་ཨེ་མི་ལི་ཡི་ཨ་ཕའི་སོལ་རིས་བྲིས་སྐུ་བཞག་འདུག
མོ་ཁང་པའི་ནང་འཛུལ་མ་ཐག ཁོ་ཚོ་ཚང་མ་ཡར་ལངས་བྱུང་། སྐེད་པ་སྒོར་ཞིང་ཤ་རྒྱགས་པའི་དཔེ་ཆུང་འདྲ་ཆུང་གི་བུད་མེད་ཞིག ལུས་སུ་གོས་ནག་པོ་གྱོན་ལ། གསེར་གྱི་ཆུ་ཚོད་འདོགས་ཐག་ཕྲ་ལ་རིང་བ་ཞིག་སྐེད་པའི་བར་དཔྱངས་ཤིང། སྐ་རགས་ནང་གསེབ་འདུག ཤིང་ནག་གི་འཁར་བས་མོའི་ལུས་པོ་སྐྱོར་ཡོད་ལ། འཁར་མགོར་གསེར་གྱི་ཕྲ་བཏབ་ཡོད་པ་དེའི་བཀྲག་མདངས་ཡལ་ཟིན། མོའི་ལུས་བོངས་ཆུང་ཞིང་གཟུགས་ཐུང་། རྒྱུ་མཚན་འདིའི་དབང་གིས་ཡིན་ཡང་སྲིད་དེ། བུད་མེད་གཞན་གྱི་ལུས་སྟེང་མཁྲང་ཟླུམ་དུ་མངོན་པའི་དངོས་པོ། མོའི་ལུས་སྟེང་ཧ་ཅང་རྒྱགས་ཆེ་བའི་སྣང་བ་ཞིག་སྟེར། བལྟས་ཚོད་དུ་མོ་ནི་དུས་ཡུན་རིང་པོར་འཁྱིལ་ཆུ་རུ་སྦང་བའི་མི་རོ་ཞིག་དང་མཚུངས་ཏེ། སྐྲངས་ཤིང་དཀར། འགྲུལ་བས་ཡོང་དོན་གསལ་བཤད་བྱེད་དུས། མོ་ཡར་འབུར་བའི་ཤ་རྒྱགས་པ་དེའི་ཁྲོད་མར་རྡིབ་ལ། གྲོ་ཕྱེ་བརྫིས་མའི་ཁྲོད་མཉེད་པའི་རྡོ་སོལ་རྡོག་རྡོག་ཆུང་ཆུང་གཉིས་དང་འདྲ་བའི་མིག་དེ་གཉིས་ནི་མཚམས་མེད་པར་འགུལ་བཞིན་འདུག་སྟེ། སྐབས་རེར་ངོ་གདོང་འདིར་ལྟ་ཙམ་དང་། སྐབས་རེར་ངོ་གདོང་དེར་ཞིབ་ལྟ་བྱེད།
མོས་ཁོ་ཚོ་བཞུགས་གདན་དུ་འཁོད་བཅུག་མེད། གཏམ་བཤད་མཁན་གྱི་འཐུས་ཚབ་དེས་ངག་ལྐུགས་བཞིན་བཤད་ཚར་རག་བར་དུ། མོ་སྒོ་ཁར་ལངས་ནས་ཁ་རོག་གེར་མཉན། ཁོ་ཚོས་དུས་འདིར་ད་གཟོད་གསེར་གྱི་འདོགས་ཐག་གི་སྣེ་རུ་སྦས་པའི་ཆུ་ཚོད་འཁོར་ལོའི་ཐག་ཐག་གི་སྒྲ་ཐོས་བྱུང་།
མོའི་སྒྲ་གདངས་ལ་བརྩེ་བ་སྤུ་ཙམ་ཡང་མི་འདུག “ཅེ་ཧྥོ་ཧྲིན་དུ་ངས་འཇལ་དགོས་པའི་དཔྱ་ཁྲལ་ཅི་ཡང་མེད། ཧྲ་ཏོ་ལི་སི་ཧྲང་ཞའོ་ཡིས་སྔ་ས་ནས་ང་ལ་གསལ་བཤད་བྱས་ཟིན། ཡང་མིན་ན་ཁྱོད་ཚོའི་ཁྲོད་ཀྱི་སུ་ཞིག་སྲིད་གཞུང་གི་ཡིག་ཚགས་ཞིབ་བཤེར་བྱེད་དུ་སོང་ནའང་ཆོག་པས། དོན་དག་གསལ་བོར་ཤེས་ཐུབ།”
“ང་ཚོས་ཡིག་ཚགས་བཤེར་ཟིན། སྲས་མོ་ཨེ་མི་ལི་ལགས། ང་ཚོ་ནི་དེང་གི་སྲིད་གཞུང་དབང་འཛིན་ལས་ཁུངས་ཡིན། འོ་ན་ཁྱོད་ལ་ཁྲིམས་འཛིན་དཔོན་པོས་སྐུ་དངོས་སུ་མིང་རྟགས་བཀོད་པའི་བརྡ་ཐོ་འབྱོར་མ་སོང་ངམ།”
“ཡིན། ང་ལ་བརྡ་ཐོ་ཞིག་འབྱོར་སོང་།”སྲས་མོ་ཨེ་མི་ལིས་བཤད་རྒྱུར། “ཁོས་རང་ཉིད་ཁྲིམས་འཛིན་དཔོན་པོར་བསྐོས་པ་ཡིན་ཡང་སྲིད……ཡིན་ཡང་ང་ལ་ཅེ་ཧྥོ་ཧྲིན་དུ་དཔྱ་ཁྲལ་འཇལ་རྒྱུ་ཅི་ཡང་མེད།”
“ཡིན་ནའང་ཁྲལ་འཇལ་དེབ་ཏུ་འདི་ལྟར་གསལ་བཤད་བྱས་མི་འདུག ཁྱོད་ཀྱིས་ཧ་གོ་ངེས། ང་ཚོས……གཞིར་བཟུང་ནས……”
“ཁྱོད་ཚོ་ཧྲ་ཏོ་ལི་སི་ཧྲང་ཞའོ་བཙལ་དུ་སོང་། ང་ལ་ཅེ་ཧྥོ་ཧྲིན་དུ་དཔྱ་ཁྲལ་འཇལ་རྒྱུ་ཅི་ཡང་མེད།”
“ཡིན་ཡང་། སྲས་མོ་ཨེ་མི་ལི།—”
“ཁྱོད་ཚོ་ཧྲ་ཏོ་ལི་སི་ཧྲང་ཞའོ་བཙལ་དུ་སོང་། (ཧྲ་ཏོ་ལི་སི་ཧྲང་ཞའོ་ཚེ་ལས་འདས་ནས་ལོ་བཅུ་ལྷག་འགོར་ཟིན།) ང་ལ་ཅེ་ཧྥོ་ཧྲིན་དུ་དཔྱ་ཁྲལ་འཇལ་རྒྱུ་ཅི་ཡང་མེད། ཐོའོ་པི།”མི་ནག་དེས་སྐད་ཐོས་མ་ཐག་ཕྱིར་ཐོན། “སྐུ་ཞབས་འདི་དག་སྐྱེལ་མ་བྱས།”
གཉིས།
མོས་འདི་ལྟར་ཁོ་ཚོ“མི་རྟ་ཡོངས”ཕམ་པར་བརྒྱབ། ལོ་སུམ་ཅུའི་སྔོན་དུ་དྲི་མའི་དོན་དག་དེའི་ཆེད་ཁོ་ཚོའི་ཕ་རབས་ལས་རྣམ་པར་རྒྱལ་བ་དེ་དང་མཚུངས། དེ་ནི་མོའི་ཕ་རྒན་འདས་རྗེས་ཀྱི་ལོ་གཉིས་སྟེ། མོའི་སྙིང་སྡུག་གིས—ང་ཚོས་ཀྱང་མོ་དང་གཉེན་སྒྲིག་ཐག་ཆོད་ཡིན་པར་རློམ་པའི་མི་དེ—མོ་གཡུགས་ནས་ཅང་མ་འགོར་བའི་དུས་ཡིན། ཕ་རྒན་འདས་རྗེས། མོ་ཕྱིར་ཐོན་པ་ཤིན་ཏུ་ཉུང་། སྙིང་སྡུག་བྲལ་རྗེས། མི་རྣམས་ཀྱིས་ཧ་ལམ་མོ་མཐོང་མི་ཐུབ། བུད་མེད་ཉུང་ཤས་ཤིག་བབ་ཅོལ་ངང་མོར་འཚམས་འདྲི་བྱེད་དུ་སོང་། ཡིན་ཡང་ཚང་མ་ནང་དུ་འགྲོ་མ་ཐུབ་པར་ཕྱིར་ལོག མོ་བསྡད་སའི་མཐའ་འཁོར་དུ་ཚེ་སྲོག་གི་རྟགས་མཚན་ཉག་གཅིག་ཡོད་པ་ནི། མི་ནག་དེས་སློ་མ་ཞིག་ཁྱེར་ནས་ཡར་འཛུལ་མར་ཐོན་བྱེད་པ་དེ་ཡིན་ལ། ལོ་དེར་ཁོ་ད་དུང་གཞོན་ནུ་ཞིག་ཡིན། “སྐྱེས་པ་ཞིག་ཡིན་པ་ཁོ་ན་དང་། སྐྱེས་པ་གང་རུང་ཞིག་ཡིན་ཡང་ཆོག་སྟེ། ཐབ་ཚང་གོ་རིམ་དང་ལྡན་པ་ཞིག་གཙང་སྦྲ་བྱེད་ཐུབ་པ་འདྲ།”བུད་མེད་ཚང་མས་འདི་ལྟར་བཤད། དེར་བརྟེན། དྲི་མ་དེ་རིགས་ཉིན་རེ་ལས་ཉིན་རེར་ཚབས་ཆེ་དུས། ཁོ་མོ་ཚོ་ཡང་ཡ་མཚར་གྱིན་མི་འདུག དེ་ནི་སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་དང་བསྡུར་ན་མཆོག་ཏུ་གྱུར་ལ་སྟོབས་དང་ལྡན་པའི་མའེ་ལིས་ཨར་ཧྲིན་ཁྱིམ་ཚང་དབར་གྱི་འབྲེལ་བ་གཞན་ཞིག་ཡིན།
ཁྱིམ་མཚེས་བུད་མེད་ཞིག་གིས་ལོ་བརྒྱད་ཅུར་བུད་པའི་ཁྲིམས་དཔོན་སི་ཏིས་ཧྥིན་འགོ་འཛིན་ལ་འཁང་ར་བྱེད།
“ཡིན་ཡང་ལྕམ་མོ་ལགས། ཁྱོད་ཀྱིས་ཤོད་དང་། དོན་དག་འདིར་ང་ལ་ད་དུང་ཐབས་བཀོད་ཅི་ཞིག་ཡོད་དམ།”
“ཧིན། མོར་དྲི་མ་གཙང་སེལ་བྱེད་དགོས་པར་བརྡ་རྒྱག་དགོས།”བུད་མེད་དེས་བཤད་རྒྱུར། “བཅའ་ཁྲིམས་ནང་གསལ་བོར་གཏན་འབེབས་བྱས་ཡོད་པ་མིན་ནམ།”
“ངས་བལྟས་ན་འདི་ལྟར་བྱེད་དགོས་དོན་མི་འདུག”ཁྲིམས་དཔོན་སི་ཏིས་ཧྥིན་སིས་བཤད་རྒྱུར། “མོའི་མི་ནག་གཡོག་པོ་དེས་ར་སྐོར་ནང་སྦྲུལ་ལམ་ཙི་གུ་ཞིག་བསད་པ་ཡིན་ཡང་སྲིད། ང་སོང་ནས་ཁོ་ལ་དོན་དག་འདི་བཤད་ཆོག”
ཕྱི་ཉིན། ཁོ་ལ་ཞུ་འབུལ་གཉིས་འབྱོར་སོང་། གཅིག་ནི་སྐྱེས་པ་ཞིག་གིས་ཕུལ་བ་ཡིན་ཏེ། སྐད་གདངས་ཞི་ཞིང་འཇམ་པའི་ངང་བསམ་འཆར་བཏོན་བྱུང་། “ཁྲིམས་དཔོན། ང་ཚོས་དོན་དག་འདི་ལ་འདྲི་རྟོག་མི་བྱེད་ཐབས་མེད་བྱུང་སོང་། ང་ནི་སྲས་མོ་ཨེ་མི་ལི་ལ་སུན་པོ་བཟོ་མེད་མཁན་དེ་གཏན་ནས་མིན། ཡིན་ཡང་ང་ཚོས་གང་ལྟར་ཐབས་བཀོད་ཞིག་འཐེན་དགོས།”མཚན་མོ་དེར་སྤྱི་གྲོས་པ་ཡོངས་ཏེ།—བགྲེས་སོང་གསུམ་ཀ་རབས་གསར་པའི་ཁོངས་མི་ལོ་ན་ཅུང་གཞོན་པ་དེ་དང་མཉམ་དུ་འཚོགས་འདུ་ཚོགས།
“དོན་དག་འདི་ལས་སླ་མོ་ཞིག་རེད།”གཞོན་ནུ་དེས་བཤད་རྒྱུར།“མོར་ཁང་པ་གཙང་སྦྲ་བྱེད་དགོས་པར་བརྡ་སྐྱེལ་ནས། དུས་བཀག་ཡག་པོར་བཟོས། དེ་འདྲ་མ་བྱས་ན……”
“སྐུ་ཞབས། འདི་ལྟར་ག་ལ་འགྲིག་གམ།”ཁྲིམས་དཔོན་སི་ཏིས་ཧྥིན་སིས་བཤད་རྒྱུར། “ཁྱོད་ཀྱིས་ལྷ་ལྕམ་ཞིག་གི་མདུན་དུ་མོའི་དེ་རུ་དྲི་ངན་འཐུལ་འདུག་ཟེར་རམ།”
དེ་ནས། ཕྱི་ཉིན་མཚན་ཕྱེད་ཀྱི་རྗེས་སུ། མི་བཞི་སྲས་མོ་ཨེ་མི་ལི་ཚང་གི་སྤང་བརྒྱུད་དེ། མཚན་རྐུན་ཇི་བཞིན་ཁང་པར་བསྐོར་བརྒྱབ་ནས་སོང་། རྩིག་ཟུར་ཡོངས་དང་ས་དོང་གི་རླུང་འགྲོ་སར་སྲོག་བསྡོས་ཀྱིས་བསྣམས། དེའི་ཁྲོད་མི་གཅིག་གིས་ཕྲག་མགོར་དཔྱངས་བའི་ཁུག་མ་ནས་དངོས་པོ་ཅི་ཞིག་བཏོན་ཏེ། རྒྱུན་མི་ཆད་པར་སོན་འདེབས་པའི་སྤྱོད་པ་སྤེལ། ཁོ་ཚོས་ས་དོང་གི་སྒོ་ཕྱེས། དེའི་ནང་དང་ཕྱིའི་ཁང་པ་ཡོད་ཚད་ལ་རྡོ་ཐལ་གཏོར། ཁོ་ཚོ་སླར་ཡང་ཕྱིར་སྤང་བརྒྱུད་ནས་འགྲོ་དུས། མ་གཞིར་ནག་ཁུང་ཡིན་པའི་སྒེའུ་ཁུང་ཞིག་ཏུ་གློག་བཀར་བྱུང་། སྲས་མོ་ཨེ་མི་ལི་དེ་རུ་ཙོག་ཅིང་། གློག་སྒྲོན་ནི་མོའི་རྒྱབ་ཏུ་ཡོད་ལ། མོའི་དྲང་མོར་ལངས་བའི་ལུས་པོ་འགུལ་ཙམ་ཡང་མི་བྱེད་པས་དང་སྐུ་འདྲ་ཞིག་དང་མཚུངས། ཁོ་ཚོ་རྐང་འཇབ་ལག་འཇབ་ཀྱིས་སྤང་བརྒལ་ནས། སྲང་ལམ་ལོགས་གཉིས་ཀྱི་རྒྱ་སྐྱེགས་ཤིང་གི་བསིལ་གྲིབ་ཏུ་འཛུལ། གཟའ་འཁོར་གཅིག་གཉིས་ཀྱི་རྗེས་སུ། དྲི་མ་དེ་བྲོ་རྒྱུ་མི་འདུག
ཡིན་ཡང་དུས་འདིར་མི་རྣམས་ཀྱིས་གཞི་ནས་མོའི་ཆེད་དུ་སེམས་སྡུག་ངོ་མ་བྱེད་མགོ་ཚུགས། གྲོང་བརྡལ་གྱི་མིས་སྲས་མོ་ཨེ་མེ་ལིའི་ཨ་ནེ་སྟེ་རྒན་མོ་ཝེ་ཡ་ཐི་མཐར་སྨྱོན་པ་ཆགས་པའི་དོན་དག་དེ་དྲན་སོས་བྱུང་། ཚང་མས་ཀི་ལིས་ཨར་ཧྲིན་ཚང་གི་ཁྱིམ་མི་རྣམས་རང་མཐོང་ཆེ་དྲགས་ནས། རང་ཉིད་གནས་སོའི་གོ་གནས་ལ་རྒྱུས་ལོན་མེད་པ་ཡིད་ཆེས་བྱས། སྲས་མོ་ཨེ་མི་ལི་དང་རིགས་གཅིག་པའི་བུད་མེད་ཀྱིས་གཞོན་ནུ་ག་འདྲ་ཞིག་ཡིན་རུང་བློར་འབབ་མི་སྲིད། ཡུན་རིང་བོར། ཚང་མས་ཁྱིམ་ཚང་འདིའི་མི་རྣམས་རི་མོའི་ནང་གི་འགུལ་མེད་དུ་གནས་པའི་མི་སྣར་བརྩིས་ཡོད། སྐྱེ་གཟུགས་ཕྲ་ཞིང་། ལུས་སུ་དར་གོས་གྱོན་པའི་སྲས་མོ་ཨེ་མི་ལི་རྒྱབ་ལོགས་སུ་ལངས་ཤིང་། མོའི་ཨ་ཕས་རྐང་གཉིས་བསྣོལ་བ་བཀྱེད་ནས་ཨེ་མི་ལིར་རྒྱབ་གཏད་དེ་ལག་ཏུ་རྟ་ལྕགས་ཤིག་བཟུང་འདུག རྒྱབ་ཕྱོགས་སུ་ཕྱེ་དགོས་པའི་མདུན་སྒོ་ཞིག་གིས་ཁོ་གཉིས་ཀྱི་གཟུགས་བརྙན་མཐའ་ཤིང་གི་ཚུལ་དུ་བཙིར་འདུག དེར་བརྟེན་ལོ་དེར་མོ་ལོ་ན་སུམ་ཅུར་ཉེ་ཞིང་། ད་དུང་གཉེན་བསྒྲིགས་བྱས་མེད་དུས། ང་ཚོར་དངོས་གནས་དགའ་སྤྲོའི་བསམ་པ་ཅི་ཡང་མེད་དེ། སྔོན་གྱི་ལྟ་བར་ར་སྤྲོད་བྱུང་བར་སྙམ་པ་ཁོ་ནའོ། ། མོའི་ཁྱིམ་ཚང་ལ་སྨྱོན་པའི་ཁྲག་རྒྱུད་ཡོད་པར་ཆ་ཞོགས་དང་། གལ་ཏེ་གོ་སྐབས་ཡོད་ཚད་དངོས་གནས་མོའི་མདུན་དུ་བཤམས་ཡོད་ཚེ། མོས་ཀྱང་གཏན་ནས་མི་གཏོང་བའི་ཚད་ལ་བསླེབས་མེད།
ཕ་རྒན་འདས་རྗེས། བཤད་རྒྱུན་ལ་མོར་བསྐྱུར་བའི་རྒྱུ་ནོར་ཡོད་ཚད་ནི་ཁང་པ་དེ་རེད་ཟེར། མི་རྣམས་ཀྱང་དགའ་པོ་ཅུང་ཙམ་བྱུང་སོང་། མཐར་ཐུག་ན། ཁོ་ཚོས་ཨེ་མི་ལིར་གདུང་སེམས་སྐྱེས་ཆོག གཅིག་པུ་ཁེར་འདུག་བྱས་ཏེ། དབུལ་ཞིང་བཅར་མཁན་མེད་པས། མོས་མི་ཆོས་ཀྱི་འགྲོ་ལུགས་ཅུང་ཤེས་ན་འགྲིག ད་ལྟ་མོས་ཀྱང་དངུལ་སྐར་གང་གིས་མང་ན་དགའ་ནས་སེམས་འགུལ་ཐེབས་པ་དང་། སྐར་གང་གིས་ཉུང་ན་སྐྱོ་ཞིང་ཡིད་ཆད་པའི་མི་དེ་རིགས་ཀྱི་སེམས་པ་མྱངས་ཐུབ་སོང་།
མོའི་ཕ་རྒན་འདས་རྗེས་ཀྱི་ཕྱི་ཉིན། བུད་མེད་ཚང་མ་མོ་ཚང་ལ་འཚམས་འདྲིར་སོང་ནས་མྱ་ངན་ཞུ་བ་དང་རོགས་བྱེད་པར་འཐད་པ་སོགས་བཤད་དུ་ཆས། འདི་ནི་ང་ཚོའི་གོམས་སྲོལ་ཡིན། སྲས་མོ་ཨེ་མི་ལིས་སྒོ་ཁ་ནས་ཁོ་མོ་ཚོ་སྣེ་ལེན་བྱས། གྱོན་གོས་ནི་ནམ་རྒྱུན་དང་གཅིག་མཚུངས་ཡིན་ལ། ངོ་གདོང་དུ་སྐྱོ་ཉམས་ཅི་ཡང་མི་འདུག མོས་ཁོ་མོ་ཚོར་བཤད་རྒྱུར། མོའི་ཨ་ཕ་གྲོངས་མེད་ཟེར། ཆོས་ཚོགས་ཀྱི་ཆོས་འཆད་མཁན་འཚམས་འདྲིར་ཕེབས་ནའང་འདྲ། སྨན་པས་མོར་ཁ་ཏ་བྱེད་བཅུག་ནས་ཁོ་ཚོས་མྱུར་མོར་བེམ་པོ་དུར་འཇུག་བྱེད་འདོད་ནའང་འདྲ། བསྟུད་མར་ཉིན་གསུམ་ལ་མོ་འདི་ལྟར་རེད། ཏག་ཏག་ཁོ་ཚོས་ཁྲིམས་ལ་སྦྱར་རྒྱུ་དང་དྲག་ཤུགས་བཀོལ་རྩིས་བྱེད་དུས། མོ་རྩ་བ་ནས་ཕམ་སོང་བས། ཁོ་ཚོས་མྱུར་མོར་མོའི་ཕ་རྒན་དུར་སྦས་བྱས།
སྐབས་དེ་དུས་ང་ཚོས་ད་དུང་མོ་སྨྱོས་ཡོད་པ་བཤད་མེད། ང་ཚོས་མོས་འདི་ལྟར་བྱེད་དོན་ནི་རང་ཉིད་ལ་ཚོད་འཛིན་བྱེད་ཐབས་བྲལ་བར་རློམ། ང་ཚོས་ད་དུང་མོའི་ཕ་རྒན་གྱིས་གཞོན་ནུ་ཐམས་ཅད་ཕྱིར་བདས་པ་དྲན་བྱུང་ལ། ང་ཚོས་ཀྱང་མོ་ད་ལྟ་ཅི་ཡང་མེད་པ་ཤེས་པས། མི་རྣམས་ཀྱིས་ནམ་རྒྱུན་ལྟར་མོའི་ཡོད་ཚད་འཕྲོག་མཁན་དེར་ཤི་འཐམ་རོ་འཐམ་བྱེད་རྒྱུ་ལས་ཐབས་ཟད།
གསུམ།
ཡུན་རིང་ཞིག་ལ་མོ་ནད་ཀྱིས་བཟུང་། ཡང་བསྐྱར་མོ་དང་ཐུག་དུས། མོའི་མགོ་སྐྲ་ཐུང་ངུར་གཏུབ་འདུག་ལ། བལྟས་ཚོད་དུ་བུ་མོ་ཞིག་དང་མཚུངས་ཤིང་། ཆོས་ཁང་གི་ཚོན་ལྡན་ཤེལ་སྒའི་ངོས་ཀྱི་ལྷའི་ཕོ་ཉའི་སྐུ་བརྙན་དང་འདྲ་ས་ཅི་ཡང་མི་འདུག—ཡིད་སྐྱོ་བའི་ཉམས་ཅུང་ཟད་ཤར་འདུག སྲིད་འཛིན་དབང་འཛིན་ལས་ཁུངས་ཀྱིས་གན་རྒྱ་བཞག་ཚར་འདུག འགྲོ་ལམ་ནི་འདིང་དགོས་པས། མོའི་ཕ་རྒན་འདས་རྗེས་ཀྱི་ལོ་དེའི་དབྱར་ཁར་ལས་མགོ་ཚུགས། ཨར་ལས་ཀུང་ཟིས་མི་ནག་དང་དྲེལ་སྐོར་གཅིག འཕྲུལ་འཁོར་བཅས་ཁྲིད་ནས་བསླེབས་བྱུང་། ལས་དཔོན་ནི་བྱང་ཕྱོགས་པ་ཞིག་ཡིན་ཞིང་། མིང་ལ་ཧུ་མཱོ་•པཱ་ལུང་ཟེར། གཟུགས་རིང་ཞིང་སྟོབས་ཆེ། ཤ་མདོག་ནག་ཅིང་སྤྱང་གྲུང་ལྡན། འཇོན་ཐང་ཆེ་ཞིང་སྐད་མགོ་མཐོ། མིག་གཉིས་ངོ་མདོག་ལས་སྐྱ། བྱིས་པ་ཁྱུ་རེ་རེ་ཁོའི་རྗེས་སུ་དེད་ནས། ཁོས་རྣར་གཟན་པའི་སྐད་ཆས་མི་ནག་ལ་ཁ་རྡུང་གཏོང་བར་ཉན། ཡིན་ཡང་མི་ནག་གིས་འཇོར་གྱི་འཕར་ཆག་གི་དབྱངས་འགྲོས་དང་བསྟུན་ནས་ལས་གཞས་གཏོང་། དུས་ཡུན་ཅང་མ་འགོར་བར། གྲོང་བརྡལ་ཡོངས་ཀྱི་མིས་ཁོ་རང་ངོ་ཤེས་སོང་། མི་རྣམས་ཀྱིས་ག་དུས་ཤིག་ལ་ཐང་ཆེན་གྱི་གནས་གང་རུང་ཞིག་ནས་ཧབ་ཆ་རྒྱག་པ་ཐོས་དུས། ཧུ་མཱོ•པཱ་ལུང་ཏན་ཏན་མི་ཚོགས་ཀྱི་དཀྱིལ་དུ་ཡོད། ཡུན་རིང་མ་འགོར་བར། གཟའ་ཉི་མའི་ཕྱི་དྲོར་བསླེབས་དུས། ང་ཚོས་ཁོ་སྲས་མོ་ཨེ་མི་ལི་དང་མཉམ་དུ་སྟབས་བདེའི་ཤིང་རྟ་འཁོར་ལོར་བསྡད་ནས་ཡུལ་སྐོར་དུ་ཕྱིན་པ་མཐོང་བྱུང་། རྟ་ཁང་ནས་གདམས་ཡོང་བའི་རྟ་ཁམ་ནག་ལ་འཁོར་ལོ་སེར་པོའི་ཤིང་རྟ་བསྒར་ཚེ་ཤིན་ཏུ་འཚམ།
དང་ཐོག་ང་ཚོ་ཚང་མས་དགའ་སྤྲོའི་ངང་སྲས་མོ་ཨེ་མི་ལི་ལ་གང་ལྟར་ཡང་སེམས་ཀྱི་རྟེན་ས་ཆུང་ཆུང་ཞིག་ཡོད་པར་མཐོང་། རྒྱུ་མཚན་ནི་བུད་མེད་རྣམས་ཀྱིས་བཤད་རྒྱུར། “ཀི་ལིས་ཨར་ཚང་གི་མིས་བྱང་ཕྱོགས་པ་ཞིག་བློར་གཏན་ནས་འབབ་མི་སྲིད་དེ། ད་དུང་ཉིན་གླ་ལེན་པའི་མི་ཞིག”ཟེར། ཡིན་ཡང་མི་གཞན་འགའ་སྟེ། ལོ་ན་བགྲེས་པའི་མི་འགས་སེམས་སྡུག་ཀྱང་མཆོག་གྱུར་གྱི་བུད་མེད་དངོས་མ་ཞིག་ལ“མི་ཆེན་གྱི་སྤྱོད་པ”བརྗེད་དུ་འཇུག་མི་སྲིད་ཅེས་ཟེར། གང་ལྟར་ཁ་ནས་དེ་ལ“མི་ཆེན་གྱི་སྤྱོད་པ”མི་ཟེར་རུང་། ཁོ་ཚོས“ཡ་ང་བའི་ཨེ་མི་ལི། མོའི་གཉེན་ཚན་མོའི་འཁྲིས་སུ་བཅར་ན་འོས”ཞེས་ཟེར། མོའི་གཉེན་ཚན་ཡཱ་ལ་པཱ་མཱ་རུ་ཡོད། འོན་ཀྱང་ལོ་མང་པོ་ཞིག་གི་ཡར་སྔོན། མོའི་ཕ་རྒན་གྱིས་རྒན་མོ་སྨྱོན་མ་ཝེ་ཡཱ་ཐི་ཡི་རྒྱུ་ནོར་བདག་དབང་གི་རྐྱེན་གྱིས་ཁོ་ཚོ་དང་འཁོན་པས། རྗེས་སུ་ཁྱིམ་ཚང་གཉིས་འགྲོ་འོང་མེད་པར་གྱུར་ལ། ཁོ་ཚོས་འདས་མཆོད་དུའང་མི་མངགས་མེད།
བགྲེས་སོང་རྣམས་ཀྱིས “ཡ་ང་བའི་ཨེ་མི་ལི།”ཞེས་བཤད་མ་ཐག ཕན་ཚུན་ལ་ཤབ་ཤུབ་བཤད་མགོ་ཚུགས། ཁོ་ཚོས་ཕན་ཚུན་ལ“ཁྱོད་ཀྱིས་དངོས་གནས་དེ་ལྟར་ཡིན་པར་འདོད་དམ།”“ལོས་འདོད། ད་དུང་དོན་དག་གཞན་ཅི་ཞིག་ཡིན་ནམ།……”ཡིན་ཡང་སྐད་ཆ་འདི་ནི་ཁོ་ཚོས་ལག་པས་ཁ་བཀབ་ནས་ཁ་རོག་གེར་བཤད་པ་ཡིན་ལ། ལྡེམ་མྱུར་ཅན་གྱི་རྟ་དེ་ཐག་ཐག་དང་བཅས་ཕར་བསྐྱོད་དུས། གཟའ་ཉི་མའི་ཕྱི་དྲོའི་ཉི་འོད་འགོག་བྱེད་ཀྱི་ཁྲ་ཡོལ་སྒེའུ་ཁུང་བརྒྱབ་བྱུང་ལ། ད་དུང་དར་གོས་ལས་བྱུང་བའི་ཟ་ཟིར་གྱི་སྒྲ་སྟེ། “ཡ་ང་བའི་ཨེ་མི་ལི”ཞེས་པ་ཐོས་ཐུབ།
མོས་མགོ་བོར་མཐོན་པོར་བཀྱགས—ཐ་ན་ང་ཚོས་མོ་ངན་རུལ་གྱི་དབང་དུ་ལྷུང་ཟིན་པ་ཡིད་ཆེས་བརྟན་པོ་ཡོད་དུས་ཀྱང་འདི་ལྟར་རེད། མོས་ག་དུས་ལས་ཀྱང་མི་རྣམས་ཀྱིས་མོ་ཀི་ལིས་ཨེ་ཧྲིན་ཁྱིམ་རྒྱུད་ཀྱི་དུས་མཇུག་གི་མིའི་ལ་རྒྱ་ལྡན་པར་ཁས་ལེན་པར་རེ་བ་བྱེད་པ་འདྲ་ལ། མོའི་ལ་རྒྱར་དགོས་པ་ནི་འཇིག་ རྟེན་པའི་འབྲེལ་བས་སླར་ཡང་མོའི་ཤུགས་རྐྱེན་ཅི་ཡང་ཐེབས་མི་ཐུབ་པའི་གཤིས་ཀ་དེ་ཁས་ལེན་བྱེད་དགོས་པ་འདྲ། དཔེར་ན། མོས་ཐེངས་དེར་ཙིག་སྨན་དང་ངར་དུག་ཉོས་པ་ལྟ་བུ། དེ་ནི་མི་རྣམས་ཀྱིས“ཡ་ང་བའི་ཨེ་མི་ལི”ཞེས་བཤད་མགོ་ཚུགས་ནས་ལོ་གཅིག་ལྷག་འགོར་རྗེས་ཡིན་ལ། མོའི་ཕ་སྤུན་གཅེན་མོ་དང་གཅུང་མོ་གཉིས་ཀ་ཡང་དུས་དེར་མོར་བལྟ་རུ་བསླེབས་བྱུང་། མོས་སྨན་སྡེབ་མཁན་ལ་བཤད་རྒྱུར། “ངས་དུག་སྨན་ཅུང་ཙམ་ཉོ་དགོས།”ཟེར། དུས་དེར་མོ་ལོ་སུམ་ཅུར་བུད་ཟིན་ཡང་། སྔར་བཞིན་དཔུང་པ་ཆུང་ཞིང་སྐེད་པ་ཕྲ་བའི་བུད་མེད་ཅིག་ཡིན། སྔོན་ཆད་དང་བསྡུར་ན་དེ་བས་སྐམ་རིད་དུ་གྱུར་ཞིང་། མིག་ཟུང་ནག་པོ་དེ་གཉིས་ལ་གཏུམ་ཞིང་ཁེངས་དྲེགས་ཀྱི་ཉམས་ལྡན། ངོ་གདོང་གི་ཤ་ནི་གཞོགས་གཉིས་ཀྱི་མུར་གོང་དང་མིག་ཀོང་གི་མཚམས་སུ་དམ་པོར་བསྒྲིམས་འདུག ངོ་གདོང་གི་རྣམ་འགྱུར་དེ་ནི་ངའི་དྲན་པའི་ཀློང་གི་སྒྲོན་སྟེགས་ལྟ་སྲུང་པར་ཡོད་པའི་རྣམ་འགྱུར་དེ་ཡིན་ལ། མོས“ངས་དུག་སྨན་ཅུང་ཙམ་ཉོ་དགོས་”ཟེར། “ངས་ཤེས་སོང་། སྲས་མོ་ཨེ་མི་ལི། རིགས་གང་ཞིག་ཉོའམ། ཙི་གུ་གསོད་བྱེད་ཀྱི་དེ་རིགས་ཡིན་ནམ། དེ་ན་ངས་……”
“ངར་དུག”སྲས་མོ་ཨེ་མི་ལི་ཡིས་བཤད་རྒྱུར། “ངར་དུག་གིས་གོ་ཆོད་དམ།”“ངར་དུག་……རེད་དམ། ཤེས་སོང་། སྲས་མོ་ལགས། ཡིན་ཡང་ཁྱོད་ལ་དགོས་པ་ནི……”“ང་ལ་དགོས་པ་ནི་ངར་དུག་ཡིན།”
སྨན་སྡེབ་མཁན་གྱིས་མར་སྒུར་ནས་མོར་བལྟ་ཙམ་བྱས་པ་ན། མོས་ཀྱང་ཁོར་ཕར་བལྟ་ཙམ་བྱས། གཟུགས་པོ་དྲང་མོར་ལངས་ཤིང་། ངོ་གདོང་ནི་དམ་པོར་བརྐྱངས་བའི་དར་ཆ་ཞིག་དང་འདྲ། “འོ་འོ། ལོས་ཡོད།”སྨན་སྡེབ་མཁན་གྱིས་བཤད་རྒྱུར། “གལ་ཏེ་ཁྱོད་ལ་དགོས་པ་ནི་དུག་སྨན་འདི་རིགས་ཡིན་ཚེ། བཅའ་ཁྲིམས་གཏན་འབེབས་ལྟར་ན་ཁྱོད་ཀྱིས་དེའི་བཀོལ་སྤྱོད་བྱེད་ཡུལ་གསལ་བཤད་བྱེད་དགོས།” སྲས་མོ་ཨེ་མི་ལི་ཡིས་ཁོ་ལ་ཕུར་ཚུགས་སུ་བལྟས་ནས་བསྡད། མིག་ཟུང་ཐད་ཀར་ཁོའི་མིག་ལ་དྲང་མོར་ཅེར་ཆེད། མགོ་བོ་ལྟག་པར་དགྱེ་ཙམ་བྱས་ཏེ། ཁོས་མིག་མདའ་གཞན་དུ་བསྒྱུར་རག་བར་ཅེར་བས། ཁོ་ནང་དུ་སོང་ནས་ངར་དུག་བླངས་ཏེ་ཡག་པོར་བཏུམ། མི་ནག་ཚོང་ཟོག་སྐྱེལ་མཁན་གྱིས་སྨན་དེ་ཁྱེར་འོངས་ནས་མོར་སྤྲད། ཡིན་ནའང་སྨན་སྡེབ་མཁན་གྱི་ངོ་གདོང་ཡང་བསྐྱར་མཐོང་མ་བྱུང་། མོ་ཁྱིམ་དུ་ལོག་ནས་སྨན་ཐུམ་གྱི་ཁ་ཕྱེས། སྒམ་ཆུང་གི་ངོས་སུ་ཀེང་རུས་ཀྱི་རྟགས་བཀོད་པའི་གཤམ་དུ“ཙི་གུའི་དུག་སྨན”ཞེས་པའི་གསལ་བཤད་ཅིག་འདུག
བཞི།
དེ་ནས། ཕྱི་ཉིན་ང་ཚོ་ཚང་མས“མོ་རང་སྲོག་གཅོད་རྩིས་འདུག”ཅེས་བཤད། ང་ཚོ་ཚང་མས་ཀྱང་དོན་འདི་འདྲ་མེད་ན་ལེགས་པར་བཤད། ང་ཚོས་ཐེངས་དང་པོར་མོ་དང་ཧུ་མཱོ•པཱོ་ལུང་མཉམ་དུ་ཡོད་པ་མཐོང་དུས། ཚང་མས“མོ་ཁོ་དང་གཉེན་བསྒྲིགས་ངེས”ཞེས་བཤད། རྗེས་སུ་སླར་ཡང“མོས་ད་དུང་ཁོ་ལ་གོ་བསྐོན་བློ་འགུག་བྱེད་དགོས”ཞེས་བཤད། རྒྱུ་མཚན་ནི་ཧུ་མཱོ་རང་ཉིད་ཀྱིས་ཁོ་རང་སྐྱེས་པ་དང་འབྲེལ་འདྲིས་བྱེད་རྒྱུར་དགའ་བར་བཤད་སོང་ལ། ཁོ་རང་གཞོན་ནུ་རྣམས་དང་ལྷན་དུ་ཤྭ་བ་རྔ་རིང་སྤྲོ་སྐྱིད་ཁང་ནས་ཆང་བཏུངས་བ་ཚང་མས་ཤེས། ཁོ་རང་ཉིད་ཀྱིས་ཁོ་ནི་གཉེན་བསྒྲིགས་འདོད་མེད་པའི་མི་ཞིག་ཡིན་ཞེས་བཤད་མྱོང་། རྗེས་སུ་གཟའ་ཉི་མའི་ཕྱི་དྲོར་ཁོ་ཚོ་མཉམ་དུ་ཡིད་དུ་འོངས་བའི་སྟབས་བདེའི་ཤིང་རྟ་འཁོར་ལོར་བསྡད་ནས་ཕྱིན་ཐེངས་རེར། སྲས་མོ་ཨེ་མི་ལིས་མགོ་བོ་དགྱེ་ཞིང་། ཧུ་མཱོས་ཞྭ་མོ་གསེག་གྱོན་བྱས་པ་དང་། ཁ་རུ་ཐ་མག་ཞའོ་ཅཱ་བཙུགས་ཤིང་། ལག་འབོབ་སེར་པོ་གྱོན་པའི་ལག་ཟུང་གིས་སྲབ་མདའ་དང་རྟ་ལྕགས་བཟུང་འདུག ང་ཚོས་ཁྲ་ཡོལ་སྒེའུ་ཁུང་གི་རྒྱབ་ལོགས་ནས་དབང་མེད་དུ“ཡ་ང་བའི་ཨེ་མི་ལི”ཞེས་ཐེངས་ཤིག་བརྗོད་སྲིད། རྗེས་སུ་བུད་མེད་འགས། འདི་ནི་གྲོང་བརྡལ་ཡོངས་ཀྱི་ངོ་ཚ་དང་། ལོ་གཞོན་རྣམས་ཀྱི་མིག་དཔེ་ངན་པ་ཡིན་པར་བཤད་མགོ་ཚུགས། ཕོ་ཁྱོ་ག་རྣམས་ཀྱིས་ཐེ་གཏོགས་བྱེད་མི་འདོད། ཡིན་ཡང་བུད་མེད་ཚོས་གུས་སྦངས་ཆོས་ཚོགས་ཀྱི་ཆོས་འཆད་མཁན་བཙན་ཤེད་ཀྱིས—སྲས་མོ་ཨེ་མི་ལིའི་ཁྱིམ་མི་ཡོངས་ནི་ལྷ་སྡེ་ཆོས་ཚོགས་ཀྱི་ཁོངས་མི་ཡིན—མོར་འཚམས་འདྲི་བྱེད་དུ་མངགས། འཚམས་འདྲིའི་བརྒྱུད་རིམ་ཁོས་ཕྱི་རུ་གཏན་ནས་བསྒྲགས་མ་མྱོང་མོད། དེ་ནས་བཟུང་ཁོ་རང་ཡང་བསྐྱར་འགྲོ་འདོད་ཁྱོན་ནས་མི་འདུག གཟའ་ཉི་མ་རྗེས་མ་དེར་ཁོ་ཚོ་ཡང་ཤིང་རྟ་འཁོར་ལོར་བསྡད་ནས་སྲང་ལམ་དུ་མངོན་བྱུང་བས། དེའི་ཕྱི་ཉིན་ལ་ཆོས་འཆད་མཁན་གྱི་ལྕམ་མོས་ཡཱ་ལ་པཱ་མ་ན་ཡོད་པའི་ཨེ་མི་ལིའི་གཉེན་ཚན་ལ་འཕྲིན་ཡིག་བསྐུར་ནས་ཤེས་སུ་བཅུག
མ་གཞིར་མོ་ཚང་ལ་ད་དུང་གཉེན་ཚན་འདུག དེ་མུར་ང་ཚོས་དོན་དག་གི་འཕེལ་ཕྱོགས་ལ་སྒུག་ནས་བསྡད། དང་ཐོག་གྲག་འགུལ་མེད་མོད། རྗེས་སུ་ང་ཚོར་གནས་ཚུལ་ངོ་མ་འབྱོར་བ་ལྟར་ན། ཁོ་ཚོ་མི་འགྱངས་བར་གཉེན་བསྒྲིགས་རྒྱུ་རེད་ཟེར། ང་ཚོའི་གོ་ཐོས་སུ་སྲས་མོ་ཨེ་མི་ལི་རྒྱན་ཆ་ཚོང་ཁང་དུའང་ཕྱིན་ལ། སྐྱེས་པའི་དངུལ་གྱི་འཁྲུད་ཆས་ཆ་ཚང་ཞིག་མངགས་ཉོ་བྱས་ལ། རེ་རེའི་སྟེང“ཧུ•པཱོ”ཞེས་པའི་ཡིག་འབྲུ་བརྐོས་འདུག ཉིན་གཉིས་ཀྱི་རྗེས་སུ་གཞན་གྱིས་ང་ཚོར་མོས་ཉལ་གོས་འདུས་པའི་སྐྱེས་པའི་ལྭ་བ་ཆ་ཚང་ཞིག་ཉོས་པར་བཤད། དེ་བས་ང་ཚོས“ཁོ་ཚོ་གཉེན་བསྒྲིགས་ཟིན”ཅེས་བཤད་པ་ཡིན། ང་ཚོ་དངོས་གནས་དགའ་སྤྲོ་ཆེན་པོ་སྐྱེས། ང་ཚོ་དགའ་དོན་ནི་ཕ་སྤུན་གཅེན་མོ་དང་གཅུང་མོ་གཉིས་ཀ་སྲས་མོ་ཨེ་མི་ལི་དང་བསྡུར་ན། ཀི་ལིས་ཨར་ཧྲིན་ཁྱིམ་རྒྱུད་ཀྱི་གཟི་ཉམས་འདུག
དེར་བརྟེན་ཧུ་མཱོ•པཱོ་ལུང་གྲོང་འདི་དང་འབྲལ—སྲང་ལམ་གྱི་ལམ་ཁ་འདིང་བའི་ལས་གཞི་ལེགས་འགྲུབ་བྱུང་ནས་དུས་ཡུན་ངེས་ཅན་ཞིག་འགོར་རྗེས—དུས། ང་ཚོ་མཚར་སྣང་ཅུང་ཙམ་ཡང་སྐྱེས་མེད། ཞལ་གྱེས་ཞུ་བའི་འཁྲུག་ཆ་དོད་པོ་དེ་ཆད་ཡོད་རྐྱེན། ང་ཚོར་ཡིད་ཆད་པའི་སྣང་བ་མེད་པ་མིན། ཡིན་ནའང་ང་ཚོ་ཚང་མས་ཁོ་རང་ཐེངས་འདིར་བྲལ་དོན་ནི་སྲས་མོ་ཨེ་མི་ལི་བསུ་ཆེད་གྲ་སྒྲིག་ཞིག་བྱེད་དུ་སོང་བར་ཡིད་ཆེས་བྱས་ལ། ཡང་ན་མོར་ཕ་སྤུན་གཅེན་མོ་དང་གཅུང་མོ་གཉིས་ཀ་སྐྱེལ་བར་གོ་སྐབས་ཅིག་སྤྲོད་ཆེད(དུས་འདིར་གསང་བའི་ཚོགས་ཆུང་ཞིག་གྲུབ་ཟིན་ལ། ང་ཚོ་ཚང་མ་སྲས་མོ་ཨེ་མི་ལིའི་ཕྱོགས་སུ་ལངས་ནས། མོར་རོགས་བྱས་ནས་ཕ་སྤུན་གཅེན་གཅུང་འདི་གཉིས་ཀ་ཕར་བསྐྲད། )ཡིན་པ་གདོན་མི་ཟ་སྟེ། གཟའ་འཁོར་གཅིག་གི་རྗེས་སུ་ཁོ་མོ་ཚོ་བུད་སོང་། ད་རུང་། ང་ཚོས་རྟག་པར་རེ་བ་བྱེད་པ་དེ་བཞིན། ཧུ་མཱོ་•པཱོ་ལུང་སླར་ཡང་གྲོང་བརྡལ་དུ་ལོག་བྱུང་། མི་ནག་དེས་ཉིན་ཞིག་གི་ས་སྲོས་སུ་ཐབ་ཚང་གི་སྒོ་ཕྱེ་ནས་ཁོ་རང་ནང་དུ་བཏང་བ་ཁྱིམ་མཚེས་ཤིག་གིས་དངོས་སུ་མཐོང་།
འདི་ནི་ང་ཚོས་ཧུ་མཱོ•པཱོ་ལུང་མཐོང་བའི་མཇུག་མཐའི་ཐེངས་ཤིག་ཡིན། འོ་ན་སྲས་མོ་ཨེ་མི་ལི། ང་ཚོས་བར་སྐབས་ཤིག་ལ་མོ་མ་མཐོང་། མི་ནག་གིས་སློ་མ་ཁྱེར་ནས་ཡར་འཛུལ་མར་ཐོན་བྱེད། ཡིན་ཡང་མདུན་སྒོ་རྟག་པར་བརྒྱབ་འདུག མི་རྣམས་ཀྱིས་རྡོ་ཐལ་གཏོར་བའི་མཚན་མོ་དེར་མཐོང་མྱོང་བ་ནང་བཞིན། སྐབས་འགར་མོའི་གྲིབ་གཟུགས་སྒེའུ་ཁུང་ཁ་ནས་གཡོ་ཙམ་བྱེད་པ་མཐོང་ཐུབ། འོན་ཀྱང་ཟླ་ཧྲིལ་བོ་དྲུག་གི་དུས་ཚོད་ལ། མོ་སྲང་ལམ་དུ་མངོན་མ་བྱུང་། ང་ཚོས་ཀྱང་འདི་ནི་བློ་ཡུལ་ལས་འདས་པ་ཞིག་མིན་པ་ཤེས་ཡོད། མོའི་ཕ་རྒན་གྱི་གཤིས་ཀས་མོ་བུད་མེད་ཞིག་ཡིན་པའི་ཆ་ནས་ཚེ་གང་བར་ཆད་གང་མང་བཏང་ཞིང་། གཤིས་ཀ་འདི་ཉིད་ཧ་ཅང་གདུག་རྩུབ་ཆེ་ལ་གཏུམ་པོ་ཡིན་པ་མ་ཟད། ད་དུང་གཡུགས་འདོད་མེད་པ་འདྲ།
ང་ཚོས་ཡང་བསྐྱར་སྲས་མོ་ཨེ་མི་ལི་དང་ཐུག་དུས། མོ་རྒྱགས་པ་ཆགས་འདུག་ལ། སྐྲ་ཡང་སྐྱ་བོར་གྱུར་འདུག རྗེས་ཀྱི་ལོ་འགའི་ནང་། མགོ་སྐྲ་ནི་ཇེ་སྐྱ་ནས་ཇེ་སྐྱ་རེད། གཡེར་མ་ཞིབ་ཞིབ་དང་འདྲ་བའི་ལྕགས་སྐྱའི་མདོག་ཏུ་གྱུར་རྗེས། ཁ་མདོག་འགྱུར་རྒྱུ་མེད་པར་གྱུར། ལོ་ན་བདུན་ཅུ་དོན་བཞིའི་སྟེང་ཤི་རག་བར་དུ། མོས་སྐྱེས་སྟོབས་འབར་བའི་ལྕགས་སྐྱའི་མདོག་དེ་རྒྱུན་འཛིན་བྱས་ལ། སྐྱེས་པ་འཁྲུག་པོ་ཞིག་གི་མགོ་སྐྲ་དང་མཚུངས།
དུས་དེ་ནས་བཟུང་། མོ་ལོ་ན་བཞི་ཅུ་ཙམ་ཡིན་དུས་ཀྱི་ལོ་དྲུག་བདུན་གྱི་དུས་ཚོད་ཕུད། མོའི་མདུན་སྒོ་ནམ་ཡང་དམ་པོར་བརྒྱབ་འདུག དུས་སྐབས་དེར། མོས་རྫ་ཆས་ལ་ཚོན་རིས་འབྲི་བའི་སློབ་ཁྲིད་བྱས། འོག་གི་ཁང་པ་ཞིག་ཏུ། མོས་གནས་སྐབས་སུ་རི་མོ་ཁང་ཞིག་བཀོད་བསྒྲིགས་བྱས། ཧྲ་ཏོ་ལི་སི་ཧྲང་ཞའོ་དང་དུས་མཉམ་པའི་མི་ཚང་མས་རང་གི་བུ་མོ་དང་ཚ་མོ་མོའི་སར་སྐྱེལ་ནས་རི་མོ་འབྲི་རྒྱུ་སློབ་ཏུ་བཅུག དེ་ལྟར་དུས་ལ་འཛུར་བ་མེད་ཅིང་། དེ་ལྟར་གཟབ་ནན་ཡིན་ལ་གྲུང་ཤ་དོད། གཟའ་ཉི་མའི་ཉིན་ཁོ་མོ་ཚོ་ཆོས་ཁང་དུ་ཟུར་གཉིས་སྐར་ལྔའི་དངུལ་ཊམ་ཞལ་འདེབས་འབུལ་སྣོད་དུ་འཇོག་པར་སྐྱེལ་བའི་དད་སེམས་དེ་དང་གཉིས་སུ་མ་མཆིས། དུས་སྐབས་འདིར། ཁོ་མོ་ཚོའི་ཞལ་འདེབས་ཀྱི་ཁྲལ་མེད་པར་བཟོས་ཟིན།
རྗེས་སུ། རབས་གསར་བ་དེ་གྲོང་བརྡལ་ཡོངས་ཀྱི་རྐང་འཛིན་དང་སྙིང་སྟོབས་སུ་གྱུར། རི་མོ་སྦྱངས་བའི་སློབ་མ་རྣམས་ཀྱང་ནར་སོན་ནས། རེ་རེ་བཞིན་ཁ་བྲལ། ཁོ་མོ་ཚོས་རང་གི་བུ་མོར་ཚོས་སྒམ་དང་ཞེན་པ་ལོག་པའི་པིར་སྨྱུག བུད་མེད་དུས་དེབ་སྟེང་ནས་དྲས་པའི་བརྙན་ཤོག་སོགས་ཁྱེར་ནས་སྲས་མོ་ཨེ་མི་ལིའི་སར་རི་མོ་སློབ་ཏུ་མངགས་མེད། མཇུག་མཐའི་སློབ་མ་དེ་བྲལ་རྗེས། མདུན་སྒོ་བརྒྱབ་བྱུང་ལ། དུས་གཏན་དུ་བརྒྱབ་སོང་། གྲོང་བརྡལ་ཡོངས་སུ་སྦྲག་གླ་མི་དགོས་པའི་ལམ་ལུགས་ལག་ཏུ་བསྟར་རྗེས། སྲས་མོ་ཨེ་མི་ལི་གཅིག་པུས་མོའི་སྒོ་ཁར་ལྕགས་ཀྱི་སྒོ་རྟགས་འགེལ་བ་དང་། ཟུར་དུ་ཡིག་སྒམ་འཛུགས་པར་དང་ལེན་མ་བྱས། མོས་གང་ལྟར་ཡང་ཁོ་ཚོར་ཁ་ཡ་མ་བྱས།
ཉིན་རེ་ནས་ཉིན་རེར། ཟླ་རེ་ནས་ཟླ་རེར། ལོ་རེ་ནས་ལོ་རེར། ང་ཚོས་བལྟས་བལྟས་རིག་རིག་ལ་མི་ནག་དེའི་མགོ་སྐྲ་དཀར་པོར་གྱུར་ལ། སྐེད་པ་སྒུར་ཡང་སྔར་བཞིན་སློ་མ་ཁྱེར་ནས་ཡར་འཛུལ་མར་ཐོན་བྱེད། ལོ་རེའི་ཟླ་བཅུ་གཉིས་པར་ང་ཚོས་མོར་ཁྲལ་བསྡུའི་བརྡ་ཐོ་ཞིག་སྤྲིངས་ཀྱང་། གཟའ་འཁོར་གཅིག་གི་རྗེས་སུ་སྦྲག་སྲིད་ཅུས་ཀྱིས་ཕྱིར་སློག་ཡོང་ནས། ལེན་མཁན་མི་འདུག་ཟེར།
མཚམས་ལ་རེར་ང་ཚོས་ཐོག་ཁང་འོག་གི་སྒེའུ་ཁུང་ཞིག་ལས—མོས་ཐོག་ཁང་བཀག་སྡོམ་བྱས་པ་མངོན་གསལ་རེད།—མོའི་གཟུགས་བརྙན་མཐོང་ཐུབ། མཆོད་ཁྲིའི་སྟེང་གི་སྐུ་རྟེན་ཞིག་གི་འཇིམ་སྐུའི་ལུས་གཞུང་དང་མཚུངས་ལ། མོས་ང་ཚོར་བལྟས་ཡོད་མེད་ང་ཚོས་བཤད་དཀའ། མོས་འདི་ལྟར་ང་ཚོ་མི་རབས་ནས་ལོ་རབས་ཕར་སྐྱེལ—བླ་ན་མེད་པ་དང་ལྷིང་འཇགས། གཡོལ་ཐབས་བྲལ་བ། བཅར་ཐབས་མེད་པ། གཡུང་ཡང་གཤིས་ཀ་ངན།
མོ་འདི་ལྟར་འཇིག་རྟེན་དང་གཏན་གྱེས་བྱས་སོང་། གང་སར་ཐལ་རྡུལ་གྱིས་བཀང་ཞིང་། གདོན་འདྲེའི་གྲིབ་ནག་ཡོད་པའི་ཁང་པའི་ནང་ནད་ཀྱིས་བཏབ། མོ་གཉོར་སྐྱོང་བྱེད་མཁན་ནི་རྒས་ཤིང་འཁོགས་པའི་མི་ནག་ཅིག་རེད། ཐ་ན་ང་ཚོས་མོར་ནད་ཕོག་པའང་མ་ཤེས་ལ། མི་ནག་གི་སར་ནས་ཀྱང་གསར་འགྱུར་ཅི་ཡང་རྩད་གཅོད་བྱེད་འདོད་མི་འདུག ཁོས་སུ་ལའང་ཁ་ཡ་མི་བྱེད། ཕལ་ཆེར་མོར་ཡང་དེ་ལྟར་ཡིན་སྲིད། ཁོས་དུས་ཡུན་རིང་པོར་མིད་པ་བེད་མ་སྤྱད་པས་སྐད་འགག་འདུག
མོ་འོག་གི་ཁང་པ་ཞིག་ཏུ་ཤི་སོང་། ལྗིད་རྫོབ་ཆེ་བའི་སྟར་ཀའི་ཤིང་ཁྲིའི་སྟེང་ད་དུང་ཡོལ་བ་བཀལ་འདུག ལྕགས་སྐྱའི་མདོག་གི་སྐྲས་ཁེངས་བའི་མགོ་བོ་བསྙེས་པའི་སྔས་འབོལ་ནི། ལོ་མང་ལ་བེད་མ་སྤྱད་ཅིང་ཉི་འོད་མ་ཕོག་པས། སེར་པོ་གྱུར་ནས་རུལ་འདུག
ལྔ།
མི་ནག་གིས་མདུན་སྒོ་ནས་བུད་མེད་སྐོར་དང་པོ་དེ་སྣེ་ལེན་བྱས། ཁོ་མོ་ཚོ་ནང་དུ་བསུས་རྗེས། ཁོ་མོ་ཚོའི་སྐད་མགོ་དམའ་ཞིང་། སིར་སིར་གྱི་སྒྲ་གཏོང་བཞིན་ཡ་མཚར་བའི་མིག་མདངས་ཀྱིས་མྱུར་མོར་ཡོད་ཚད་ལ་མིག་ཉུལ་བྱེད། མི་ནག་དེ་མ་ཐག་མི་མཐོང་བར་གྱུར། ཁོ་ཁང་པ་བརྒྱུད་ནས་ལྟག་སྒོ་ནས་ཐོན་ཞིང་། དུས་དེ་ནས་བཟུང་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པར་གྱུར། ཕ་སྤུན་གཅེན་གཅུང་གཉིས་ཀའང་འཕྲལ་མ་ཉིད་དུ་བསླེབས་བྱུང་། ཁོ་ཚོས་ཉིན་གཉིས་པར་འདས་མཆོད་སྒྲུབ། གྲོང་བརྡལ་ཡོངས་ཀྱི་མི་རྣམས་མེ་ཏོག་གིས་བཏུམ་པའི་སྲས་མོ་ཨེ་མི་ལིའི་བེམ་པོར་ལྟ་རུ་བསླེབས་བྱུང་། རོ་སྒྲོམ་གྱི་ཀླད་དུ་མོའི་ཕ་རྒན་གྱི་སོལ་རྩའི་བྲིས་རིས་བཀལ་འདུག་ཅིང་། གདོང་ལ་མནོ་བསམ་གཏིང་ཟབ་གཏོང་བའི་རྣམ་འགྱུར་གྱིས་ཁེངས་འདུག བུད་མེད་རྣམས་ཀྱིས་ཅ་ལེ་ཅོ་ལེའི་ངང་འཆི་བ་གླེང་བཞིན་འདུག སྐྱེས་པ་རྒན་པ་རྣམས་ནི—ལ་ལས་ལྷོ་ཕྱོགས་མནའ་མཐུན་དམག་དཔུང་གི་ལས་གོས་གྱོན་འདུག—བར་ཁྱམས་དང་སྤང་ཁ་རུ་གཅིག་རྗེས་གཉིས་མཐུད་ཀྱིས་སྲས་མོ་ཨེ་མི་ལིའི་ཚེ་གཅིག་གླེང་བཞིན་འདུག ཧ་ལམ་མོ་ནི་ཁོ་ཚོ་དང་དུས་རབས་གཅིག་གི་མི་ཡིན་པ་འདྲ་ལ། མ་ཟད་མོ་དང་ཞབས་བྲོ་འཁྲབས་མྱོང་ལ། ཐ་ན་མོར་འདོད་བརྩེའི་རེ་བའང་བཏོན་མྱོང་བར་རློམ། གྲངས་རིག་སྟར་གྲངས་མདུན་དུ་སྐུལ་འདེད་བྱེད་པའི་དུས་ཚོད་དཀྲུག་སོང་། འདི་ནི་རྟག་པར་རྒན་འཁོགས་རྣམས་ལ་ཡོད་པའི་གནས་ཚུལ་ཞིག་ཡིན། ཁོ་ཚོའི་སྣང་ངོར། འདས་ཟིན་པའི་ལོ་ཟླ་ནི་ཇེ་དོག་ནས་ཇེ་དོག་ཡིན་པའི་ལམ་བུ་ཞིག་མིན་ཅིང་། དེ་ལས་ལྡོག་སྟེ་ཡངས་ཤིང་རྒྱ་ཆེ་ཕྱིན་དགུན་གྱིས་ཀྱང་ཤུགས་རྐྱེན་ཐེབས་མི་ཐུབ་པའི་རྩྭ་ཐང་ཆེན་མོ་ཞིག་ཡིན། ཡིན་ཡང་ཉེ་བའི་ལོ་བཅུའི་ནང་དོག་མོ་དམ་བུའི་ཁ་ལྟར་གྱུར་ནས། ཁོ་ཚོ་དང་འདས་པའི་དུས་གཉིས་འབྲེལ་ཐག་བཅད་པ་རེད།
ང་ཚོས་ཤེས་ཟིན། ཐོག་ཁང་དུ་ཁང་པ་ཞིག་ཡོད་པ་དེ། ལོ་ངོ་བཞི་བཅུའི་རིང་མི་གཅིག་གིས་ཀྱང་མཐོང་མྱོང་མེད་པས། ནང་དུ་འགྲོ་ན་ངེས་པར་དུ་སྒོ་གཅོག་དགོས། ཁོ་ཚོས་སྲས་མོ་ཨེ་མེ་ལི་པུར་འཇུག་བྱས་རྗེས། ད་གཟོད་སྒོ་ཕྱེ་བར་ཐབས་བཀོད་འཐེན།
སྒོ་ཐོལ་གྱིས་ཕྱེས་པས། ཁང་པའི་ནང་ཡོམ་སྟེ་ཐལ་རྡུལ་འཁྲིགས་བྱུང་། ཁང་པ་གསར་པ་ལྟར་བཀོད་སྒྲིག་བྱས་ཡོད་པའི་ཁང་པ་འདིར། ག་ས་གང་དུ་དུར་ཁང་དང་འདྲ་བའི་རབ་རིབ་དང་ཡ་ང་བའི་རྣམ་པས་སྒྲིབ་འདུག ཚོས་ཡལ་བའི་རྒྱ་སེའི་མདོག་གི་དྲ་ཡོལ། རྒྱ་སེའི་མདོག་གི་སྒྲོན་ཁེབས་དང་མཛེས་འཆོས་སྤྲས་སྟེགས། བཟོ་བཀོད་ཞིབ་ཚགས་ཅན་གྱི་ཆུ་ཤེལ་ཐོན་རྫས་དང་ཞབས་དངུལ་དཀར་གྱིས་བཟོས་པའི་སྐྱེས་པའི་འཁྲུད་ཆས། ཡིན་ཡང་དངུལ་དཀར་ལ་འོད་མདངས་ཅི་ཡང་མི་འདུག་ཅིང་། རུས་མིང་བརྐོས་པའི་ཡིག་འབྲུའི་རི་མོའང་དབྱེ་འབྱེད་མི་ཐུབ། དངོས་པོའི་ཐོག་ན་གོང་བ་མཁྲེགས་པོ་ཅན་གྱི་ཚི་ལེན་དང་གོང་དཀྲིས་ཡོད་ལ། ད་སོ་མ་ལུས་སྟེང་ནས་ཕུད་པ་དང་མཚུངས། དེ་ཚོ་ལག་ཏུ་ལེན་དུས། སྟེགས་བུའི་སྟེང་སྤུངས་པའི་ཐལ་རྡུལ་ཁྲོད་ཟླ་ཟོར་གྱི་ཤུལ་རབ་རིབ་ཅིག་ཕབ་འདུག རྐུབ་སྟེགས་སྟེང་ལྭ་བ་ཆ་ཚང་ཞིག་བཞག་ཅིང་། ཡག་པོར་བལྟེབས་ཟིན། རྐུབ་སྟེགས་ཀྱི་འོག་ཏུ་ཁུ་སིམ་མེར་ཁེར་རྐྱང་དུ་གནས་པའི་ལྷམ་ཆ་གཅིག་དང་དགོས་མེད་དུ་གཡུག་པའི་རྐང་འབོབ་ཆ་གཅིག་འདུག
སྐྱེས་པ་དེ་མལ་ཁྲིའི་སྟེང་ཉལ་འདུག
ང་ཚོ་དེ་རུ་ལངས་ནས་ཡུན་རིང་འགོར། ཤ་མེད་པའི་ངོ་གདོང་གི་དཔོག་དཀའ་བའི་མཆེ་གཙིགས་ཀྱི་རྣམ་པ་དེར་ཐུར་ལྟ་བྱས། བེམ་པོ་དེ་གནས་དེར་ཉལ་ནས། འཐམ་ཤུལ་ཞིག་མངོན་འདུག་ལ། དེ་ཉིད་འདོད་བརྩེ་ལས་རྒྱུན་རིང་པོར་བསྲིངས་ཐུབ། འདོད་བརྩེའི་མནར་གཅོད་ལས་རྣམ་པར་རྒྱལ་བའི་དུས་གཏན་གྱི་གཉིད་དེས་ཁོ་རང་བཏུལ་ཟིན། ཁོས་ཤུལ་དུ་བསྐྱུར་བའི་ཤ་ཁྲག་གི་ལུས་ཕུང་མལ་གོས་གོག་ཧྲུལ་དེའི་འོག་རུལ་ནས། ཁོ་རང་ཉལ་སའི་ཤིང་གི་མལ་ཁྲིར་འབྱར་ཏེ། སོ་སོར་དགར་ཐབས་མི་འདུག ཁོའི་ལུས་སྟེང་དང་ཁོའི་འགྲམ་གྱི་སྔས་འབོལ་སྟེང་། ལོ་ཐོག་ཟླ་བརྩེགས་པའི་ཐལ་རྡུལ་རིམ་པ་ཞིག་སྙོམས་པོར་ཁེབས་འདུག
རྗེས་སུ་ང་ཚོས་སྔས་འབོལ་དེའི་སྟེང་མིས་མར་མནན་པའི་རྗེས་ཤུལ་ཡོད་པ་མཐོང་བྱུང་། ང་ཚོའི་ཁྲོད་ཀྱི་མི་ཞིག་གིས་དེའི་སྟེང་ནས་དངོས་པོ་ཞིག་བླངས། ཚང་མས་ཉེ་སར་གཏུགས་ནས་བལྟས་ཙ་ན—སྐམ་ལ་དྲི་ངན་བྲོ་བའི་དྲི་མ་རབ་རིབ་ཅིག་སྣ་ཁུང་དུ་འཛུལ་བྱུང་།—མ་གཞི་དེ་ནི་ལྕགས་སྐྱའི་མདོག་གི་སྐྲ་རྐང་རིང་པོ་ཞིག་རེད།
སྒྲུང་གཏམ་འདི་དབྱང་ཁེ་ཧྲིན་གྱིས་བསྒྱུར་བའི་རྒྱ་ཡིག་གི་མ་ཡིག་ལས་བསྒྱུར།
འབྲེལ་ཡོད་འོས་སྦྱོར།