རྣམ་ཤེས་རྒད་པོ།
རྩོམ་པ་པོ།:འཇམ་དབྱངས་ཚེ་རིང་གིས་བརྩམས། སྙ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-07-22
ཀློག་གྲངས།:
ཁྱོད་ཀྱིས་རབ་ཡིན་ན་ད་ལྟ་ཉིད་ནས་ང་ལ་ཇ་དཀར་ཡོལ་གང་དྲོངས་དང་། མ་འཇལ་ཡུན་རིང་འགོར། ང་ལ་འདི་ལྟར་མ་བྱས་ན་མི་ཆོག་གམ། ལོ་མང་པོའི་ཡར་སྔོན་དུ། ང་རང་ད་དུང་དཀར་ངོགས་སུ་ཡོད་དུས། ཁྱོད་ཀྱིས་ང་རང་ཉིན་བཞིན་ཁྱོད་ཀྱི་རྗེས་སུ་འབྲངས་བཅུག་ནས། ཨ་ཁུ་ཨ་ཁུ་ཞེས་འབོད་མཚམས་མི་འཇོག་པ་མིན་ནམ། ཡིན་ཡང་ད་ལྟ་ངེད་གཉིས་འཇིག་རྟེན་གཉིས་སུ་ཡོད་དུས། ཁྱོད་རང་ང་ལ་ཞེན་ཆགས་ཉུང་། ཐ་ན་ང་གྲོངས་དུས་ཀྱང་མིག་ཆུ་མ་ཤོར། དངོས་གནས་ངས་ཁྱོད་ལ་བཅངས་པའི་འདང་བརྩེ་ཟབ་མོ་དེ་རྡོག་རོལ་ཏུ་བཏང་སོང་། དེ་དུས། ཁྱོད་ད་དུང་བུ་མོ་ཆུང་ཆུང་ཞིག་ཡིན། སྟོང་དཔོན་གྱི་སྲས་མོའི་ཐོབ་ཐང་དེ་གཟི་བརྗིད་ཆེ་བ་སྨོས་མ་དགོས། དེའི་སྟེང་ཁྱོད་ཀྱི་མགོའི་འོད་གུར་མང་དྲགས་ཕྱིན། ཁྱོད་ནི་ཁེངས་དྲེགས་ཀྱིས་རང་ཚུགས་བརྗེད་བཅུག་འདུག རྒད་པོ་བསོད་ནམས་དར་ཚེ་ང་སྔོན་ཆད་ཁྱོད་ཚང་གི་གཡོག་པོ་ཡིན་ནའང་། ཁྱོད་ལ་ཐུག་འདོད་རུང་ཐུག་མི་ཐུབ། ང་རང་གཤིན་རྗེའི་ཐགས་པས་བཟུང་གྲབས་ཡོད་པའི་ཉིན་འགའི་སྔོན། ཁྱོད་ཚང་གི་གཡོག་པོས་ཐེངས་འགར་བཀག་བྱུང་། མཁར་ཆེན་ཁྱིམ་རྒྱུད་ཀྱི་མཚན་སྙན་དེ། ཁོ་ཚོའི་བསམ་པར་ཝ་མོ་སྟག་བརྫུས་བྱས་ཆོག་སྙམ་ཡོད། ཁོ་ཚོས་བཤད་རྒྱུར། “ངེད་ཚང་གི་སྲས་མོར་ཐུག་འདོད། ཁྱོད་ཀྱིས་རང་ཉིད་ཀྱི་ཚུགས་ཀར་ཅིག་ལྟོས་དང་། སྤོ་ཏོ་མར་རྒྱུགས་ཤིག དེ་མིན་ངས་ལག་གི་རྣོ་གྲིས་ཁྱོད་ཀྱི་ཨམ་ཅོག་གཅོད། ཤ་བཟའ་བའི་ལྕགས་མདའ་ཁྱོད་ཀྱི་སྙིང་ལ་འཕེན”ཟེར། ཁོ་ཚོའི་ཁ་ངོ་གཏུམ་པོ་དེར་བལྟ་བཞིན། ང་རང་གོམ་གང་རེའི་མཚམས་ནས་ཕྱིར་ཐེངས་གསུམ་འཁོར་གྱིན་ཁ་མི་འབྲལ་ཐབས་མེད་བྱུང་།
དོན་དམ་པར། ཉིན་དེར་ངས་ཁྱོད་འཚོལ་བ་ལ་རྒྱུ་མཚན་ཡོད་དེ། ང་ནི་ཁྱོད་ལ་མཇུག་མཐའི་ཐེངས་ཤིག་བལྟ་རུ་འོངས་བ་ཡིན། འོན་ཀྱང་ད་ལྟའང་ཐུག་ཐུབ་སོང་བ་མ་ཡིན་ནམ།
འཕྱི་པོ་འདི་འདྲར། ཁྱོད་ལ་བསུན་པོ་བཟོ་རུ་ཡོང་། དེ་ནི་དབུགས་ཀྱི་རྒྱུ་བ་ཆད་ཟིན་པའི་མི་ཞིག་གི་ཆ་ནས་བཤད་ན་མི་འོས་པ་ཞིག་རེད།
ཡིན་ཡང་ང་རང་གྲོངས་རྐྱེན་ཤིན་ཏུ་ཡ་ང་། ཁྱོད་ཀྱིས་ལྟོས་དང་། ཁྱོད་ཀྱིས་ང་ལ་དྲངས་བའི་ཇ་ཅུང་འཁྱགས་འདུག ངས་འཐུང་དུས། ཇ་ཁུ་ངའི་མིད་པ་དང་ལུས་ཀྱི་ཁུང་བུ་དག་ལས་ཕྱིར་བཞུར་བྱུང་། སྐྲག་མི་དགོས། ཁྱོད་ཀྱི་འདར་སིག་སིག་གི་རྣམ་པ་དེ་རྒད་པོ་གཡོག་པོ་ངས་མཐོང་དུས་སེམས་པ་ཇེ་འཁྱགས་ནས་ཇེ་འཁྱགས་རེད། མ་གཞིར། ངའི་ལུས་པོ་འཁྱགས་ཟིན་པས། ཁྱོད་ཀྱིས་ཤོད་དང་ངས་ཇི་ལྟར་བྱས་ན་ལེགས། ཁྱོད་མར་སྡོད་དང་། འདི་ལྟར་བྱས་ན་ཅུང་ལེགས། སྔོན་ཆད། ང་རང་ཁྱོད་ཀྱི་སྐུ་བཅར་ཡིན། ཁྱོད་ཀྱི་ཨ་ཕས་ང་རང་ཁྱོད་ལ་སྐྱེས་སུ་ཕུལ་ནས། “མི་འདིར་མིང་མེད། ཁོ་ནི་སྤྱང་ཀི་ཡིན། ཁྱོད་ཀྱིས་མཛུབ་མོ་གང་དུ་བསྟན་ན། ཁོ་གནས་དེར་བརྒྱུགས་ངེས”ཟེར། དོན་དམ་དུ། ང་ལ་རང་མིང་ཡོད་དེ། བསོད་ནམས་དར་ཚེ་ཟེར། ཤི་བོ་ཞིག་གིས་རང་མིང་འབོད་དུས། དངོས་གནས་སྐྱོན་སྤུ་ཙམ་ཡང་ཡོད་མི་སྲིད་མོད། ཁྱོད་ཚོ་གསོན་པོ་རྣམས་ཀྱིས་འདི་ལྟར་མ་བོས་ཚེ། ཤི་བོར་ཕན་པ་ཡོད། ཁྱོད་ཀྱིས་ད་དུང་དྲན་སོས་སམ། དེ་དུས། ང་རང་ནམ་རྒྱུན་ཁྱོད་ཀྱི་རྒྱབ་ཏུ་ལངས་ནས། ཁྱོད་ཀྱི་རྩེད་ཆས་བཟུང་ཡོད། ཁྱོད་ཀྱིས་ང་ལ་བཟུང་བཅུག་པའི་དངོས་པོ་ཡོད་ཚད་ལག་ཏུ་བཟུང་ཡོད། དུས་སྐབས་མང་པོར། ཁྱོད་ཀྱིས་རྟག་པར་ང་ལ་ཨ་ཁུ་ཞེས་འབོད། ཡིན་ཡང་ཁྱོད་ཀྱིས་ཨ་ཕས་ཁྱོད་ལ་འདི་ལྟར་འབོད་དུ་མི་འཇུག ཁོས“ག་རེའི་ཨ་ཁུ། ཁོ་ནི་གཡོག་པོ་རེད། ཁྱོད་ཀྱིས་ཁོར་སྤྱང་ཀི་ཞེས་བོས་པས་འཐུས”ཟེར། སྤྱང་ཀི ཇི་འདྲའི་མིང་ཡག་པོ་ཞིག ཁྱོད་ཀྱིས་མི་མང་གི་མདུན་ནས་ང་ལ། “སྤྱང་ཀི ཁྱོད་སོང་ནས་ནོར་དེ་སར་སྒྱེལ་དང”ཟེར། དེ་དུས། ངའི་སྟོབས་ཤུགས་ཇི་འདྲའི་ཆེ་ཨང་། ངས་ཕུ་ཐུང་ཕུད་ནས། དཔུང་རྗེན་དུ། ལག་མཐིལ་ལ་མཆིལ་མ་ཞིག་བཏབ་རྗེས། ནོར་གྱི་སྐེར་འབྱར་ནས་རྭ་ཅོ་བཟུང་སྟེ། སྒྱེལ། ཤུགས་གིས་སྒྱེལ། ནོར་ནི་ལྟིག་སྒྲ་དང་བཅས་སར་འགྱེལ། ཁྱོད་ཀྱིས་ཐལ་མོ་རྡེབ་བཞིན་ཧབ་ཆ་བརྒྱབ། ངའི་སྲས་མོ་ཆུང་ཆུང་། ཁྱོད་རང་འདར་སིག་མ་རྒྱག་དང་། ང་ལ་ད་དུང་ཇ་ཕོར་བ་གང་ལྡུག་རོགས། ང་རང་ཁ་སྐོམ། ང་རང་དངོས་གནས་ཁ་སྐོམ། མི་ཡུལ་དང་བྲལ་རྗེས་ནས་བཟུང་། ང་རང་ཉིན་རྒྱུན་ཁ་སྐོམ་ནས་བཟོད་དཀའ། འགྱོད་པ་དང་ཞེ་སྡང་གིས་ང་རང་ཡར་འཕུར་མར་འཕུར་བྱེད་དུ་བཅུག འཇིག་རྟེན་འདིར། ང་ལ་ཉེ་འབྲེལ་མེད། སྙིང་ཉེ་ཤོས་ནི་ཁྱོད་གཅིག་པུ་ཡིན། འོན་ཀྱང་ཁྱོད་ནི་སྟོང་དཔོན་གྱི་སྲས་མོ་ཡིན། ང་ནི་གཡོག་པོ་ཡིན། འཇིག་རྟེན་དཀར་ངོགས་སུ་ཡོད་དུས་ནི་འདི་ལྟར་ཡིན། ཚེ་འཕོས་རྗེས། ཁྱོད་ཀྱིས་ཤོད་དང་ད་དུང་འདི་ལྟར་ཡིན་ནམ། ད་ཁྱོད་རང་འདར་སིག་མ་རྒྱག་དང་། ངས་ཁྱོད་ལ་གནོད་སྐྱེལ་མི་སྲིད། ཐོག་མཐའ་བར་གསུམ་དུ། ངས་ཁྱོད་སྲུང་སྐྱོབ་བྱེད་བཞིན་ཡོད། ཁྱོད་ཀྱི་ཨ་ཕས། ང་རང་ཁྱོད་ལ་ཕུལ་བ་ནི་རྒྱུ་མཚན་ཡོད་པ་ཞིག་ཡིན་ཏེ། ཁོས་ངའི་ཤེད་ཤུགས་ཆེ་བ་ཤེས་ཡོད། མི་འདི་ལྟ་བུ་ཁྱོད་ཀྱི་འཁྲིས་སུ་ཡོད་ཚེ། ཁོས་བློ་བདེ་མོར་རང་དོན་བསྒྲུབ་ཆོག
ངའི་སྲས་མོ་ཆུང་ཆུང་། ང་རང་ཁ་སྐོམ། ཁྱོད་ཀྱིས་ད་དུང་ང་ལ་ཇ་མི་ལྡུག་པ་ཅི་ཡིན། ཤི་བོ་རང་ཉིད་ཀྱིས་ལྡུག་དགོས་པ་ཡིན་ནམ།
ལུས་མ་འདར་དང་། ཇ་ཕོར་བའི་ཕྱི་རུ་མ་འཕོ།
ངས་མིག་གཉིས་ཀྱིས་ཁྱོད་བལྟས་ཡོད་ཀྱང་། མིག་གཅིག་གི་རྒྱལ་མོ་གས་ཟིན། རྡུང་རྡེག་དེ་འཁེལ་བ་བཙོག ངས་སྐར་མ་མང་པོ་མཐོང་བྱུང་། དེར་མཐུད་ནས་རས་དམར་པོ་ཞིག་ངའི་མིག་མདུན་ནས་ཕར་དྲུད་སོང་། མ་གཞིར་ཡང་། ངས་རང་ཉིད་ནམ་ཡང་ཁྱོད་ཀྱི་རྗེས་འབྲངས་ཏེ། ཁྱོད་ནར་སོན་པ་དང་། གཞན་གྱི་ཆུང་མར་འགྱུར་བ། བྱིས་པ་སྐྱེས་པ་སོགས་ལ་མིག་གིས་འཚོས་ཏེ། ཁྱོད་ཀྱི་བྱིས་པ་དེའང་ངས་སྲུང་སྐྱོབ་བྱས་ཆོག་བསམ་ཡོད། འོན་ཀྱང་། འདུས་བྱས་ཐམས་ཅད་མི་རྟག་པ་རེད། ཁྱོད་ཀྱི་ཨ་ཕས་ང་རང་སྲིན་པོ་རོང་གི་སྟོང་དཔོན་ཞིག་ལ་ཕུལ། ངའི་སྲས་མོ་ཆུང་ཆུང་། ངས་ཁྱོད་ཀྱིས་ཐེངས་དང་པོར་སྐད་ཆེན་པོས་མིན་ཟེར་བ་ཐོས། ཁྱོད་ཀྱི་ཨ་ཕས་མི་མང་གི་མདུན་ནས་ཁྱོད་ལ་འགྲམ་ལྕག་ཅིག་གཞུས། ཁྱོད་ཀྱིས་ཁ་ལན་སློག་རྐྱེན་ཁོས་རྡོག་རྒྱག་གཞུས་ནས་སྒྲོག་ཙེ་སྒྱེལ་ཏེ། ཇ་དེམ་གྱིས་གཡོག་མོ་ཞིག་གི་ལག་པ་ཡང་འཚིག ཁྱོད་ཀྱིས་ཁོར་ངོ་སོ་ཅུང་ཙམ་ཡང་མ་སྤྲད། ཡིན་ཡང་ང་ནི་ཁོར་མཚོན་ནས་བཤད་ན་སྤྱང་ཀི་ཞིག་ལས་མ་འདས། བདག་པོས་ང་གང་དུ་སོང་ཟེར་ན་ང་རང་གནས་དེར་འགྲོ་དགོས། ལོ་དེ་དག་ལ། ངས་ཁྱོད་ངོ་མ་དྲན། ཁྱོད་ཀྱིས་ཤོད་དང་། གྲོངས་ཟིན་པའི་མི་ཞིག་གིས་ད་དུང་རྫུན་བཤད་དམ། དུས་འདིར་བསླེབས་དུས། གལ་སྲིད་ངས་ད་དུང་རྫུན་བཤད་ན། ང་ནི་མི་གསོན་པོ་ཞིག་ཡིན། ཁྱོད་ཀྱིས་ཨ་ཕས་དོན་སྒྲུབ་དུས་རྗེས་འདང་མི་རྒྱག་པས། ངའི་མི་ཚེའི་ལམ་ཁ་གློ་བུར་དུ་དཀྱོགས་ནས་ཐུར་དུ་བུད་སོང་། དོན་དམ་དུ། ང་ཚོས་འདི་ནི་ཁོ་ཚོས་སྔ་མོ་ནས་གྲོས་བསྡུར་བྱས་ཟིན་པ་ཞིག་ཡིན་པ་ཤེས་ན་འགྲིག སྟོང་དཔོན་དང་སྟོང་དཔོན་བར་གྱི་ཉོ་ཚོང་སྟེ། ནོར་སྒྱེལ་ཐུབ་པའི་སྤྱང་ཀི་ཞིག ཡང་སྙིང་ཅི་ཡང་མ་རེད། ཧིན། ད་དེ་དག་ལ་བསམ་བློ་མི་གཏོང་། ངའི་སྲས་མོ་ཆུང་ཆུང་། ངས་ཁྱོད་འདི་ལྟར་བོས་ན་ངའི་སེམས་པ་སྐྱིད། ཡིན་ཡང་ཁྱོད་ཀྱིས་ཤི་བོའི་འཛུམ་མདངས་མཐོང་ཐུབ་བྲལ། ངས་ཁྱོད་ཀྱིས་བླུགས་པའི་ཇ་འཐུང་བཞིན། ཕྱིར་བཞུར་བའི་ཇས་ཁྱོད་ཀྱི་ས་སྟེང་བརླན་སོང་། འདི་ནི་ལས་ཡིན་པས། དངོས་གནས་ལྡོག་ཐབས་བྲལ།
སྟོང་དཔོན་གཞན་དེ། མི་ཐ་ཤལ་ཡ་མེད་ཅིག་རེད། ང་རང་ཁོའི་མངའ་ཁོངས་སུ་འགྲོ་དུས། རྟ་ཞོན་ན་ཉིན་གཉིས་ལ་འགྲོ་དགོས། ཡིན་ཡང་། ཁོ་ཚོ་རྟ་ཐོག་ན་ཡོད། ང་གཅིག་པུ་རྐང་ཐང་དུ་འགྲོ་རུ་བཅུག བཞོན་མཁན་མེད་པའི་དྲེལ་ཡོད་ཀྱང་ང་ལ་ཞོན་ཏུ་མི་འཇུག དེ་ལས་ལྡོག་སྟེ་ང་ལ་ལག་ལྕགས་སྦོམ་པོས་ལག་སྒྲོག་བརྒྱབ། རྩིད་ཐག་སྲ་མོ་ལག་སྒྲོག་གི་དཀྱིལ་དུ་བཅིངས་བ་དང་། སྣེ་གཅིག་རྟ་སྒའི་འོག་ཏུ་བཏགས། ཁོ་ཚོས་ངའི་ཤ་ཟ་བྱེད་ཀྱི་གློ་གྲི་རྫ་ཆུར་གཡུགས་སོང་། ཉ་ལ་ལྟོ་སྟེར་བ་ཡིན་ནམ། ཉ་ཡིས་ཀྱང་མི་བཟའ། མི་དེ་དག་རྟ་ཐོག་ནས་ཚུར་འཁོར་ཏེ་ལྷུག་ལྷུག་དགོད།“རྡུང་རེས་བརྒྱབ་ན་ངར་བ་མིན་ནམ། ང་ཚོའི་གནས་དེར་བསླེབས་རྗེས། ཉམས་སད་མ་ཐེག་ན། ཁྱོད་རང་འཆི་དགོས་པ་ཐག་གིས་ཆོད།”“ རེད་ཡ། ཁོའི་ཆེད་དུ། ང་ཚོའི་བདག་པོས་ངོ་སྲུང་གི་བུ་ལོན་ཆད་ཡོད། སྔ་ཕྱི་མ་གཏོགས་ཕྱིར་སྐྱིན་དགོས།” ཁོ་ཚོས་ཁྱོད་ཀྱིས་ཚིག་གཅིག་དང་། ངས་ཚིག་གཅིག་བཤད། སྟོང་དཔོན་དེ་ཁོ་ནས་ངོ་གནག་ནས་ཚིག་གཅིག་ཀྱང་མི་བཤད། ང་ཚོ། ཐང་ཤིན་ཏུ་ཆད་ནས་དམིགས་སར་བསླེབས། དེ་ནི་སྟོང་དཔོན་གྱི་མངའ་ཁོངས་རེད། འོན་ཀྱང་ང་རང་ནམ་ཡང་གཡོག་པོ་ཡིན། དུས་འདིར་ང་རང་དེ་བས་ཀྱང་སྤྱང་ཀི་ངོ་མ་ཞིག་ཏུ་འགྱུར་འདོད། ངས་མཆེ་བ་གཙིགས་ནས། ཞུམ་པ་མེད་པར་མདུན་དུ་མཆོང་སྟེ། ཁོ་ཚོའི་ཨོལ་སྦུག་བྲེག་རྗེས། བྲོས་ནས་ཁྱོད་ཀྱི་གམ་དུ་ཡོང་འདོད། ཡིན་ཡང་ཉམས་སད་ལེན་པའི་དུས་སུ་བསླེབས་བྱུང་། ཁོ་ཚོས་ང་རང་སྡོང་བོ་ཞིག་ལ་བཏགས། ང་རང་ལྟོགས་ཤིང་ཐང་ཆད། ཉི་མ་སྦྲུལ་ཤར་གྱི་དུས་སུ་བསླེབས་དུས། མི་ཞིག་གིས་ལག་སྒྲོག་བསྡམས་བྱེད་ཀྱི་རྩིད་ཐག་བཀྲོལ་སོང་། ཉི་མས་ནམ་མཁའ་ནས་ཐད་ཀར་ངའི་མིག་ནང་འོད་འཕོས་བྱུང་། ང་རང་། འཁྱར་རེ་འཁྱོར་རེར། མི་སེམས་བཟང་ཞིག་གིས་ངའི་རྣ་ལམ་དུ། “གསོན་འདོད་ན་འགྱེལ་མི་རུང”ཞེས་སྐད་རྒྱག་པ་ཐོས། ངའི་གདོང་ཡོངས་རྔུལ་ཆུས་འཚོས་ཤིང་། ཁ་ཤ་སྐམ་ནས་གས། “བསོད་ནམས་དར་ཚེ། ཨ་ཁུ། སྤྱང་ཀི” ངའི་སྲས་མོ་ཆུང་ཆུང་། ངས་ཁྱོད་ཀྱིས་ངའི་རྣ་འགྲམ་དུ་དེ་ལྟར་འབོད་པ་ཐོས་བྱུང་། ཤ་ཤེད་ཅན་གྱི་ནོར་གཅིག་ཚུར་མཆོང་འོངས། ཁོས་ང་མཐོང་བ་ན། མགོ་སྒུར་ནས། རྭ་ཅོ་ངའི་སྙིང་ཁར་གཟས་ཏེ། རྡུང་ཐེངས་གཅིག་གིས་ངའི་བྲང་ཁོག་གཤགས་ཐུབ་ན་ཅི་མ་རུང་སྙམ་འདུག ང་ནི་ཁྱོད་ཀྱིས་ངའི་རྣ་འགྲམ་ནས་བོས་པའི་སྐད་དེས་དཀྲོགས་བྱུང་། ངས་མགོ་བོ་གཡུགས་ཙམ་བྱས་ནས། རྔུལ་ཆུ་གང་སར་གཏོར། ནོར་དེའི་རྒོལ་ཐབས་དང་པོར་དེར་ང་རང་གཡོལ་ཐུབ་སོང་། ཕངས་བ་ཞིག་ལ། དེར་རྒོལ་ཐབས་གཉིས་པ་མེད་པར་གྱུར། ངས་ནོར་གྱི་སྐེར་འཐམས་ནས། རྭ་ཅོར་འཇུས་རྗེས། དེ་ཉིད་ས་རུ་སྒྱེལ། འདིས་ག་ལ་ཆོག ངས་སྟོང་དཔོན་དེར་ལྟ་རུ་འཇུག་དགོས། ངས་ལག་སྒྲོག་གིས་ནོར་གྱི་མཆུ་ཏོ་བསྡམས་ནས་ཤུགས་ཀྱིས་འཐེན་པ་ན། ནོར་དེའི་སུག་བཞིས་འཕག་འཚག་བརྒྱབ་བྱུང་། ཡིན་ཡང་ངའི་ཤེད་ཤུགས་དེ་ལས་ཀྱང་ཡུན་རིང་བོར་བསྲིངས་ཐུབ་པས། དེས་གླགས་མ་ཁེལ་བར། མཐར་འགུལ་རྒྱུ་མེད་པར་གྱུར། འོ། ཉམས་སད་ཀྱི་ཡིག་ཚད་ལོན་སོང་། ལྟད་མོ་འདིར་ལྟ་བའི་མི་རྣམས་ཀྱིས་དགའ་འབོད་བྱས། ཁོ་ཚོས་པགས་པ་བཤུས་ནས། སླ་ང་ཆེན་པོ་ཞིག་ཏུ་ཚགས་ཤ་བཙོས། ངས་སྟོང་དཔོན་ཁང་ཀླད་དུ་ལངས་ནས་ང་ལ་བལྟ་བཞིན་པ་མཐོང་བྱུང་།
ངའི་སྲས་མོ་ཆུང་ཆུང་། ཁྱོད་ཀྱི་ཇ་ཧ་ཅང་ཚ་བོ་རེད། ང་རང་ཧ་ཅང་གྲང་བས། ཇ་ཚ་པོ་འདི་འདྲ་འཐུང་དུས། སེམས་པ་ཅུང་དྲོས་བྱུང་། ཤི་བོ་ཞིག ནམ་གུང་ཡོང་ནས། ཅལ་ལེ་ཅོལ་ལེར་རྫོགས་རྒྱུ་མེད་པ་ཞིག་བཤད་སོང་། ངའི་སྐད་ཆ་ད་དུང་མང་། ད་དུང་བརྗོད་བྱའི་སྟེང་བབས་མེད། ངས་བསམ་ན་ཁྱོད་ཀྱིས་ང་རང་སྒོ་ཕྱིར་བདའ་མི་སྲིད་སྙམ། འེ་ཡ། ཡང་ཁྱོད་འདར་བྱུང་། གལ་ཏེ་ཁྱོད་སྐྲག་ཚེ། ཁྱོད་ཀྱིས་ངའི་གས་ཟིན་པའི་མིག་འདིར་མ་བལྟ། ངའི་སྐད་ཆར་ཉན་ནའང་འཇིགས་སུ་རུང་བའི་ཚོར་བ་ཞིག་སྤྲོད་པ་ཡིན་ནམ། འོན་ཀྱང་ཁྱོད་ཀྱིས་རྣ་ཅོག་གི་ཁ་ཟུམ་མི་རུང་། ཉིན་དེར། ངས་ནོར་དེའི་ཤ་བཟས་པ་ཡིན། སོ་སྲུབས་སུ་ལུས་པའི་ཤ་ནི་དེས་མཇུག་མཐའི་འཁོན་ལན་དུ་བརྩིས་ཆོག ངའི་ལྟོགས་སྡུག་སེལ་སོང་། ཡིན་ཡང་ཤ་ཁུར་ཚྭ་མང་དྲག་པས། ངའི་ཁ་ཇེ་སྐོམ་ནས་ཇེ་སྐོམ་རེད། ངས་མགྲིན་པ་བསངས་ནས་སྐད་བརྒྱབ། “སུས་ང་ལ་ཇ་ཕོར་བ་གང་ལྡུད་དམ།” ཡིན་ཡང་། དེ་དུས། ང་ལ་ཇ་ཕོར་བ་གང་ལྡུད་མཁན་གཅིག་ཀྱང་མི་འདུག ངས་སླར་ཡང་ལྕགས་སླང་ལས་ཁུ་བ་ཕོར་བ་གང་བཅུས། ཉི་མས་སྤྱི་གཙུག་ན་སྲོག་མི་དགོས་པ་ལྟར་ཚ་བ་ཕྱིར་འབྱིན། ང་རང་མགོ་ཡོམ་འཁོར་ནས། དྲན་པ་འཐོར་སོང་། འེ། ད་ལྟ་ང་རང་ཤི་བོ་ཞིག་ཡིན་རུང་། ཉིན་དེའི་དོན་དག་གླེང་འོངས་ཚེ། སྔར་བཞིན་ངོ་གནོངས་ནས་ཅི་ཞིག་བྱེད་དགོས་པའང་མི་ཤེས། ང་རང་དྲན་པ་འཐོར་དོན་ཅི། ང་ལ་ལན་འདེབས་མཁན་མི་འདུག ཁོ་ཚོས་ང་རང་བཀོད་སྒྲིག་བྱས་པའི་ཁང་པ་དེའི་ནང་བསྐྱལ་ཏེ། ངའི་སྡུག་བསྔལ་གྱི་རྣམ་འགྱུར་ལ་བལྟ་བཞིན། ཡང་བསྐྱར་ལྷུག་ལྷུག་ཏུ་བགད་བྱུང་། “སྤྱང་ཀི མིག་ཕྱེས་དང་། ཁྱོད་ལ་མཚོན་ནས་བཤད་ན། སྡུག་བསྔལ་ནི་ད་ལྟ་གཞི་ནས་མགོ་བརྩམས་པ་ཡིན། ”
ཁོ་ཚོས་བཤད་པ་བདེན། ངས་ཟངས་སྐྱོགས་ནང་གི་ཆུ་སྒོག་སྒོག་ཏུ་འཐུང་བཞིན། ཁང་པའི་ནང་དུ་ཅ་ལག་ཆ་ཚང་སྒྲིག་ཡོད་པར་བལྟས། ངས་ཇ་ཚ་པོ་དེམ་གང་སྐོལ། སྲས་མོ་ཆུང་ཆུང་། ངས་བསྐོལ་བའི་ཇ་ནི་ཁྱོད་ཀྱིས་བསྐོལ་བ་ལས་ཀྱང་ཚ། ངས་ཇ་འཐུང་བཞིན། དོན་དག་གི་མགོ་སྔ་ཐམས་ཅད་ལ་བསམ་བློ་བཏང་། ང་རང་རྒྱུ་མེད་རྐྱེན་མེད་ངང་མངའ་ཁོངས་གསར་བ་ཞིག་ཏུ་ཁྲིད་བྱུང་། མ་རེད། སྟོང་དཔོན་དེས་ཁྱོད་ཀྱི་ཨ་ཕའི་ལག་ནས་ང་རང་སློང་འོངས་བ་ནི་ཁོར་ཏན་ཏན་དམིགས་ཡུལ་ཞིག་ཡོད་པ་ཡིན། ཉིན་དེ་དག་ནས་མཇུག་བར། ང་ལ་ཟ་རྒྱུ་འཐུང་རྒྱུ་ཡོད། ཟས་ཀྱི་རྒྱུ་ཆ་དུས་ལྟར་སྐྱེལ་ཡོང་བས། རང་ཉིད་ཀྱིས་ལག་འགུལ་ནས་བཟོས་པས་ཆོག ངས་ཉི་མ་ངའི་ཕྲག་མགོ་གཡོན་པ་ནས་ཤར་ཞིང་། ཕྲག་མགོ་གཡས་པ་ནས་ནུབ་པ་ཚོར་བྱུང་། བལྟས་ཡོང་ན། སྟོང་དཔོན་དེས་ཇི་སྲིད་བར་ང་རང་འདི་ལྟར་གསོ་འདོད་པ་འདྲ། ང་རང་པགས་གདན་བཏིང་བའི་མལ་ཁྲིའི་སྟེང་ཉལ། སྔས་འབོལ་ཏུ་རྩྭ་བརྫངས་འདུག ངས་རྩྭའི་དྲི་མ་སྣོམ་གྱིན། པགས་ཚགས་བཀབ་སྟེ། རྨི་ལམ་དུ་རྨིས་པ་ནི་རྟ་ར་མིན་པར་ཁྱོད་ཡིན། ཁྱོད་ཀྱིས་མགོ་རུ་མེ་ཏོག་གི་ཕྲེང་བ་གྱོན་འདུག ཁ་གཏད་ཀྱི་རི་ལས་འབྲོང་ཞིག་ཁྱོད་ཀྱི་ཕྱོགས་སུ་མཆོང་འོངས། ཁྱོད་ཀྱིས་སྤྱང་ཀི འབྲོང་དེ་ངའི་ཕྱོགས་སུ་མཆོངཡོང་གིན་འདུག་ཟེར། ཡིན་ཡང་ངའི་ལུས་པོ་འགུལ་རྒྱུ་མི་འདུག སྐབས་ཐོག་དེར། ང་རང་ཤིན་ཏུ་འཚབ་བྱུང་། འབྲོང་དེས་རྨིག་པ་ལ་བརྡབ་ནས་ལྟིག་སྒྲ་གྲག་ཏུ་བཅུག་སོང་། མི་ཞིག་གིས་སྒོ་རྡུང་བས། ང་རང་སད་བྱུང་། དུས་དེ་ནས་བཟུང་ལས་དབང་གིས་ང་རང་ལམ་ཁ་གཞན་ཞིག་ཏུ་ཁྲིད་བྱུང་། གཡོག་པོ་དེས། ང་རང་སྟོང་དཔོན་གྱི་སར་ཁྲིད། ངའི་སྙིང་གི་ལྡིང་ཚད་ནི་མི་དེའི་སྒོ་རྡུང་ཚད་དང་འདྲ། དེ་ནི་ང་རང་སྟོང་དཔོན་ལ་ཐུག་རྒྱུར་སྐྲག་པ་མིན་པར། རྨི་ལམ་ལྟས་ངན་དེས་སྐྲག་བཅུག་པས་ཡིན།
སྟོང་དཔོན་གྱིས་མགོ་ནས་མཇུག་བར་ང་ལ་རྒྱབ་གཏད་ནས་བསྡད་བྱུང་།
སྒེའུ་ཁུང་ཧ་ཅང་ཆུང་བའི་ཁང་པ་ནག་ཁུང་དེའི་ནང་། ཉིན་དཀར་ཡང་ལུག་ཚིལ་གྱི་སྣུམ་སྒྲོན་བཀར་དགོས།
ཡིན་ཡང་སྟོང་དཔོན་གྱིས་འདི་ལྟར་བྱས་མེད། མུན་ཇི་ལྟར་སྟུག་ན་ཁོས་དེ་ལྟར་བསམ་གཞིགས་བྱེད་ཐུབ་ཅིང་། རིག་པ་གསལ་པོའི་རྒྱུན་སྐྱོང་ཐུབ།
ཁོས་ཁང་པ་འདིར་བསམ་བློ་ཁང་དུ་འབོད། དྲན་ཚུལ་ཁྱད་མཚར་འཆང་བའི་མི་ཡིན་ཕྱིན། མང་ཆེ་བས་བློ་ཡུལ་ལས་འདས་པའི་དོན་སྒྲུབ་ཐུབ།
ངས་མགོ་སྒུར་བ་ན། སྐད་སྐམ་པོ་ཞིག་རྣ་ལམ་དུ་འཁོར་བ་ཐོས་བྱུང་། “མགོ་ཡར་ཁྱོགས་དང་། ”
ངས་མགོ་ཡར་བཀྱགས་ནས། དལ་བུར་ཁང་པའི་ནང་གི་མུན་པར་གོམས་སུ་བཅུག ཁོ་དེ་རུ་བསྡད་འདུག ངས་སྟོང་དཔོན་གྱི་མིག་གི་དཀར་ཆ་དང་། སྟོང་དཔོན་གྱི་སོ་དཀར་པོ་དེ་མཐོང་བྱུང་། སྟོང་དཔོན་ལ་ད་དུང་ང་ལ་བཤད་རྒྱུའི་སྐད་ཆ་འདུག ངས་རྣ་བ་བླགས་ནས་ཉན་ཏེ། ཧ་རི་ཧུ་རེ་ཅུང་ཙམ་ཡང་བྱེད་མ་ཕོད།
སྐད་སྐམ་པོ་དེ་ཐོས་བྱུང་། ཡང་བཤད་རྒྱུར། “སྤྱང་ཀི སྟོང་དཔོན་ངས་ཐབས་བརྒྱ་ཇུས་སྟོང་གིས་ཁྱོད་རང་འདིར་ཁྲིད་འོངས་དོན་ཅི་ཡིན་པ་ཁྱོད་ཀྱིས་ཤེས་སམ”ཟེར།
ངས་གུས་པ་དང་བཅས་ཡང་བསྐྱར་མགོ་སྒུར་ནས། “དངོས་གནས་མི་ཤེས”ཞེས་བཤད།
སྟོང་དཔོན་གྱིས“ཁྱོད་ཀྱིས་ངའི་ཆེད་དུ་མི་ཞིག་གསོད་དགོས”ཟེར།
ངའི་རྐྱེན་ངན་བར་ཆད་བསླེབས་བྱུང་། ངས་མིར་རྨས་མྱོང་། ཡིན་ཡང་གཏན་ནས་བསད་མྱོང་མེད། དེས་མ་ཚད་མི་ཞིག་གི་སྲོག་ལེན་རྒྱུ་ནི་དེ་འདྲ་སླ་མོ་ཞིག་ག་ལ་ཡིན། ངས་མགོ་བོ་ཡར་འགྱོགས་མི་ཕོད་དེ། ཁོས་ང་ལ་མྱུར་དུ་ཁས་ལེན་པར་སྐུལ་རྒྱུར་སྐྲག
སྟོང་དཔོན་གྱིས་ངའི་བསམ་ཚུལ་ཤེས་པ་ལྟར། ཁོས་ང་ལ་བསམ་བློ་གཏོང་བའི་དུས་ཚོད་སྤྲོད་ཀྱིན་པ་འདྲ། ཁོས་སླར་ཡང་བཤད་རྒྱུར། “ཕོ་ཉས་བརྡ་སྐྱེལ་བ་ལྟར་ན། ང་ཚོ་ཐུ་བྷོད་ཀྱི་དམག་དཔུང་དུ་བྲོས་དམག་ཅིག་འདུག་ཟེར་ལ། ཁོ་ནི་ང་ཚོ་སྲིན་པོ་རུའི་མི་རེད་འདུག སྔོན་ཆད་ཁྱོད་ཀྱིས་དམག་དཔུང་མཐོང་མྱོང་། རུ་ལྔའི་དམག་རྟ་ནི་རྟའི་ཁ་དོག་གིས་དབྱེ་བ་ཡིན། དམར་སེར་དཀར་ནག་སྔོ། གྲལ་འགྲིག་པོར། གཟི་རྔམ་ཆེ་ཞིང་བརྗིད་ཉམས་ལྡན། ཡིན་ཡང་། བྲོས་དམག་བུད་པས། སྟོང་དཔོན་ངའི་གདོང་པ་ཆུ་ལ་བསྐྱུར་སོང་། ཁྱོད་ཀྱིས་ཤོད་དང་། ཁོ་གསོད་དགོས་སམ”ཟེར།
ངས་མགོ་བོ་སྒུར་ནས་ཁ་གྲག་མ་ཕོད།
སྟོང་དཔོན་གྱིས་ཁེར་བཤད་རྒྱག་གིན་འདུག ང་རང་ཡོད་པ་ཡང་བརྗེད་སོང་བ་ལྟར།
“ གསོད་དགོས། བསད་ན་འགྲིག ཡིན་ཡང་རང་མཚང་གཞན་ལ་སྟོན་མི་རུང་བས། ལྐོག་ནས་སྒྲུབ་དགོས།”
ཁོས་གློ་བུར་དུ་ང་རང་དྲན་བྱུང་བ་ལྟར། “དེ་རིང་ནས་བཟུང་ཁྱོད་ནི་ངའི་‘ཁྲིམས་ཀྱི་ལག་པའི’ཁོངས་མི་གཅིག་ཡིན། ཁྱོད་ཀྱི་ལས་འགན་དང་པོ་ནི། ཁོ་གསོད་རྒྱུ་དེ་ཡིན”ཟེར།
ངས་འགན་འདི་དང་དུ་ལེན་དགོས་པ་ནི་སྨོས་མེད་ཡིན། གསོན་མི་འདོད་པ་མ་གཏོགས། ཕྱིར་ནུར་བྱེད་ས་ཞིག་མེད། ང་རང་ཁོའི་གཡོག་པོར་གྱུར་ན། ངའི་སྲོག་ཡང་ཁོའི་ཡིན། བསད་རུང་གཏུབ་རུང་ཁོའི་ལག་རེད། མཚན་མོར། ‘ཁྲིམས་ཀྱི་ལག་པའི’མགོ་བ་བསླེབས་བྱུང་། ཚང་མས་ཁོར་མགོ་བ་ཞེས་འབོད། ཁོས་ང་ལ་གྲི་ཞིག་ཁྱེར་འོངས་ནས། བྲོས་དམག་གི་འདུག་ས་དང་མིང་བཤད་བྱུང་། ཁོ་རང་ལོ་ན་ཤིན་ཏུ་གཞོན། ཁོས་ངས་བསྐོལ་བའི་ཇ་ཚ་བོ་དེ་འཐུང་རྒྱུར་མི་གོམས་ཟེར། ད་དུང་། མཚན་མོའི་སྐར་མར་ལྟ་རྒྱུར་མང་དྲག་ན་བསམ་ཚུལ་སྣ་མིན་སྐྱེས་སྲིད་ཟེར། ཁོས་རང་ཉིད་ལ་རེ་བ་ཆེན་པོ་སྟེར་འདོད་མི་འདུག རེ་བ་ཡོད་ན། མགོ་བོ་ཧ་ཅང་ལྗིད་མོར་གྱུར་འགྲོ་ལ། སེམས་སུ་སྐྱོ་བ་སྐྱེས་སྲིད། ཁོ་གླུ་ལེན་གར་རྩེད་བྱེད་པར་མི་དགའ། ཁོའི་དགའ་ས་ཉག་གཅིག་ནི་བོན་པོའི་སྐུ་གཤེན་གྱིས་གསུང་བའི་ཆོས་ཉན་རྒྱུ་དེ་ཡིན།
ཁོ་འགྲོ་ཁར་བཤད་རྒྱུར། “གལ་ཏེ་ཐེངས་འདིར་ཁྱོད་ཀྱིས་ལས་འགན་འགྲུབ་ནས་གསོན་པོར་ལོག་ཐུབ་ན། ཁྱོད་ཀྱིས་བོན་པོའི་སྐུ་གཤེན་མཇལ་ཐུབ”ཟེར།
ཕྱི་ཉིན། ངས་རྩམ་པ་ཕོར་བ་གཉིས་བཟས་ཤིང་། ཇ་རྒྱགས་ཚད་ཅིག་བཏུང་། ལམ་དུ། ང་རང་དྲེལ་པའི་གྲས་སུ་སོང་ནས་ལས་ཀ་ཙག་ཙིག་ལས་ཏེ། གླ་རྒྱུར་སྒུག་པའི་དོ་པོ་འཁུར་མཁན་དུ་བརྫུས། ར་སར་འགྲོ་བའི་རྒྱན་ཆའི་ཚོང་བ་ནི། མི་གྲངས་མེད་དང་འཕྲད་མྱོང་ཕྱིར། ངའི་ཚུགས་ཀ་འདི་མཐོང་མ་ཐག་ང་རང་ཁོའི་སྲུང་དམག་ཏུ་གླ་འདོད། ངས་དང་ལེན་བྱེད་ག་ལ་ཕོད། ཁོས་སྤྲད་པའི་གླ་ཆས་ངའི་ཡིད་སེམས་བཀུག་ཀྱང་། ངས་མགོ་བོ་གཡུགས་ནས་དང་ལེན་མ་བྱས། བསྟུད་མར་ཉིན་འགར། ངས་རང་ཉིད་ཀྱི་སེམས་སུ་ཞེ་འཁོན་གྱིས་ཁེངས་རྒྱུར་ཚོད་ལྟ་བྱས། ང་རང་སྐྲག་པ་ནི་སྐབས་ཐོག་དེར་སྙིང་རྗེ་སྐྱེས་ནས། གསོད་མི་ཐུབ་པ་དེ་ཡིན། འདི་ལྟར། ང་རང་ཉིན་བཞིར་སོང་། ཁོ་ཚོས་ང་ལ་བཞོན་རྟ་སྤྲད་མེད། ལས་འགན་འདི་ནི་ང་རང་ཉིད་ཀྱི་ལས་འགན་ཞིག་ཡིན་པ་ལས། ཁོ་ཚོ་དང་འབྲེལ་བ་མེད་པ་ལྟར། མགོ་བས་ངས་ཇི་ལྟར་སྒྲུབ་མིན་ལ་སེམས་ཁུར་གཏན་ནས་མི་བྱེད། རྩ་བའི་གནས་ཚུལ་ཕུད། ཁོས་འབྲེལ་མེད་ཀྱི་སྐད་ཆ་ལུང་པ་གང་བཤད་སོང་། གལ་ཏེ་འོས་འགན་དང་འབྲེལ་བ་ཅུང་འདུག་པའི་སྐད་ཆ་ནི་གང་ཡིན་ཟེར་ན། ཐོབ་ཐང་ལྷང་ལ་འབུད་དུ་འཇུག་མི་རུང་ཟེར་བ་དེ་རེད།……ངའི་སྲས་མོ་ཆུང་ཆུང་། ང་རང་གཞི་ནས་བསླེབས་སོང་། ངས་གནས་འདི་ནི་ཡིད་དུ་འོང་བའི་ས་ཆ་ཞིག་ཡིན་པ་མཐོང་། མཐའ་བཞིའི་རི་བོ་ནི་ལྕོག་ལྕོག་པུར་ཁྱིའི་མཆེ་བ་དང་མཚུངས། སྔོ་ཐིང་ཐིང་གི་ནས་ཞིང་གིས་རི་རྒྱུད་བསྐོར་འདུག རྣང་ཞིང་དུ་ངལ་གསོ་བའི་ཞིང་པས་སོ་ནམ་གྱི་གཞས་གཏོང་བཞིན་འདུག ཇི་འདྲའི་ལྷིང་འཇགས་ཀྱི་འཚོ་བའི་ལྗོངས་རྣམ་ཞིག་རེད་ཨང་། ཡིན་ཡང་། ང་རང་བསླེབས་པ་དེས་ལྷིང་འཇགས་ཀྱི་མཚེའུ་རུ་རྡོ་ཞིག་གཡུགས་པ་ཡིན་སྲིད་དམ། ཕོ་ཉས་སྤྲད་པའི་གསང་འཕྲིན་ལ་གཞིགས་ན། སྒོ་ཁར་སྡོང་བོ་གསུམ་ཡོད་པ་དང་། ཁང་མིག་བདུན་ཡོད་ཅིང་ས་དང་ཤིང་གིས་བཟོས་པའི་ཁང་རྙིང་ཡིན། སྒོ་ཕྱེ་བ་ན། སྒོས་དྲིལ་སྒྲ་སྒྲོག་ཐུབ། དྲིལ་བུའི་འགྲམ་དུ་གནོད་པ་འགོག་བྱེད་ཀྱི་དོམ་ལག་སྐམ་པོ་ཞིག་བཏགས་ཡོད། རེད། འདི་རེད། ངས་མི་དེའི་མིང་ནས་བོས་པ་ན། རྒན་མོ་ཞིག་འཁར་བ་ཁེན་ནས་ཐོན་བྱུང་། མོས་བུ་རིའི་རྒྱབ་ཀྱི་ཞིང་ཁར་བུད་སོང་ཟེར།
ངས“ཨ་མ་རྒན་མོ། ས་ཆ་དེ་བཙལ་བདེའམ”ཞེས་དྲིས་པ་ན།
མོས“བཙལ་མི་བདེ། ཁྱོད་ཁྱིམ་དུ་ཡོང་ནས་ཁོར་བསྒུག་ན་ལེགས། ཁོ་ཅང་མ་འགོར་བར་ལོག་ཡོང”ཟེར།
ངས་ཡང་བསྐྱར་ཇ་ཚ་པོ་འཐུང་ཐུབ་བྱུང་། སྲས་མོ་ཆུང་ཆུང་། དེ་དུས། ངས་ཁྱོད་དངོས་གནས་དྲན་མི་ཕོད། ངས་ཁྱོད་དྲན་དུས་བྱམས་སྙིང་རྗེ་སྐྱེས་ནས། གཞན་གསོད་མ་ཐུབ་པར། མིས་རང་ཉིད་གསོད་རྒྱུར་སྐྲག སྒེའུ་ཁུང་ཕྱིའི་ཉི་འོད་ནོར་གྱི་རྩིབས་མས་བཟོས་པའི་སྒེའུ་ཁུང་ལས་ངའི་མཆུ་ཏོའི་སྟེང་འཕྲོས་ཏེ། ཕྱིར་འཇུར་བའི་ངའི་སོ་རེ་རེ་རྡུང་བྱུང་། ཇ་ཕོར་བ་གསུམ་ཙམ་བཏུང་བའི་རྗེས་སུ། མི་དེ་བསླེབས་བྱུང་། ཁོས་ཁྱིམ་དུ་མགྲོན་པོ་ཡོད་པ་མཐོང་རྗེས་ཧ་ཅང་ཡ་མཚར་བར་གྱུར། ངས་གྲིའི་ཡུ་བར་འཇུ་བཞིན་ཡར་ལངས། གཤིན་རྗེའི་ཕོ་ཉ་ཞིག་དང་འདྲ་བར། ཁོ་ཕྱི་ནུར་ཞིག་བྱས་ཏེ། དོགས་ཟོན་དང་བཅས་མིག་ཆེར་གདངས་བྱུང་། ཁོས་ཤེས་སོང……དེ་རྗེས། ངེད་གཉིས་ར་སྐོར་ཕྱིའི་གོམ་པ་བརྒྱའི་མཚམས་ཀྱི་གནས་སུ་སོང་ནས་སྐད་ཆ་བཤད། ཁོས་དབུགས་རིང་ཤིག་བཏང་ནས། བཤད་རྒྱུར། “ཡོང་དགོས་པ་དེ་མཐར་ཐུག་ཡོང་ངེས”ཟེར། ངས་ཀྱང་སྐད་ཆ་མ་བཤད་པར། དབུགས་རིང་ཞིག་བཏང་། དེ་མ་ཐག ལག་པས་གྲིའི་ཡུ་བར་འཇུས། ཁོས་མགོ་བོ་གཡུགས་ཀྱིན། “ཁྱོད་ཀྱིས་ཀྱང་མཐོང་ཡོད། སྤྱིར་ངས་འགོག་རྒོལ་ཅི་ཡང་བྱེད་མི་འོས། ཡིན་ཡང་། ཁྱིམ་དུ་རྒན་མོ་འདི་འདྲ་ཞིག་ཡོད་པས། ངེད་གཉིས་མདུན་གྱི་ལུང་ཤུར་དུ་སོང་ནས་ཐག་གཅོད་བྱེད་རྒྱུ་ལས་འོས་མེད”ཟེར། ངས་ཀྱང་མགོ་བོ་ལྡེམ། ལུང་ཤུར་ནས་ཡང་བསྐྱར་ཇ་ཕོར་བ་གསུམ་གྱི་དུས་ཡུན་ལ་སྒུག མི་དེས་ལག་ཏུ་མདུང་རིང་བཟུང་ཞིང་། ལག་ཏུ་བཙན་པོའི་དམག་གི་གོ་ཁྲབ་གྱོན་ནས་བསླེབས་བྱུང་། ཉི་འོད་ཁོའི་ལུས་སྟེང་དུ་ཕོག་པ་ན། ལུས་ཡོངས་ནས་འོད་ཆེམ་ཆེམ་འཕྲོ། ཁོས་མདུང་རྩེ་ས་རུ་བཙུགས་ནས། ལག་པ་ཕུར་ཕུར་བྱེད་ཀྱིན། སྐད་གསེང་མཐོན་པོས། “གལ་ཏེ་དེ་རིང་ཁྱོད་ཀྱིས་ང་བསད་ཚེ། མི་གཉིས་བསད་པ་དང་ཁྱད་མེད། ངའི་ཨ་མར་སྙིང་ནད་ཡོད། མོས་ང་རང་གྲོངས་པ་ཤེས་ཚེ་ཡུན་རིང་ལ་གསོན་མི་ཐུབ། དེའི་ཕྱིར་ང་ནི་ངའི་ཨ་མའི་ཆེད་དུ་འཐབ་པ་ཡིན”ཟེར། ངས་གྲི་ཕྱར་བ་ན། ཁོའི་གོ་ཁྲབ་ཀྱིས་རྣོ་གྲིའི་ཟིལ་ཤུགས་ཕྱེད་ཀ་ཉམས་སུ་བཅུག་ཡོད་པ་ཤེས། ཡིན་ཡང་ཁོའི་ལུས་ཀྱི་བདེ་ལྕུག་ཀྱང་ཅུང་ཆུང་དུ་བཏང་ཡོད། ཁོ་ནི་དམག་མི་ཡིན་ལ། འཐབ་འཁྲུག་བརྒྱབ་མྱོང་བས། ཉམས་མྱོང་ཡོད། འཆི་རྒྱུར་སྒུག་མི་སྲིད། ཁོས་ས་ནས་མདུང་བཀོག་རྗེས། ང་ལ་ཕྱོགས་ནས་སྐད་འགྲག་གིས“ཤེས་སམ། ང་རང་འཐབ་འཁྲུག་ལ་སུན། དམར་གསོད་ལ་སུན། ཉིན་རེར་དམག་འཁྲུག་ཡོད་པ་ཅི་ཡིན་ནམ། ཅི་ཡིན་ནམ”ཟེར། ཁོའི་སྐད་འགྲག་དེས་ཁོའི་ཞེ་སྡང་ཀྱང་ཕྱིར་ཕུད་འདུག ངས་གྲི་ཕྱར་ནས་ཁོའི་སྟེང་དུ་མཆོང་སྟེ། གོ་ཁྲབ་ལེབ་མོ་རེ་རེ་གང་སར་གཏོར། ཁོའི་མདུང་རིང་གིས་ངའི་གདོང་རྨས་བྱུང་། གདུག་རྩུབ་ཆེ་བ་ལ། མདུང་རིང་ངའི་མིག་ལ་འཛེར་འདོད་འདུག ཕར་འཐབ་ཚུར་འཐབ་འགའ་བྱས་རྗེས། ངས་གཞི་ནས་གོ་སྐབས་རེག་སོང་། ངས་ནོར་ལ་འཐམས་པ་ལྟར་ཁོར་འཐམས་ཏེ། དཔུང་བས་ཁོའི་སྐེ་བཙིར། ཤུགས་ཕྱུང་བ་ན། ངས་ཁོ་ནོར་ཞིག་ཏུ་གྱུར་བ་མཐོང་། ཁོས་མཚམས་མི་ཆད་པར་འཕག་འཚག་རྒྱག རྐང་པ་གཉིས་ཀྱིས་རྡོག་རྫིས་གཏོང་། འདར་སིག་རྒྱག མཐར་དབུགས་ཀྱི་རྒྱུ་བ་ཆད་སོང་། གནམ་རྒན་མ། ངས་མི་གཉིས་བསད་སོང་། ཉིན་དེར། ངས་རང་ཉིད་མི་ངན་ཞིག་ཏུ་གྱུར་བ་ཤེས་ཡོད།
ང་ནི་མི་ངན་ཡིན། ངའི་སྲས་མོ་ཆུང་ཆུང་། འདི་ནི་ཁྱོད་ལ་འཇིགས་བསྐུལ་བ་མིན། ངས་འདི་ལྟར་བསམ་པ་ཐེངས་གཅིག་མིན་ཏེ། མགོ་བས་སྤྲད་པའི་གྲི་དེ་གདོད་མ་ནས་ང་ལ་དབང་བ་འདྲ། དེ་ལས་དྲི་ངན་ཞིག་མཆེད་འོངས་བས། ངས་རྒྱུན་པར་དེ་ཉིད་ཨོང་ཁང་གི་ཨོང་བ་སྐམ་པོའི་སྟེང་གཡུགས་དགོས་བྱུང་། ངས་ཨོང་བ་སྐམ་པོའི་སྟེང་ནས་གྲི་བླངས་ཏེ་མི་བསད་རྗེས། སླར་ཡང་གྲི་དེ་ཨོང་བ་སྐམ་པོའི་སྟེང་གཡུགས། དྲི་ངན་བྲོ་བའི་རྣོ་གྲི་དེས་ལས་འགན་རེ་རེ་བཞིན་ལེགས་འགྲུབ་བྱུང་བས། ང་རང‘ཁྲིམས་ཀྱི་ལག་པའི’རྐང་འཛིན་པར་གྱུར། སྟོང་དཔོན་གྱིས་ང་ལ་བྱ་དགའ་ཐེངས་འགར་གནང་། བྱ་དགའ་གནང་ཐེངས་རེར། བོན་པོའི་སྐུ་གཤེན་གྱིས་ལག་ཏུ་ཟངས་ཀྱི་ཀ་ཏོ་ར་བཟུང་ཞིང་། དེའི་ནང་ཐལ་བ་འཚུབ་ཀྱིན། ཁོས་དྲིལ་བུ་དཀྲོགས་ནས་ཡུལ་དངོས་སུ་ཆོ་ག་སྤེལ། ཁ་ནས་ཅི་ཞིག་འདོན་གྱིན། མིག་མདངས་སུ་ཁྱད་མཚར་བའི་འོད་མདངས་འཕྲོ། བཤད་ཚུལ་ལྟར་ན། ཁོ་ལོ་ན་དགུ་བཅུར་སོན་ཡོད་ཟེར། ཡིན་ཡང་ངོ་གདོང་དུ་བལྟ་དུས་ལོ་ལྔ་བཅུ་ཙམ་ལས་མི་འདུག ཁོས་ཤིང་ཕོར་གྱིས་ཆུ་བཅུས་ནས་ང་ལ་འཐུང་དུ་བཅུག“ དེ་བཏུང་རྗེས། ཁྱོད་རང་དེ་བས་ཀྱང་དྲག་ཤུགས་ལྡན་པར་གྱུར་ནས། གྲི་མདུང་གིས་མི་ཆོད”ཟེར། ངས་དེ་བཏུང་། ཐེངས་གཅིག་ནས་གཉིས། བྱིན་གྱིས་བརླབས་པའི་ཕོར་བའི་ནང་གི་ཆུ་དེར། ལོ་མང་འགོར་བའི་བྲོ་བ་ཡ་མཚར་ཞིག་བྲོ། མགོ་བས་ནམ་ཡང་འོས་འགན་ཆེས་གཙོ་ཤོས་དེ་ང་ལ་སྤྲོད། འོས་འགན་སྒྲུབ་ཏུ་འགྲོ་ཐེངས་རེར། ཁོས་ནམ་ཡང་ང་ལ་ཁྲིམས་ཀྱི་ལག་པའི་ཁྲིམས་སྲོལ་རེ་རེ་ཐེངས་ཤིག་ངག་སྐྱོར་གཏོང་དུ་འཇུག་སྲིད། དོན་ཚན་དང་པོ། སྟོང་དཔོན་ལ་ངེས་པར་དུ་བློ་དཀར་དགོས་ལ། ཅི་གསུང་བཀའ་ལྟར་སྒྲུབ་དགོས། ངས་རྒྱུན་པར་བཙན་པོར་བློ་དཀར་བ་མིན་པར། སྟོང་དཔོན་ལ་བློ་དཀར་དགོས་དོན་ཅི་ཡིན་པར་བསམ་བློ་བཏང་། དོན་ཚན་གཉིས་པ། འདྲི་མི་འོས་པ་དག་འདྲི་མི་རུང་བར། ལས་འགན་ལག་བསྟར་བྱས་པས་ཆོག དོན་ཚན་གསུམ་པ། རང་གི་ཐོབ་ཐང་ཕྱིར་བསྒྲགས་མི་རུང་། སྐེར་གྲི་བཙུགས་ཀྱང་བཤད་མི་རུང་། དོན་ཚན་བཞི་བ། ངོ་ལོག་ཚེ་མཇུག་འབྲས་ཡག་པོ་མེད། གསོད་དགོས་པ་གཏན་ཁེལ་ཡིན། སྐྱོར་ནས་མཚམས་འདིར་བསླེབས་དུས། ངས་ངོ་གདོང་དུ་རྣམ་འགྱུར་ཅི་ཡང་མ་བཏོན་པར། དྲི་ངན་བྲོ་བའི་གྲི་དེ་ཨོང་སྐམ་སྟེང་ནས་བླངས། ཁྲིམས་ཀྱི་ལག་པ། ངས་དུས་རྒྱུུན་རང་གི་ལག་པར་ལྟ་བཞིན་གད་མོ་བགད། སྡུག་བསྔལ་གྱིས་མནར། མི་སེམས་ཅན་ཞིག་ཏུ་བརྩིས་ཏེ་བཤས་པ་ལས་མ་འདས་ལ། ད་དུང་ཅིའི་ཕྱིར་ཁོ་བཤའ་དགོས་པའང་འདྲི་མི་རུང་། འདི་ནི་ང་ཚོའི་ལས་ཡིན། ‘ཁྲིམས་ཀྱི་ལག་པར’དོན་དམ་དུ“ ཤན་པ”ག་ཚོད་ཡོད་ཅེ་ན། ངས་བལྟས་ན་འབོད་སྟངས་འདི་ང་ལ་འཚམ། དུས་ད་ལྟའང་ངས་དེའི་གྲངས་ཀ་མི་ཤེས། མགོ་བས་ཤེས་ངེས་ལ། སྟོང་དཔོན་གྱིས་དེ་བས་ཀྱང་ཤེས་ངེས། དུས་ཡུན་རིང་བོར་ཞིབ་ལྟ་བྱས་པ་བརྒྱུད། ངས་ང་ཚོ་གསང་བའི་སྒོ་ནས་ཚོགས་ཆུང་དུ་བགོས་ཡོད་པ་ཤེས། ཁྱབ་ཆུང་སར། མི་འགའ་ལས་མེད་ཅིང་། ད་དུང་ལྐོག་ནས་ཀྱང་། རྟག་པར་མཉམ་དུ་བསྡད་མེད། མཉམ་དུ་ལས་འགན་སྒྲུབ་མ་མྱོང་བས། སུ་ནི་སུ་ཡིན་པ་བཤད་རྒྱུ་མེད། མི་ཞིག་གིས་ངོ་ལོག་ཀྱང་། ནང་རྒྱུས་མང་པོ་ཕྱིར་གྱར་མི་ཐུབ། ངས་ངོ་ཤེས་པའི་ཤན་པ་འགའ་ལས་མེད། ཕོ་ཉ་ནི་ཤིན་ཏུ་ཉུང་། རྗེས་སུ་བུད་མེད་ཕོ་ཉ་ཞིག་འདུག མོས་ང་ལ་གནས་ཚུལ་འགའ་བཤད་བྱུང་། དཔེ་བཞག་ནས་བཤད་ན། ཕོ་ཉར་གསང་འཕྲིན་སྐྱེལ་བའི་ནུས་པ་ཡོད་པ་མ་ཟད། ད་དུང་གསང་འཕྲིན་རྩད་གཅོད་བྱེད་པའི་ནུས་པའང་ཡོད་པ་ལྟ་བུ། མི་སུ་ཞིག་གིས་གསང་འཕྲིན་རྩད་གཅོད་བྱས་ན་གཞན་གྱིས་ད་གཟོད་དོགས་པ་མི་ཟའམ། དེ་ནི་བུད་མེད་དང་། རྒན་འཁོགས། བྱིས་པ་དང་དབང་བོ་སྐྱོན་ཅན་ནོ།། བུད་མེད་ཕོ་ཉ་དེས་ང་ལ་གསང་འཕྲིན་ཐེངས་མང་བསྐྱལ་ནས། ང་རང་ཉེན་ཁའི་གནས་ལས་ཐར་བར་བྱས་པས། ང་རང་མོར་བརྩེ་བ་ཆགས། མོའི་བཤད་པའི་སྐད་ཆར་ང་རང་རློམ། དེ་ན། ཕོ་ཉའི་ཐོབ་ཐང་ལའང་རིགས་ག་ཚོད་དབྱེ་ཡོད་ཅེ་ན། སྤྲང་པོ་དང་སྒྱུ་རྩལ་བ་འཁྱམ་པོ། བྱིས་པ་སྟེ། རིགས་ཆེ་བ་འདི་གསུམ་དུ་དགར་ཡོད། དེའི་ཁྲོད་བྱིས་པ་ནི་ལས་ཀ་མེད་ལ། གཤིས་ཀ་ལྷད་མེད་རྣམ་དག་ཡིན་པས། ཆེས་ལེགས་པའི་འགེབས་སྲུང་དེ་ཡིན། གཟུགས་སྟོབས་ཆེ་བའི་གཞོན་ནུ་ལོ་ཆུང་ཡང་ཡོད་པ་སྨོས་མ་དགོས། ཁོ་ཚོས་རྟ་བཞོན་ནས་གསང་འཕྲིན་མྱུར་སྐྱེལ་བྱེད། དུས་རྒྱུན་ས་ཚིགས་སུ་བསྡད་པའི་ཕོ་ཉ་ཡང་ཤིན་ཏུ་མང་། འདི་ལྟར་རིགས་འདེད་བྱས་ཚེ། ངས་བསམ་ན་ཤན་པ་ཡང་མི་ཉུང་བ་ཞིག་ཡོད་ངེས……སྲས་མོ་ཆུང་ཆུང་། ཧ་གོ་སོང་ངམ། ངས་དངོས་གནས་མུ་མཐུད་དུ་བཤད་མི་འདོད། ཁྱོད་ཀྱིས་ཇ་ཚ་པོ་ཞིག་བསྐོལ་ཡོད་དེ། འཐུང་ནས་ངའི་ཁ་ནང་དུ་དྲོད་རྒྱས་ཀྱང་། ཤི་བོ་ཞིག་ལ་མཚོན་ནས་བཤད་ན། ཤི་བོ་གཅིག་འཕྲོར་གཅིག་དྲན་རྒྱུ་དེ་སྡུག་བསྔལ་ཧ་ཅང་ཆེ། བུད་མེད་ཕོ་ཉ་སྟེ། ངས་གོང་དུ་བཤད་མྱོང་། ངས་དངོས་གནས་མོ་ཆུང་མར་བསུ་འདོད། ཡིན་ཡང‘ཁྲིམས་ཀྱི་ལག་པར’ཡིག་ཐོག་ཏུ་བཀོད་མེད་པའི་ཁྲིམས་ཡོད་དེ། བུད་མེད་བཙལ་ཆོག་ཀྱང་། སྟོང་དཔོན་གྱི་དམིགས་བསལ་ཆོག་མཆན་བཀོད་པ་མ་གཏོགས། ཆང་ས་བརྒྱབ་མི་ཆོག
ངས་ཐེངས་འགར་སྟོང་དཔོན་བཙལ་འདོད་ཀྱང་། བུད་མེད་ཕོ་ཉས་བཀག་བྱུང་།
མོས་“ཁོ་འཚོལ་དུ་མ་འགྲོ། ཁོས་མོས་མཐུན་བྱེད་མི་སྲིད”ཟེར།
ང་ཚོ་ནི་ཁོའི་གཡོག་པོ་ཡིན། ཁོར་ང་ཚོའི་ལུས་ཁམས་ལ་ཇུས་གཏོགས་བྱེད་དབང་ཡོད། དུས་འདི་འདྲར་ཐུག་ཐེངས་རེར། ང་སྤྱང་ཀིའི་ཁོག་གི་ཞེ་སྡང་དེ་ཁུང་བུ་ཞིག་བརྟོལ་ནས་ཕྱིར་བཤོ་འདོད། ཡིན་ཡང་བུད་མེད་ཕོ་ཉས་ངའི་འདོད་པ་སྐོང་ཐུབ། འེ། རྗེས་རབས་པ་ཞིག་ལ་འདི་དག་བཤད་མི་འོས། ཤི་ཟིན་པའི་མི་ཞིག་ཡིན་རུང་རྒན་པ་ཞིག་ཡིན་པའི་ཆ་ནས་གུས་ལུགས་མ་བརྩིས་ན་ག་ལ་འགྲིག ད་དུང་དྲན་སོས་སམ། ཁྱོད་ཆུང་དུས། དུས་རྒྱུན་ཡར་མར་འདྲི་རྒྱུར་དགའ། “ཨ་ཁུ་སྤྱང་ཀི ཁོ་ཚོས་བཤད་ན་ནམ་མཁའི་སྐར་མ་གཅིག་ནི་མི་གཅིག་གི་རྣམ་ཤེས་ཡིན་ཟེར། ཁྱོད་ཀྱིས་བཤད་ན་བདེན་ནམ།” ངས་མགོ་བོ་ལྡེམ་བཞིན། ཇི་ལྟར་ལན་འདེབས་དགོས་པ་ཆ་མ་འཚལ། ཡིན་ཡང་ཁྱོད་མི་ཆུང་ཡང་བློ་རྣོ་བས། སེམས་སུ་སྔ་མོ་ནས་རང་གི་བསམ་ཚུལ་སྦས་ཡོད། དེ་ནི་ཁྱོད་ཀྱིས་ང་ལ་ཡིག་ཚད་གཏོང་བ་ཡིན། འོན་ཀྱང་ངས་ལན་འདེབས་མ་ཐུབ། ཁྱོད་ཀྱིས་མགོ་ལྕོག་ལྕོག་བྱེད་ཀྱིན། “ངས་བལྟས་ན་ཁོ་ཚོས་བཤད་པ་མི་བདེན། ནམ་མཁའི་སྐར་མ་ནི་དགུང་སྔོན་པོའི་མིག་ཆུ་ཡིན་པ་འཁྲུལ་མེད་ཡིན་ཏེ། ནམ་མཁར་བཀལ་དུས། འོད་ཆེམ་ཆེམ་འཕྲོ”ཟེར། བུད་མེད་ཕོ་ཉས་ཀྱང་འདི་ལྟར་བཤད། མོས་ནམ་མཁའི་སྐར་མ་ནི་དགུང་སྔོན་པོའི་མིག་ཆུ་རེད་ཟེར་དུས། ངས་རྟག་པར་ཁྱོད་རང་དྲན། ཁྱོད་ཀྱིས་ད་དུང་དྲིས་དོན། “ཨ་ཁུ། ཁྱོད་ཆང་ས་མི་རྒྱག་དོན་ཅི། མི་རྒན་པ་ཐམས་ཅད་ཨ་ཕ་ཨ་མར་འགྱུར་དགོས་པ་མིན་ནམ”ཟེར། བྱིས་བློ་མ་ཡལ་བའི་དྲི་བ་འདི་དག་ལ། ངས“ཨ་ཁུ་ནི་གཡོག་པོ་ཡིན། ཆུང་མ་ལེན་མི་ཐུབ”ཟེར་རྒྱུ་ལས་མ་འདས། ཡིན་ཡང་ཁྱོད་ཀྱིས་མགོ་དཀྱོགས་ནས་ང་ལ་ལྟ་བཞིན། “ང་རང་ནར་སོན་རྗེས་ཁྱོད་ཀྱི་ཆུང་མ་བྱས་ན་ཆོག་གམ”ཟེར། བྱིས་པའི་གཏམ་ལ་ཆ་འཇོག་མེད། ཡིན་ཡང་ངའི་སེམས་པ་དྲོད་སོབ་སོབ་ཏུ་གྱུར། ངའི་སྲས་མོ་ཆུང་ཆུང་། ངའི་བུད་མེད་ཕོ་ཉས་དགུང་སྔོན་པོའི་མིག་ཆུར་ལྟ་དུས། བསམ་བློར་འཁོར་བ་ཁྱོད་ལས་རྙོག་འཛིང་ཆེ། མོས་རྟག་པར“དུས་ནམ་ཞིག་ལ། དགུང་སྔོན་པོར་མིག་ཆུ་མེད་དུས། མི་ཡུལ་འདིར་འདྲ་མཉམ་བྱུང་བ་རེད”ཟེར། བཤད་ཚར་བ་དང་། མོའི་མིག་ཟུང་ལས་ནམ་ཡང་མཆི་མ་རྡོག་འགའ་འགྲིལ་སྲིད། གལ་ཏེ་དེ་ཉིད་འགེལ་ཐུབ་ཚེ། ངས་དངོས་གནས་དེ་བཀོག་ནས་མཚན་མོའི་མཁའ་དབྱིངས་སུ་འགེལ་འདོད། ལས་འགན་གསར་བས་ནམ་ཡང་མདུན་ཕྱོགས་ཀྱི་ལམ་ཁ་ན་ང་ལ་སྒུག་བསྡད་ཡོད། སྲས་མོ་ཆུང་ཆུང་། མགོ་བ་ཡང་བསྐྱར་ང་བཙལ་དུ་བསླེབས་བྱུང་། ཁོས་བཤད་རྒྱུར། “ཁྱོད་ཀྱི་མི་འདི་ཚར་གཅོད་བྱེད་དགོས། ཁོའི་མིང་ལ་ཆོས་ལ་དགའ་ཟེར། ཉིན་འདི་འགར། ཁོ་རླུང་རྟ་མདོ་ཟེར་བའི་གྲོང་ཚོ་ཞིག་ཏུ་བསྡད་ཡོད། འདི་ནི་ཁོའི་འདྲ་རིས་ཡིན”ཟེར། མགོ་བས་འདྲ་རིས་དེ་ང་ལ་སྤྲད་བྱུང་། ངས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར། ཨོང་སྐམ་སྟེང་གི་རྣོ་གྲི་བླངས་ཤིང་། རྩམ་ཁུག་འཁུར་ནས་རླུང་རྟ་མདོ་རུ་ཕྱིན། ཡོད་ཚད་ལས་ལ་བསྐོས་པ་ཡིན། ཡོང་དགོས་པ་ཐམས་ཅད་ཡོང་ངེས་ཡིན་ལ། འགྲོ་དགོས་པ་ཐམས་ཅད་འགྲོ་ངེས་ཡིན། མི་ནི་འགྲིམ་པའི་གནས་ཡུལ་མི་གཅིག་ན་སེམས་ལ་དྲན་ཚུལ་ཡང་མི་གཅིག ངས་དུས་རྒྱུན་དུ། གལ་ཏེ་ང་ནི་སྐྱེ་ཁུངས་དམན་པ་ཞིག་མིན་པར། རྒྱལ་རྒྱུད་སྐུ་དྲག་གི་གདུང་རྒྱུད་ཡིན་ཚེ། དེ་ན། ད་ལྟའི་ང་ནི་ཇི་འདྲ་ཞིག་ཡིན་ནམ་ཞེས་བསམ་བློ་བཏང་མྱོང་། ཡིན་ཡང་ཆ་འཇོག་འདྲ་མིན་གྱིས། བསམ་བློ་གཏོང་གིན་གཏོང་གིན་ང་རང་མགོ་འཐོམས་སུ་བཅུག་སོང་། སྐྱེ་ཁུངས་ལ་གདམ་ཀ་བྱེད་མི་ཐུབ་ན། སྐྱེ་རྗེས་ཀྱི་འཚོ་ཡུལ་ལའང་གདམས་ཀ་བྱེད་མི་ཐུབ་བམ། ཡང་ན། སྐྱེས་རྗེས་ཀྱི་ཡོད་ཚད་གདམས་ཀ་བྱས་ཆོག་ན། ཁྱོད་ཀྱི་རིགས་རུས་མཐོ་དམན་སུ་ཡིས་འབྱེད། ཁྱིས་ཁྱི་ཕྲུག་བཙས་ཤིང་། ཞི་མིས་ཞིམ་ཕྲུག་བཙས། ཡིན་ཡང་ཁྱི་དང་ཞི་ལ། གང་ཞིག་མཆོག་ཅིང་གང་ཞིག་དམན། ངས་བསམ་བློ་བཏང་ནས་མགོ་འཐོམས་ཡང་། སྡོམ་ཚིག་ཅི་ཡང་འཐོབ་མ་ཐུབ། ……རླུང་རྟ་མདོ་རུ་བསླེབས་དུས། ངའི་ལམ་གང་གི་བསམ་ཚུལ་དེ་དག་སྤྲིན་བཞིན་ཡལ་བར་གྱུར། སྲས་མོ་ཆུང་ཆུང་། ཤན་པ་ཞིག་བློ་རྩ་བརྟན་པར་གྱུར་ཚེ་ཁོ་ནི་གདོན་འདྲེ་ཡིན། ངའི་ལག་པས་གྲིའི་ཡུ་བ་བཟུང་ནས། འདྲ་རིས་སྟེང་གི་མི་དེ་ཡིད་ལ་བཟུང་། གལ་ཏེ་བརྗེད་པ་ཡིན་ཚེ། ག་དུས་ཡིན་ཡང་འདྲ་རིས་རུམ་ནས་བཏོན་ཏེ་བལྟས་ཆོག
ངས་ཁོ་ཉིན་གསུམ་ལ་བཙལ།
ངས་ཁོ་ཉིན་བཞིར་བཙལ། ཉིན་ལྔར་བཙལ། ཉིན་དྲུག་ལ་བཙལ།
ཉིན་བདུན་པར། ཁོ་གཞི་ནས་ལྷང་ལ་བུད་བྱུང་།
ཆོས་ལ་དགའ། འདྲ་རིས་སྟེང་བྲིས་པ་ནང་བཞིན། མགོ་རྗེན་ཞིག་རེད། ཁོས་རས་རིང་པོ་ཞིག་གིས་ལུས་བཏུམས་འདུག དཔུང་པ་གཉིས་ཀ་གཅེར་བུ་ཡིན་ལ། རྐང་རྗེན་ཡིན། འོན་ཀྱང་གདོང་གི་རྣམ་འགྱུར་ནི་ཞི་ཞིང་འཇམ་པས་ཞིབ་འབྲི་བྱེད་ཐབས་བྲལ། ཁོར་རླུང་རྟ་མདོའི་གྲོང་ཚོའི་མི་རྣམས་ཀྱིས་གོང་བཀུར་བྱེད། གྲོང་ཚོ་ནང་ནས་ལག་འགུལ་མི་བདེ་བས། ལག་པས་གྲིའི་ཡུ་བ་བཟུང་ནས་རྔུལ་ནག་ཐོན། ངས་རྟག་པར་ཁོས་ང་ལ་ཁེར་རྐྱང་གི་དུས་ཚོད་ཅིག་སྤྲོད་པར་སྒུག་ནས་བསྡད། དེ་དུས། དྲི་ངན་བྲོ་བའི་ངའི་གྲི་འདི་བཀོལ་སྤྱོད་བྱེད་ས་ཡོད་པར་གྱུར་བ་རེད། ཉིན་བརྒྱད་པའི་ཕྱི་དྲོར། ཆོས་ལ་དགའ་གཅིག་པུ་རི་མགོར་བུད་སོང་། ཁོས་ཉི་མར་ཁ་གཏད་ནས། དཀྱིལ་ཀྲུང་དུ་བཞུགས་ཏེ། མིག་ཟུང་བཙུམས་ནས། ཀླད་པའི་ནང་གི་རྒྱ་མཚོ་དེ་སྐད་ཅིག་ཉིད་ལ་དཀག་པ་འདྲ། ཁོས་མིག་ཟུང་བཙུམས། ང་རང་བསླེབས་པར་རམ་འདེགས་བྱེད་པ་དང་མཚུངས། ངས་གྲི་ཁོའི་སྐེར་བཞག་པ་ན། ཁོས་མིག་ཟུང་ཕྱེ་བྱུང་། རྣམ་འགྱུར་ཞི་ཞིང་ལྷོད་དེ། དངངས་འཚབ་ཅུང་ཙམ་ཡང་སྐྱེས་མི་འདུག
“ཁྱོད་རང་ང་གསོད་དུ་མངགས་མཁན་གྱི་མི་དེ་ཡང་སྙིང་ཅི་ཞིག་ལ་སྐྲག་གིན་ཡོད་པ། ཤེས་མ་བྱུང་།”
ཉི་མས་ཁོའི་མགོ་བོར་གསེར་ཆུ་བྱུག་ནས་འོད་ལམ་ལམ་བྱེད། ངས་ཁོ་ལ“ཁྱོད་ཀྱིས་བསམ་ན་ངས་ཁྱོད་ལ་བཤད་སྲིད་དམ”ཞེས་ལན་བཏབ།
ཁོས་ངའི་སྐད་ཆར་ཉན་རྗེས་གདོང་ནས་འཛུམ་ཕྱུང་སོང་། “ཁྱོད་ཀྱིས་ང་ལ་མ་བཤད་ཀྱང་། ངས་ཁྱོད་ལ་བཤད་དགོས། ཁྱོད་ལ་ཉེས་པ་ཡོད། ཁྱོད་ཀྱིས་རང་ཉིད་བརླག་གིན་འདུག ཁྱོད་ཀྱི་རྣམ་ཤེས་དཀའ་སྡུག་ཏུ་ཚུད་འདུག ཁྱོད་ཀྱིས་ང་བསད་རྗེས། ཁྱོད་ལ་ཡིད་ཚིམ་པའི་སྣང་བ་ཅུང་ཙམ་བྱུང་ངམ། མ་བྱུང་སྟེ། དེ་ལས་ལྡོག་ནས་འགྱོད་སེམས་ནི་གཟུགས་དང་གྲིབ་མ་བཞིན་ཁྱོད་དང་འགྲོགས་ངེས། ཁྱོད་མངགས་ནས་ང་གསོད་མཁན་གྱི་མི་དེས། ངའི་ཤ་ཁྲག་གི་ཕུང་བོ་བརླག་ཚེ། ངའི་ཡོད་ཚད་བརླག་ཐུབ་པར་བསམ་ཡོད། ཡིད་ཕངས་བ་ཞིག་ལ། ཁོ་རང་རྩ་བ་ནས་ནོར་སོང་། ཁོའི་དམིགས་ཡུལ་དེ་ཉིད་ངལ་བ་འབྲས་མེད་དུ་འགྱུར་རྒྱུ་ལས་མ་འདས། ཁོ་རང་སྐྲག་སྟེ་ངའི་ཤ་ཁྲག་གི་ཕུང་བོ་བརླག་པ་ཁོ་ན་ལ་བརྟེན་ནས་ཁོའི་ཞེད་སྣང་གི་མཇུག་རྫོགས་དགོས། འདི་ལྟར་ཡིན་ན། ངས་ཁོའི་འདོད་པ་སྐོང་ཆོག་ལ། ཁྱོད་ཀྱི་འདོད་པ་ཡང་སྐོང་ཆོག”
ཆོས་ལ་དགའ་ཡིས་བཤད་ཀྱིན་བཤད་ཀྱིན་ངར་ལངས་བྱུང་། ངས་ཁོས་ལག་པ་བསྒྲེངས་ཤིང་སྐད་ཆེན་པོ་བརྒྱབ་ནས། གྲོང་ཚོའི་མི་རྣམས་བོས་ཏེ། ཡིན་མིན་དཔྱད་དུ་འཇུག་པར་སེམས་ཁྲལ་བྱས། ཁོའི་ཁ་ནས་མཚམས་མི་ཆད་པར་ཚིག་འབྲུ་འདི་འདྲ་ཐོན་འོངས་ཏེ། བྱམས་སྙིང་རྗེ། བྱམས་སྙིང་རྗེ། བྱམས་སྙིང་རྗེ། བྱམས་སྙིང་རྗེ་ཁོ་ན་ནི་བདེན་དོན་ཡིན་ལ། མིའི་རིགས་ཀྱི་མཐར་ཐུག་གི་ཕུགས་འདུན་ཉག་གཅིག་ཡིན་ཟེར། ཁོས་བཤད་ཀྱིན་བཤད་ཀྱིན། དུས་ཚོད་ཀྱིས་སྒོ་ཆེན་ཡོངས་སུ་ཕྱེ་བའི་སྣང་བ་བྱུང་ལ། བར་སྟོང་གི་དངོས་པོ་འགུལ་མེད་དུ་གནས་ཏེ། ཡོད་ཚད་འབྱུང་གཞི་དང་ཉེ་བར་གྱུར། ཁོས་ལུས་སུ་གྱོན་པའི་རས་ལེབ་དེ་ཕུད་ནས། སྔར་གྱི་ལྷིང་འཇགས་རྣམ་པ་དེ་སླར་གསོ་བྱས་བྱུང་།
ཁོས“ང་རང་ཤི་དགོས་པ་ཡིན་ན། ཁྱོད་ཀྱིས་སྔགས་ཤིག་འཁྱེར་རོགས་གནོང་། སྔགས་དེ་ནི——ༀ་མ་ཎི་པདྨེ་ཧཱུཾ་ཡིན”ཟེར།
ༀ་མ་ཎི་པདྨེ་ཧཱུཾ། ངས་ཁོས་བཤད་པའི་སྔགས་འདི་བཟློ་ཞོར། ལག་གི་གྲི་ཁོའི་ལུས་སུ་འཛེར་ཟིན། ཁོ་ཤི་སོང་། ངའི་སྙིང་ཁ་ནི་སྨྱོ་ནད་འཕར་བའི་སྦལ་བ་ཞིག་དང་འདྲ་བར་ལྡིང་བྱུང་། བྱ་རྒོད་ཁྱུ་གཅིག་གནམ་ལས་བབས་བྱུང་། དེ་ཚོས་གཤོག་ཟུང་གིས་ང་ལ་འགྲམ་ལྕག་གཞུས་བྱུང་། ཁྲོ་བའི་ཉམས་བཅོ་བརྒྱད་བསྟན་ནས། ཁྲོག་སྒྲ་དང་བཅས་ང་ལ་རྡུང་གིན་ཐག་རིང་དུ་དེད་བྱུང་། དེ་ནས། ཁོའི་ཕུང་བོ་ཟ་མགོ་ཚུགས། སྐབས་ཐོག་དེར། ང་རང་ཕམ་པར་བརྒྱབ་སོང་། ཕམ་ནས་ཅི་ཡིན་འདི་ཡིན་མེད་པར་བཏང་སོང་། ང་རང་འདི་ལྟར་སྐྱོ་མྱོང་མེད། ༀ་མ་ཎི་པདྨེ་ཧཱུཾ། ངས་མ་ཎི་ཡིག་དྲུག་འདི་བཟློ་བཞིན། ག་ལེར་ཕྱིར་ལོག ངའི་སྲས་མོ་ཆུང་ཆུང་། དྲི་ངན་བྲོ་བའི་གྲི་དེ། ངས་ཡང་བསྐྱར་ཨོང་སྐམ་སྟེང་དུ་གཡུགས། ང་རང་པགས་གདན་སྟེང་བསྡད་དེ། ཀླད་པའི་ནང་འཆར་བ་ནི་ཆོས་ལ་དགའ་ལས་མི་འདུག ཉིན་དེར། བུད་མེད་ཕོ་ཉ་བསླེབས་བྱུང་། ང་ཚོས་རྩམ་པ་བཟས་རྗེས། སྐད་ཆ་ཚིག་གཅིག་ཀྱང་བཤད་རྒྱུ་མེད་པར་ལུས། མཐར་ལྷིང་འཇགས་འདི་དཀྲོགས་མཁན་ནི་ང་རང་ཡིན། ཚུལ་དེ་ནི་སློབ་མ་བླུན་པོ་ཞིག་གིས་མཁན་པོ་བླ་མེད་ཅིག་ལ་བཀའ་འདྲི་ཞུ་བ་དང་འདྲ། བུད་མེད་ཕོ་ཉ་ནི་ལྟ་རྒྱ་ཐོས་རྒྱ་ཆེ་ཕྱིར། མོས་འཛེམ་དོགས་མེད་པར་དྲི་བ་ཡོད་ཚད་ལ་ལན་འདེབས་ཐུབ། ངས“མི་ནི་རང་ཉིད་ཀྱིས་སྡིག་པ་བསགས་པ་ཤེས་ཀྱང་། ཁ་ལོ་བསྒྱུར་དཀའ་བའི་རྒྱུ་མཚན་ཅི་ཡིན་ནམ། ངས་ཇི་ལྟར་བྱེད་དགོས”ཞེས་དྲིས། བུད་མེད་ཕོ་ཉས་“ཁྱོད་ཀྱིས་བཤད་པ་ནི་ཤེས་རྟོགས་ཀྱི་རིམ་པའི་ཕྱི་ངོས་རེད། ཡིན་ཡང་། དོན་དག་ལ་ལ་སྟེ། དཔེར་ན་འཐབ་འཁྲུག་ལྟ་བུ། འཐབ་ཇུས་ཀྱི་བསམ་བློ་རྒྱ་ཆེན་པོ་ཞིག་གླེང་མ་ཐག ལག་ལེན་ཏུ་བསྟར་དགོས་ཕྱིར། མི་བུ་སྒེར་ཞིག་དེ་ལས་ཐར་ཐབས་བྲལ། ཁྱོད་ཀྱིས་དེ་ལས་ཐར་རྩིས་བྱས་ན། དེ་ལས་ལྡོག་སྟེ་ཁྱོད་རང་མཆིལ་མ་བཞིན་འདོར་ངེས་ཡིན”ཟེར། ངས་“ཡིན་ཡང་བདེན་དོན་ནི་མཐར་ཐུག་ན་བདེན་དོན་ཡིན། དེ་ལ་འགྲེལ་བཤད་རིགས་གཅིག་མ་གཏོགས་མེད་པས། ཁྱོད་ཀྱིས་ཤོད་དང་ཅི་ཞིག་ནི་བདེན་དོན་ཡིན”ཞེས་བཤད་པ་ན། མོས་“དཔུང་ཁག་མི་འདྲ་བའི་གནས་སུ་ཡོད་དུས། བདེན་དོན་གྱི་ངོས་འཛིན་ཡང་མི་འདྲ”ཟེར། ངས་“ང་རང་བཤད་ཀྱིན་བཤད་ཀྱིན་མགོ་འཐོམས་སོང་། ཁྱོད་ཀྱིས་བཤད་པ་ནི་སྨུག་སྤྲིན་གྱིས་བཟུང་བའི་རི་མགོ་ལྟར་རེད། ཁྱོད་ཀྱིས་ཡང་སྙིང་ང་ལ་ཅི་ཞིག་བཤད་འདོད་པ་ཡིན”ཞེས་བཤད། མོས“ངས་ཁྱོད་ལ་བཤད་འདོད་པ་ནི། ‘ཁྲིམས་ཀྱི་ལག་པའི’ཁོངས་མི་ཞིག་ཡིན་པའི་ཆ་ནས། ཁྱོད་ཀྱིས་བཀའ་བརྩི་སྲུང་བྱེད་པ་ནི་ཡང་དག་ཅིང་། མི་བྱེད་པ་ནི་ནོར་བ་རེད་ཅེས་པ་དེ་ཡིན”ཟེར། ངས་མོར“ངས་གསོད་མི་འོས་པའི་མི་དེ་བསད་སོང་། ཁྱོད་ཀྱིས་བལྟས་ན་ང་ལ་ནོར་འཁྲུལ་མི་འདུག་གམ”ཞེས་བཤད། མོས“ནོར་མཁན་ནི་ཁྱོད་མིན་ཏེ། བཀའ་འབེབས་མཁན་གྱི་མི་དེ་ཡིན། ཁྱོད་རང་ཡུན་རིང་ལ་གསོན་འདོད་ན། འདི་ལྟར་བསམ་རྒྱུ་ལས་མ་འདས”ཟེར། ངས“ང་རང་གསོད་གཏུབ་ཀྱི་འཚོ་བར་སུན”ཞེས་བཤད། མོས་“ངའི་སུན་སྣང་ཁྱོད་ལས་ཀྱང་ཆེ། ང་ཚོ་ཐུ་བྷོད་ཀྱི་བཙན་པོའི་སུན་སྣང་ཡང་ཆུང་མི་སྲིད། བཙན་རྒྱལ་ཞིག་འཛུགས་པར། དོན་དག་དེ་འདྲ་མང་པོ་ཞིག་མིག་མདུན་དུ་སྤུངས་ཡོད། ཁྱོད་ཀྱིས་ཤོད་དང་མི་ཕལ་བ་ཞིག་གི་སུན་སྣང་དེ་མི་གྲགས་ཆེན་ཞིག་བསྡུར་ན་གང་ཞིག་ཆེའམ”ཟེར། བུད་མེད་ཕོ་ཉ་ནི་དངོས་གནས་མིང་དོན་མཚུངས་བ་ཞིག་རེད། ཡུལ་གྲུར་མང་པོར་འགྲོ་མྱོང་ཞིང་། ཁ་མཁས་ལྕེ་བདེ་ཡིན་པས། སྐབས་བསྟུན་གྱི་འདར་ཟིལ་དེས། ངའི་སེམས་ཁོང་གི་མོའི་སྣང་བརྙན་དེ་ཇེ་ཆེར་གྱུར་སོང་། ངའི་སྲས་མོ་ཆུང་ཆུང་ཡ། ངས་ལབ་རྒྱག་པ་མིན་ཏེ། མོ་ངའི་འཁྲིས་སུ་ཡོད་ཚེ། གཞན་སུ་ཞིག་གིས་ཀྱང་ང་ལ་མགོ་སྐོར་གཏོང་མི་ཐུབ་པའི་ཡིད་ཆེས་ཡོད། སྐད་ཆ་བཤད་ནས་མཚམས་འདིར་བསླེབས་དུས། ང་སྟེ། ཤི་བོ་ཞིག་གི་བཤད་ཚུལ་དེ་ཡང་བསྐྱར་འཕྲལ་དུ་དཀྱོགས་ནས་ཐུར་དུ་འབབ་དགོས་བྱུང་། ཉིན་དེ་དག་ལ། ངས་ཆོས་ལ་དགའི་སྐད་ཆ་དེ་དག་ལ་བསམ་བློ་བཏང་བ་ཡིན་ཏེ། སེམས་ངོར་འཆར་བ་ནི་ཁོའི་སྐད་ཆ་དེ་དག་གི་བྲག་ཅ་རེད། ངས་ཏག་ཏག་བུད་མེད་ཕོ་ཉར་ཁོའི་སྐོར་བཤད་རྩིས་བྱེད་དུས། མོ་གཞན་གྱིས་བསད་སོང་། ངའི་མིག་ཆུས་ཡང་བསྐྱར་ངའི་མིག་ཟུང་རབ་རིབ་ཏུ་བཏང་བྱུང་། ངས་ང་ལ་རྒྱུ་འབྲས་འཁོར་བ་རེད་བསམ་བྱུང་། འདི་ལྟར་མགྱོགས། ང་ལ་གྲ་སྒྲིག་བྱེད་ལོངས་མ་བྱིན་པར། ཡིན་ཡང་། སུས་རང་གི་ཆག་སྒོར་གྲ་སྒྲིག་བྱེད་སྲིད་དམ། གནམ་འོག་འདི་ན་གླེན་པ་དེ་འདྲ་ཡོད་དམ།……མོ་གསོད་མཁན་སུ་ཡིན་པ་ཤེས་མཁན་གཅིག་ཀྱང་མི་འདུག ཉིན་དེར། ངས་སྡུག་བསྔལ་ཁོག་ཏུ་མིད་དེ། མགོ་བའི་རྗེས་དེད་ནས། བེམ་པོའི་མདུན་དུ་སོང་། ངས་ནམ་ཡང་སྐེ་བྲེག་པའི་མི་ཞིག་གིས་ཤི་དུས་ཕྱུང་བའི་འཇིགས་སྐྲག་གི་ཉམས་འགྱུར་དེ། སྐད་ཅིག་མར་འགུལ་མེད་དུ་གནས་སྲིད་པ་བློ་ཡུལ་དུ་འཁོར་མྱོང་མེད། མོས་མཐོང་མི་འོས་པའི་དངོས་པོ་ཞིག་མཐོང་བ་འདྲ། ཡང་ན་རང་ཉིད་ཀྱིས་ཀྱང་བློ་ཡུལ་དུ་ཤར་མྱོང་མེད་པའི་དངོས་པོ་རྒྱུས་ཡོད་ཅིག དུས་དེར། ངའི་བུད་མེད་ཕོ་ཉས་མིག་ཆེར་གདངས་ནས། སྙིང་ཁ་ནི་ལྟིག་ལྟིག་ཏུ་ལྡང་ཕྱིར་ཅུང་ཇེ་ཆེར་གྱུར་འདུག མོས་ཁ་གདངས་ནས“ཨ” ཞེས་བོས་པ་ན། གྲིས་ཨོལ་སྦུག་བྲེག “ཕུའུ།” ཁྲག་ཕྱིར་གཏོར་བྱུང་། མོས་རང་ཉིད་ཀྱི་མི་ཚེ་འདི་ནས་མཇུག་རྫོགས་པ་ཤེས། མོ་སྟོང་དཔོན་གྱི་སྒོ་རའི་ལྟག་སྒོ་ན་ཤི་འདུག —— སྟོང་དཔོན་གྱི་བསམ་བློ་ཁང་གི་འཛུལ་སྒོ་གནས་དེར་ཡོད། —— འདི་ནི་དངོས་གནས་མི་ལ་ཚོད་དཔག་བྱེད་འཇུག་པའི་དོན་ཞིག་རེད། མོས་ཡང་སྙིང་ཅི་ཞིག་སྒྲུབ་འདོད་དམ། མོ་ཡང་སྙིང་སུས་བསད་པ་ཡིན་ནམ། ལག་དམར་གྱིས་བུད་མེད་ཞིག་གསོད་དགོས་དོན་ཅི་ཡིན་ནམ། དྲི་བ་ཡོད་ཚད་དེ་མ་ཉིད་ངའི་མདུན་དུ་རུབ་བྱུང་། ང་ལ་དེར་བསམ་བློ་མི་གཏོང་བའི་རྒྱུ་མཚན་མི་འདུག མོ་ཆག་སྒོ་འདི་འདྲར་ཐུག་དོན་ཅི་ཡིན་ནམ། དུས་སྐབས་དེར། ངའི་ཀླད་པའི་ནང་ཉིན་རེར་མི་ཞིག་གིས་འུར་སྐད་སྒྲོག མི་དེས་བཤད་རྒྱུར། “ལག་དམར་ནི་སྨྱོ་འདྲེས་བཟུང་བ་མིན་ནམ། སྟོང་དཔོན་གྱི་སྒོ་རའི་ཕྱི་ནས་ཀྱང་བུད་མེད་ཅིག་གསོད་ཕོད། སྨྱོ་ནད་འཕར་བ་མིན་ན་འདུག་བཟོད་མེད་པའི་ནད་བཙོག་ཅིག་འཕར་བ་ཡིན་སྲིད། ངས་མོའི་འདས་རྐྱེན་ནི་སྟེས་དབང་གི་དོན་རྐྱེན་ཞིག་ཡིན་པ་ལས། ཇུས་འགོད་མེད། དེ་འདྲ་དང་འཕྲད་པ་ནི་ཇུས་ཉེས་ཤོར་བར་རྩིས་ཆོག” ཟེར། མི་འདིས་བཤད་རྒྱུར། “དེ་ལྟར་བཤད་ན་མི་འགྲིག མོས་དངངས་སྐྲག་ངང་མིག་ཆེར་གདངས་ཡོད་ལ། འཇིགས་སྐྲག་གི་ཉམས་འགྱུར་དེ་སྐད་ཅིག་མ་དེར་འགུལ་མེད་དུ་གནས་ཡོད་པས། ལག་དམར་ངོ་མི་ཤེས་རུང་། སྔ་མོ་ནས་གོ་མྱོང་ཡོད་སྲིད། རྣམ་འགྱུར་དེས་ཁྱོད་ཡིན་ནམ། ཁྱོད་ཅིའི་ཕྱིར་ཡོང་བ་ཡིན། ཁྱོད་ཀྱིས་ཅི་ཞིག་བྱེད་འདོད་ཅེས་བཤད་བཞིན་པ་དང་འདྲ” ཟེར། ཡང་གཞན་ཞིག་གིས“ཞེ་འཁོན་གྱི་ཁ་ཕྱེ་ཟིན་པས། དགྲ་ཤ་ལེན་མཁན་ནམ་ཡང་རྗེས་སུ་ཉུལ་ནས། ལག་འགུལ་བའི་དུས་བཙལ་བཞིན་ཡོད། མོའི་དངངས་སྐྲག་གི་གོ་དོན་ཡོངས་སུ་མཚོན་མ་ཚར་བར། དབུགས་ཆད་པ་མ་ཡིན་ནམ”ཟེར། ངས་མིག་བཙུམས་ནས། ཀླད་པ་སྐད་ཅིག་ཙམ་ལའང་འགུལ་མཚམས་མ་བཞག ང་རང་རྒས་འདུག ངའི་མགོ་སྐྲ་དཀར་པོར་གྱུར་མགོ་ཚུགས། སེམས་ནས་མཚམས་མེད་པར་མོ་ཇི་ལྟར་བསད་པར་ཚོད་དཔག་དང་རྟོག་བཟོ་བྱས།…… ཡང་མི་གཅིག་བསད་འདུག ས་གནས་གཅིག་པ་དེ་རུ་བསད་འདུག ཤི་བོ་གྲོགས་པོ་ནི་‘ཁྲིམས་ཀྱི་ལག་པའི’ཁོངས་མི་ཞིག་ཡིན། ང་དང་འདྲ་བར་མིང་ཡོད་ཀྱང་། མི་རྣམས་ཀྱིས་ཁོའི་མཚང་མིང་ཁོ་ན་འབོད། ཁོ་ཡང་ཨོག་སྦུག་བྲེག་ནས་ཁྲག་བཞུར་བཅུག་པ་ཡིན་པས། གནས་དེར་ཉིན་ལྔར་དྲི་ངན་བྲོ་བྱུང་། བློས་མི་དཔོག་ཐེངས་རེར། ང་རང་དོན་རྐྱེན་བྱུང་སར་སོང་ནས་ཞིབ་ལྟ་བྱས། ས་དབྱིབས་ཅུང་ཐུར་དུ་འདུག་ལ། ས་འབོལ། ཡིན་ཡང་ས་ངོས་སུ་རྟ་དང་ནོར་ལུག་གི་རྨིག་རྗེས་ཅི་ཡང་ལུས་མི་འདུག་པས། ཡ་མཚར་བ་ཞིག་རེད། ངའི་མགོ་བོ་གས་གྲབས་འདུག ངས་རང་གི་རྩད་གཅོད་ཀྱིས་རང་ཉིད་བརླགས་པ་ཤེས་ཡོད། སྲས་མོ་ཆུང་ཆུང་། བཤད་ནས་མཚམས་འདིར་བསླེབས་དུས། ངས་ཡང་བསྐྱར་ཇ་ཚ་པོ་ཕོར་བ་གང་འཐུང་དགོས་བྱུང་། ད་ནི་ཁྱོད་རང་འདར་གིན་མེད་པར། རྣ་བ་གཏད་ནས་ངའི་སྐད་ཆར་ཉན་ཡོད་ཀྱང་། ང་ཤི་བོ་ཞིག་འདིར་འོངས་ནས་ཁྱོད་ལ་འདི་དག་བཤད་པར། ང་རང་ཧ་ཅང་ངོ་གནོངས། བུད་མེད་ཕོ་ཉ་ཤི་རྗེས། ང་རང་རྒས་པ་མགྱོགས། ལོ་བཅུ། ཡང་ལོ་བཅུ། ལོ་ཉི་ཤུ། ངས་ཅི་ཞིག་བྱེད་ཀྱིན་ཡོད་དམ། ‘ཁྲིམས་ཀྱི་ལག་པ’རུ་ང་རང་མུ་མཐུད་དུ་འདུག་མི་ཐུབ་པ་ནི་ཐག་གིས་ཆོད། ངའི་ནུས་པ་ནི་ན་སོ་རྒས་པ་དང་བསྟུན་ནས་ཇེ་ཆུང་དུ་གྱུར། འདི་ནི་དགའ་འོས་པའི་དོན་ཞིག་རེད། ཁོ་ཚོས་ང་རང་ཕོ་ཉ་བྱེད་པར་བཏང་། ངས་འདི་ཉིད་བུད་མེད་ཕོ་ཉའི་ལས་ཚབ་བྱས་པར་བརྩིས། ང་རང་ས་ཆ་མང་པོར་སོང་མྱོང་། ཐུ་བྷོད་ཀྱི་ས་ཆ་མང་ཆེ་བར་ཕྱིན། ཆེས་ཐག་རིང་ས་ནི་སྟོང་དཔོན་གྱི་རྗེས་འབྲངས་ནས་ནུབ་ཀྱི་ལི་ཡུལ་དུ་སོང་མྱོང་། ངས་ཐུ་བྷོད་ན་སྔགས་དེ་འཁྱར་མཁན་ཇེ་མང་ནས་ཇེ་མང་ཡིན་པ་ཚོར་བྱུང་། ༀ་མ་ཎི་པདྨེ་ཧཱུཾ། མ་ཎི་ཡིག་དྲུག་འདིའི་དོན་ཤིན་ཏུ་ཟབ་སྟེ། མཛད་མཐའ་མེད་ཅིང་རྒྱུན་མི་ཆད། ང་རང་དགའ་ནས་མིག་ཆུ་འཁོར་གྱིན་སྔགས་དེ་བཟློས། ལྕི་བས་བཟོས་པའི་ཁང་པ་ཞིག་ནས། དེ་ཉིད་ཤིན་ཏུ་ཆུང་སྟེ། —— རྒྱ་ཡུལ་གྱི་དུར་ས་ཞིག་དང་མཚུངས། ——ཕོ་ཉའི་ཐོབ་ཐང་ཐོག་ནས་རང་ཉིད་ཀྱི་མི་ཚེར་ཕྱིར་དྲན་བྱས། ངའི་མིག་ཆུ་མཚམས་མ་ཆད་པར་བཞུར། ནང་སེམས་ཀྱི་འགྱོད་གདུང་མ་ཎི་ཡིག་དྲུག་འདིར་བསྟུན་ནས་གཏིང་ཇེ་ཟབ་ཏུ་གྱུར། ངས་ཁ་ཆུ་སྣ་ཆུ་བཞུར་གྱིན་ཁ་རོག་གེར་བསམ་གཞིགས་བྱེད་དུས། གློ་བུར་དུ་ཀླད་པའི་ནང་ལུག་ཚིལ་གྱི་སྣུམ་སྒྲོན་ཞིག་ཤར་བྱུང་བས། དེས་ངའི་ཀླད་པའི་ནང་གི་མུན་པའི་ཆ་དེ་གསལ་སོང་། ང་རང་ཐོལ་བྱུང་དུ་གོ་རྟོགས་སད་བྱུང་། ངས་རྩད་གཅོད་ཀྱིན་པའི་དོན་དག འཐོབ་བྱ་ཅི་ཡང་མེད་དོན་ནི། ངས་སུས་ཁོ་ཚོ་བསད་པ་གཅིག་པུར་མཉམ་བཞག་ཕྱིར་རེད། དེའི་སྔོན་གྱི་དོན་དག་ལ་ངས་རྩད་གཅོད་ཞིབ་མོ་བྱས་མྱོང་ངམ། གལ་ཏེ་དེ་ནི་མུ་སྦྲེལ་བའི་ལྕགས་ཐག་ཅིག་ཡིན་པའི་དབང་དུ་བཏང་ན། ངས་ཆོས་ལ་དགའ་བསད་པ་དང་། བུད་མེད་ཕོ་ཉ་དང་གྲོགས་པོ་མི་གཞན་གྱིས་བསད། ལྕགས་ཐག་འདིའི་ནང་དུ་ད་དུང་ཨ་ལོང་ག་ཚོད་ཡོད་དམ།
བརྡ་འཕྲིན་མང་པོ་ངའི་རྣ་བར་ལྷུང་མགོ་ཚུགས་བྱུང་། འདི་ནི་ངའི་ཕོ་ཉའི་ཐོབ་ཐང་ལས་བྱུང་བ་རེད། ངས་རྩམ་ཁུག་འཁུར་ནས་མུ་མཐུད་དུ་སོང་ཞིང་། མུ་མཐུད་དུ་མཉན། མུ་མཐུད་དུ་རྩད་གཅོད་བྱས། ངས་བརྡ་འཕྲིན་འདྲ་མིན་གྱི་ནང་ནས་དབྱེ་འབྱེད་བྱས། ཕན་ཐོགས་པ་དག་བསྐྱུར། ཕན་མི་ཐོགས་པ་དག་ཤ་རུལ་གཞོགས་པ་ལྟར་གཡུགས། ངས་དམངས་ཁྲོད་དུ་སྔ་མོ་ནས་སྟོང་དཔོན་གྱི་སྒོ་ར་ཕྱིའི་མི་གསོད་དོན་རྐྱེན་ལ་བཤད་ཚུལ་ཡོད་པ་ཤེས། བཤད་ཚུལ་དེའི་མདུང་རྩེ་ཐད་ཀར་སུམ་པའི་བུད་མེད་རྒྱལ་ཁབ་ཀྱི་རྒྱལ་ཁབ་སླར་གསོ་བྱེད་མཁན་ལ་གཏད་འདུག བཤད་ཚུལ་དེ་ནི་ཁ་ཡོད་མིག་ཡོད་ཡིན་ཏེ། ——ཐུ་བྷོད་ཀྱི་སུམ་པར་རྒོལ་བས། གོ་མཚོན་སྤྲས་མེད་པའི་སུམ་པའི་དམག་དཔོན་གདོང་ནག་གི་ལུས་ཡོངས་རྨ་ཁས་ཁེངས་ཤིང་། གྲིས་གཤགས་པའི་ཕོ་བ་ལས་རྒྱུ་མ་ཕྱིར་བསྣར་འདུག གདོང་ནག་གིས་ན་ཟུག་བསྲན་ནས་རྒྱུ་མ་ཕྱིར་ཕོ་བར་བླུགས་ཏེ། ཁོ་རང་ཆུ་ནག་ཏུ་མཆོངས། ཐུ་བྷོད་ཀྱི་དཔའ་རྒོད་རྣམས་ཀྱིས་ཁོས་ལག་པ་ཡ་གཅིག་གིས་ཆུར་བརྐྱལ་བ་དང་། ཡ་གཅིག་གིས་ཕོ་བ་བསྐྱོར་ནས་རྒྱུ་མ་ཡང་བསྐྱར་ཕྱིར་བསྣར་བར་འགོག ཁོ་བརྐྱལ་ནས་ཐག་རིང་དུ་མ་ཕྱིན་པར་ཆུར་ནུབ་སོང་། ཚང་མས་ཁོ་ཤི་ཟིན་པར་ངོས་བཟུང་། ཡིན་ཡང་ལུས་ཡོངས་འདམ་གྱིས་སྦགས་པའི་ཁོ་ཆུ་ཁར་བུད་བྱུང་། ཆུའི་འགྲམ་ངོགས་སུ་འབྲོག་པའི་ཁྱིམ་ཚང་ཞིག་ཡོད་ཅིང་། བུ་མོ་བདུན་འདུག རྒད་པོས་ཉིན་དེར་ཆང་བཏུང་བས། རབ་བེ་རིབ་བེར་གཟུགས་སྟོབས་ཆེ་བའི་སྐྱེས་པ་ཞིག་ནག་འཚུབ་བེར་ཆུ་ཁར་བུད་པ་མཐོང་། ཁོས་གནམ་དམག་ས་ལ་བབས་པ་རེད་སྙམ་ནས། ལམ་སེང་ཕྱག་འཚལ། འོན་ཀྱང་ཁོའི་བུ་མོ་རྣམས་ཀྱིས་སྐྱེས་པ་དེས་ལུས་ལ་ཅི་ཡང་གྱོན་མེད་པར་གཅེར་བུ་ཡིན་པ་མཐོང་། པགས་ཚགས་ལྗིད་པོ་དེ་ཁོས་སྔ་མོ་ནས་ཆུར་གཡུགས་ཟིན་པས། ལུས་ཟོར་ཡང་བ་ཉ་ཞིག་དང་འདྲ་ཕྱིར། འདི་འདྲའི་ཐག་རིང་པོ་ཞིག་ལ་རྐྱལ་ཐུབ་པ་རེད། ཆུའི་གཏིང་ཐུང་བའི་ཁུལ་དུ་ཁོར་འདམ་གྱིས་སྦགས་ཟིན། ཕོ་བ་སྐྱོར་ཏེ་ཚུར་ཡོང་དུས། གཅིན་པ་གཏོང་ས་ནས་འདམ་ཆུ་མར་ཟགས་བཞིན་འདུག་ལ། ཡར་མར་གཡུགས་ནས་གང་སར་གཏོར། བུ་མོ་ཚོས་སྐད་རྒྱག་བཞིན་མིག་བཀབ་ནས་བྲོས། གདོང་ནག་གིས་རྒད་པོ་ཡར་བསྐྱོར་ཏེ། ཁབ་དང་ཀོ་བའི་སྐུད་པ་ཕྲ་མོ་ཞིག་བསླངས། རྒད་པོས་ཁོས་ཁྲག་དམར་ཙ་ར་ར་བྱེད་པའི་རྒྱུ་མ་ནང་དུ་འཇོག་ཞོར་རྨ་ཁ་བཙེམ་པར་བལྟ་བཞིན། ར་ཕལ་ཆེར་དྭངས་སོང་། དེ་རྗེས། གདོང་ནག་གིས་ཆུ་བླུགས་ནས་ལུས་ཀྱི་འདམ་བཀྲུས་ཤིང་། རྒད་པོའི་ལག་ནས་ཕྱིང་ཞྭ་དཀར་པོ་ཞིག་དང་། ཕྱུ་པ་རྙིང་བ་ཞིག ཟླ་གམ་དཀར་པོ་ཞིག་ལུས་སུ་གྱོན། དེ་ནས་བཟུང་། ཁོ་རང་སྒ་མེད་པའི་རྟ་ཞིག་ལ་ཞོན་ནས་ཐུ་བྷོད་ཀྱི་མངའ་ཁོངས་སུ་རྒྱུ། ཁོས་རྒྱལ་རྒྱུད་སྐུ་དྲག་ལ་འཇབ་རྒོལ་བྱས་ལ། ཁོ་ཚོའི་ལག་གཡོག་ལའང་འཇབ་རྒོལ་བྱས། གདོན་འདྲེ་ཞིག་དང་འདྲ་བར། ཟླ་གམ་དཀར་པོ་འོག་གི་ལུས་སུ་ཞེ་འཁོན་གྱི་མེ་ལྕེ་ལྷབ་ལྷུབ་ཏུ་འབར། བཤད་རྒྱུན་ལྟར་ན། སྟོང་དཔོན་གྱི་སྒོ་ར་ཕྱིའི་མི་གསོད་དོན་རྐྱེན་དེ། གསོད་སྟངས་ནས་དུས་ཚོད་ཀྱི་མཚམས་ཚིགས་དབར་གཅིག་ཀྱང་མ་ལུས་པར་ཁོས་སྒྲུབ་པ་ཡིན་པར་བསྟན་འདུག་ཟེར། ཁོ་ནི་ཉེན་ཁ་ཅན་ཡིན་ལ། བཙན་རྒྱལ་གྱི་དགྲ་བོ་ཡིན། ……ངས་བསམ་ན་ངའི་དཀྲོལ་འདོད་པའི་དོགས་གནད་ཀྱི་ལྕགས་ཐག་ཏུ་རིམ་པ་འདི་ཡོད་འོས།
འདི་ལྟར། ངས་ཡང་བསྐྱར་དོན་དག་གི་གོ་རིམ་ལེགས་སྒྲིག་བྱས་ཏེ། མཚམས་མི་ཆད་པར་དྲི་བ་བཏོན་ཞིང་། དེ་ལ་ལན་བཏབ། བསམ་གཞིགས་ཀྱི་ལྕགས་ཐག་གིས་དོན་དག་འདི་རྣམས་སྦྲེལ། ངས་དོན་དག་ནང་ཁུལ་གྱི་འབྲེལ་བ་གསལ་ཁ་ཐོན་པར་ཚོད་ལྟ་བྱས། ཡིན་ཡང་དོན་དག་འདི་རྣམས་ཀྱིས་ཐོག་མ་ནས་ང་དང་དོ་ཡ་བྱེད་པ་ལྟར། དོན་དག་གཅིག་དང་དོན་དག་གཞན་ཞིག་ནི་ཕན་ཚུན་ཟུར་འབུད་ཡིན་ཏེ། དམངས་ཁྲོད་དུ་ཕ་བུ་གསལ་འབྱེད་བྱེད་དུས་ཆུའི་ནང་དུ་ཐིགས་པའི་ཁྲག་ཐིགས་གཉིས་ཕན་ཚུན་འདྲེས་མི་ཐུབ་པ་དེ་དང་མཚུངས། ཡིན་ཡང་། ངས་མཚམས་མེད་པར་རྒྱུ་རྐྱེན་འགའི་མགོ་མཇུག་ལོག་ཅིང་། བར་དུ་བཅུག་པ་དང་རིགས་འདེད་བྱས་ཏེ། སྣ་མང་རང་བཞིན་འབྱུང་སྲིད་པར་བྱས། མཐར་ངས་འདི་དག་ཡོད་ཚད་ཀྱི་རྨང་གཞི་ནི——ངས་ངེས་པར་དུ་‘ཁྲིམས་ཀྱི་ལག་པས’་ཆོས་ལ་དགའ་གསོད་དགོས་པའི་རྒྱུ་མཚན་ཤེས་དགོས། རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་ཁོས་སྟོང་དཔོན་ལ་ཕོག་ཐུག་བཏང་བ་རེད། ཡིན་ཡང་དེ་དུས་སྟོང་དཔོན་གྱི་ལག་པ་འདར་བའི་ནད་འཕར་བཞིན་པའི་སྒང་ཡིན་པས། ཁོས་སྐྱག་པའི་མདོག་གི་ཕྱུ་པ་གྱོན་ནས། ཁང་ཀླད་དུ་བསྡད་དེ་ཅི་ལའང་ཁ་ཡ་མི་བྱེད་པར་ཕོ་རོག་ཁྱུ་གཅིག་ལ་ལྟོ་སྟེར་བཞིན་མཆིས། སྟོང་དཔོན་ཆུང་བ་ནི་གླུ་ལེན་འཆལ་སྤྱོད་ལ་མགོ་འཁོར་ནས། གནས་སྐབས་སུ་ལས་དོན་རྣམས་མགོ་བས་སྒྲུབ་ཀྱིན་ཡོད། ཅིག་ཤོས་ནི། “ༀ་མ་ཎི་པདྨེ་ཧཱུཾ།”རྒྱུན་མི་ཆད་པར་ཁྱབ་པས། བོན་པོའི་སྐུ་གཤེན་གྱི་བྱ་གཞག་ལ་ཕོག་ཐུག་བཏང་སྟེ། དད་པ་བྱེད་མཁན་ཕྲི་བས། ཁོར་ཆོས་ལ་དགའ་གསོད་འདོད་ཀྱི་ཀུན་སློང་ཡོད་ངེས། བོན་པོའི་སྐུ་གཤེན་གྱིས་ཁོར་ངན་སྐུལ་བྱས་པ་ཡིན་ནམ། ཡོད་ཚད་ད་དུང་ར་འཕྲོད་རྒྱུ་ཡིན་པས། ངས་རང་གི་འོས་འགན་སྒྲུབ་དགོས་ཕྱིར། བོན་པོའི་སྐུ་གཤེན་གྱི་སར་རྩད་གཅོད་བྱེད་དུ་སོང་།
སྲས་མོ་ཆུང་ཆུང་། ཁོ་ཚོས་ང་ལ་བཤད་དོན། སྐུ་གཤེན་ཉིན་རེ་ལས་ཉིན་རེར་རྒས་ཟིན། ཁོ་རང་རྒྱུན་པར་རྔ་གོར་མོ་ཞིག་གི་སྟེང་བསྡད་ནས། ནམ་མཁའི་སྐར་མར་ལྟ་ཟེར། མཚན་མོ་དེ་དངོས་གནས་ལྷིང་ཞིང་འཇགས་ཨང་། ངས་རུམ་དུ་ཆོས་ལ་དགའི་འདྲ་རིས་བཅུག་ཅིང་། ཕོ་བར་ཇ་ཚ་པོ་རྡག་རྡག་བླུག་ཡོད། རི་ལྡེབས་ཤིག་ནས་ངས་ཁོ་དངོས་སུ་མཐོང་བྱུང་། མི་རྣམས་ཀྱིས་བཤད་པ་ལྟར། ཁོ་སྔར་ལས་ཀྱང་རྒས་ཟིན། ཡིན་ཡང་ངོ་གདོང་ནི་སྔར་བཞིན་ཁོའི་ལོ་བརྒྱའི་ལོ་གྲངས་དང་མི་འཚམ། ང་རང་རྐང་འཇབ་ལག་འཇབ་ངང་ཁོའི་འགྲམ་དུ་བཅར། ཁོའི་མཐའ་འཁོར་དུ་མིག་མང་པོ་ཡོད་ཅིང་། ཕྱོགས་མི་འདྲ་བ་ནས་ང་ལ་བལྟས་ཡོད་པ་འདྲ། ངའི་ལུས་ཡོངས་ཀྱི་བ་སྤུ་གཟེངས་བྱུང་། སེམས་ཀྱི་རྔ་དེ་དྲག་ཏུ་རྡུང་བྱུང་། སྐུ་གཤེན་གྱིས་ང་རང་ལུས་སྒུར་ནས་ཁོ་དང་རྨིད་གཅིག་གི་མཚམས་སུ་ལངས་བསྡད་ཡོད་པར་ཁ་ཡ་གཏན་ནས་མི་བྱེད། དེ་ནི་རྒྱང་རིང་བའི་བར་ཐག་ཅིག་ཡིན་པ་ལྟར། ཅུང་ཙམ་འགོར་རྗེས། ཁོས་ནམ་མཁར་གཏད་ནས་སེ་གོལ་ཞིག་བརྒྱབ་པ་ན། ཏག་ཏག་སྐར་མདའ་ཞིག་མར་ལྷུང་།
“ སྤྱང་ཀི ངས་ཁྱོད་རང་ང་བཙལ་དུ་འོངས་བ་རྨི་ལམ་དུ་རྨིས་བྱུང་བ་འདྲ།”
ངས་རུམ་ནས་ཆོས་ལ་དགའི་འདྲ་རིས་བླངས་ཏེ་ཁོར་སྤྲད།
“ ངས་ད་དུང་ཁྱོད་ཀྱིས་ང་ལ་འདྲ་རིས་ཤིག་སྤྲད་པ་རྨིས་བྱུང་།”
སྐུ་གཤེན་གྱིས་འདྲ་རིས་ཀྱི་ཁ་ཕྱེ་སྟེ་སྒྱེད་པུ་གསུམ་གྱིས་བཙུགས་པའི་ཐབ་འགྲམ་དུ་ཁྱེར་ནས་བལྟས།
“ ཆོས་ལ་དགའ་རེད། འདྲ་རིས་འདི་ངས་བྲིས་པ་ཡིན། ཁྱོད་གྱི་ལག་ཏུ་ཇི་ལྟར་འཐོབ་པ་ཡིན།” སྐད་ཆ་བཤད་ཚར་རྗེས། ཁོས་འདྲ་རིས་རུམ་དུ་བཅུག
དྲི་བ་འདིར། ངས་ད་ལྟ་ལན་འདེབས་ཐབས་བྲལ་བས། ང་རང་ཁ་རོག་གེར་བསྡད།
སྐུ་གཤེན་གྱིས་དངན་པ་ཞིག་འཐེན་རྗེས། བཤད་རྒྱུར། “ ཁོས་ང་དང་ཉིན་གསུམ་ལ་ཆོས་རྩོད་བྱས་མྱོང་། ཁོའི་སྐད་ད་ལྟའང་ངའི་རྣ་ལམ་དུ་གྲག་འོངས། ཉིན་དེ་གསུམ་ལ། ཁོས་ང་རང་མགོ་སྒུར་དུ་བཅུག་སོང་། སྐབས་དེར་ཁྱོད་ཚོའི་མགོ་བའང་ཡོད” ཟེར།
ངས་ཅི་ཡང་མ་བཤད།
སྐུ་གཤེན་གྱིས་མདུན་གྱི་སྐད་ཆ་དེའི་སྣེར་མཐུད་ནས། མུ་མཐུད་དུ་བཤད།
“ ང་ཚོའི་སྲོལ་གཏོད་མེས་པོ་གཤེན་རབ་མི་བོ་ཆེས། ངའི་ཚུགས་ཀ་འདི་མཐོང་དུས་ཡིད་ཆད་སྲིད་པ་ཐག་གིས་ཆོད། ངས་ཆོས་རྩོད་ཐེངས་དེ་བརྒྱུད་རྗེས། རང་ཉིད་ལ་དོགས་པ་སྐྱེས་བྱུང་། གལ་ཏེ་རྡོ་རྙིང་པ་ཞིག་ལས་མེ་ཏོག་གསར་པ་བཞད་ཐུབ་ཚེ། དེ་ནི་དངོས་གནས་འགྲེལ་བཤད་རྒྱག་ཐབས་བྲལ་བའི་དོན་དག་ཅིག་ཡིན། ངས་རྒྱུན་པར་ཁོ་དྲན། ཆོས་ལ་དགའ། ཉིན་དེར་ཁོས་རང་ཉིད་ཀྱི་མིང་བཤད་དུས། ངས་ཁོའི་མིག་མདངས་སུ་འཕྲོ་བའི་ཤེས་རབ་དེ་མཚན་མོའི་མཁའ་དབྱིངས་ཀྱི་སྒྲོན་མེ་དང་མཚུངས་བ་མཐོང་བྱུང་། དེ་བས་ངས་རི་མོ་འདི་ལུག་ལྤགས་གྲིལ་མ་འདིའི་སྟེང་བྲིས་པ་ཡིན། འོན་ཀྱང་ག་དུས་ཡིན་པ་མ་ཚོར་བར། དེ་ཉིད་བོར་བརླག་བྱུང་སོང་།” ཁོས་དངན་པ་འཐེན་བཞིན། ནང་སེམས་ད་དུང་དཀའ་བའི་གནས་སུ་ཚུད་འདུག
“ ཡིན་ཡང་ཁོ་རང་གྲོངས་ཟིན།” གློ་བུར་དུ་ངའི་ཁ་ནས་སྐད་ཆ་དེ་འདྲ་ཞིག་ཤོར།
སྐུ་གཤེན་གྱིས་སྐད་ཆ་དེ་ཐོས་རྗེས། གདོང་ཡོངས་ཐེ་ཚོམ་གྱིས་བཅིངས་བྱུང་། “ ཁྱོད་ཀྱིས་ངས་ཁོ་བསད་པ་རེད་ཅེས་བཤད་འདོད་དམ། གལ་ཏེ་ཁྱོད་ཀྱིས་འདི་ལྟར་འདོད་པ་ཡིན་ཚེ། ཁྱོད་རང་ངའི་མིག་གིས་མི་མཐོང་སར་སོངས་ཤིག ངས་འདི་ལྟར་རྩ་བ་ནས་བསམ་མ་མྱོང”ཟེར།
བཤད་ཚར་རྗེས། ཁོས་མུ་མཐུད་དུ་ནམ་མཁར་བལྟ་བཞིན། མཛུབ་མོས་སེ་གོལ་ཞིག་བརྒྱབ། ཏག་ཏག་སྐར་མདའ་ཞིག་ཡང་བསྐྱར་མར་ཟགས།
ཡོད་ཚད་ཀྱིས་ང་ལ་བློ་སྒོ་འབྱེད་པ་ལྟར། དེ་དུས་ང་རང་དགའ་ནས་དབང་མེད་དུ་མིག་མཐར་མཆི་མ་འཁྱིལ་བྱུང་། ནག་ཉེས་ཆེན་པོ་བསགས་པའི་མི་ཞིག་གིས། ཁོའི་མི་ལོ་ཉི་ཤུའི་དུས་ཚོད་སྤྱད་ནས་མཚམས་མ་ཆད་པར་རྩད་བཅད་མཐར། དེའི་མཇུག་འབྲས་ཏག་ཏག་སྐབས་ཐོག་དེར་ཀླད་པའི་ནང་གསལ་བོར་ཤར་བྱུང་། ངས་ཚིག་ཐག་གཙང་བཅད་ཀྱི་སྐད་གདངས་ཤིག་གིས་ནང་སེམས་སུ་ཁྱབ་བསྒྲགས་བྱས། ལག་དམར་ནི་མི་དེ་རེད། ངས་ཡང་བསྐྱར་དོན་དག་གི་བྱུང་བ་དང་འཕེལ་རྒྱས་ཀྱི་གོ་རིམ་ལ་ཕྱིར་ལྟ་ཞིག་བྱེད་དུས། སེམས་སུ་གློ་བུར་དུ་མདའ་རྟགས་ཤིག་ཤར་ཞིང་། དེས་ཀྱང་ཁོ་བསྟན་བྱུང་། ང་རང་འཁྱར་ར་འཁྱོར་རེར་རི་ལས་བབས་ཤིང་། ཐ་ན་སྐུ་གཤེན་དང་བདེ་མོ་འཇོག་རྒྱུ་ཡང་བརྗེད་སོང་། ང་རང་ཉིད་ཀྱི་ཁང་པའི་ནང་ནས་ཡར་འགྲོ་མར་འགྲོ་བྱས། སེམས་ནས་མཚམས་མ་ཆད་པར་ནན་བཤད་བྱས། གནད་འགག་གི་སྐབས་འདིར། ངེས་པར་དུ་ལྷོད་ལ་འབབ་དགོས། ཆེས་སྡུག་པའི་འཆར་གཞི་འཐེན་ཞིང་། འཆི་དགོས་ངེས་ཀྱི་སེམས་ཐག་གཅོད་དགོས། ངས་ཡང་བསྐྱར་དྲི་བ་བཏོན་ཞིང་། དེ་ལ་ལན་བཏབ། ཡིན་ཡང་གསར་རྙེད་ཅིག་གི་དགའ་སྤྲོའི་རྗེས་སུ། ངས་གློ་བུར་དུ་རང་ཉིད་ལ་ཉེས་ཅན་ཁོ་ངོས་འཛིན་བྱེད་པའི་དཔང་རྟགས་ཅི་ཡང་མེད་པ་ཤེས། ཐམས་ཅད་སླར་ཡང་དཀག་སོང་། ངས་མེ་བུས་ནས། ཇ་ཚ་པོ་དེམ་གང་བསྐོལ། ངས་ཇ་འཐུང་བཞིན། སེམས་ནས་མཚམས་མི་ཆད་པར་ཆ་འཇོག་བྱས། གལ་ཏེ་ང་ནི་སླུ་ཟན་ཞིག་ཡིན་ཚེ། ཁོ་རང་གཡོ་འོག་ཏུ་ཚུད་དམ། གལ་ཏེ་ཚུད་པ་ཡིན་ན། ཆེས་གལ་ཆེ་བ་ནི་ངས་ཇི་ལྟར་རང་ཉིད་སླུ་ཟན་དུ་འགྱུར་རུ་འཇུག་དགོས་སམ། ཡོངས་སུ་མ་སྨིན་པའི་འཆར་གཞི་ཞིག་ངའི་སེམས་ནས་ག་ལེར་གྲུབ།
ངས་གང་སར་བུད་མེད་ཕོ་ཉ་དང་གྲོགས་པོའི་ཤི་རྐྱེན་དེ་གོ་ཐོས་བྱུང་བའི་གཏམ་དང་འབྲེལ་བ་ཅི་ཡང་མེད་པ་སྒྲོག་སྤེལ་བྱས། “ཁྱོད་ཚོས་གོ་ཐོས་བྱུང་བ་དེ་འདྲ་མིན་པར། ལག་དམར་ནི་གཞན་ཞིག་རེད། ངས་ལག་དམར་གྱི་རྗེས་ཤུལ་ཅུང་ཙམ་ལག་སོན་བྱུང་། ག་དུས་ཡིན་རུང་ཕར་རྒོལ་བྱེད་པར་གྲ་སྒྲིག་བྱས་ཏེ། ཐུ་བྷོད་དུ་དུས་ཡུན་རིང་བོར་ཁྱབ་པའི་དོན་རྐྱེན་དེའི་གསལ་ཁ་ཕྱེས།” ང་ལ་དེའི་ནུས་པ་ཡོད་ལ། ཡིད་ཆེས་ཀྱང་ཡོད། ངས་རང་ཉིད་ཀྱི་སྐད་ཆར་གཤོག་པ་ཐོགས་ནས་ཁོའི་རྣ་ལམ་དུ་འབྱོར་བར་རེ་ལྟོས་བྱས། དེར་མཐུད་ནས། ང་རང་རྟག་པར་མཚན་མོ་ཕྱིར་ཐོན། སྐབས་ཐོག་དེར། ང་རང་ཁོད་ཡངས་བའི་ཐང་སྟོང་དུ་སོང་ནས། ཁོས་ལག་འགུལ་བར་སྟབས་བདེ་བཟོས། ང་ནི་སླུ་ཟན་ཞིག་ཡིན། ངས་རང་ཉིད་ཀྱི་རིགས་འདེད་རིམ་པ་རེ་རེ་ཡང་དག་འཁྲུལ་མེད་ཡིན་པ་ར་སྤྲོད་དགོས། ངའི་སྲས་མོ་ཆུང་ཆུང་། ཉིན་དེ་དག་ལ་ངས་རྒྱུན་པར་ཁྱོད་ཚོ་རྨི་ལམ་དུ་རྨིས་བྱུང་། སྔོན་ལ་བུད་མེད་ཕོ་ཉ་ཡིན་ཏེ། མོས་སྒོ་ཕྱེ་ནས་ངའི་ཁང་པར་འཛུལ་ཞིང་། ང་རང་གཉིད་ཁུགས་པའི་ཚུགས་ཀར་བལྟ་བཞིན། མཛུབ་མོས་ངའི་སྣ་བཙིར་བྱུང་། ངས་དབུགས་བཀག་ནས་ཡུན་རིང་འགོར་བ་ན། མོས་ལག་པ་གློད་དེ། གད་མོ་དགོད་བཞིན་མེ་བུས་ནས་ཇ་བསྐོལ་བྱུང་། རྨི་ལམ་འདི་ནི་དངོས་མ་ཞིག་དང་ཤིན་ཏུ་མཚུངས། ངས་མོའི་རྣམ་ཤེས་ཀྱིས་མོའི་ཁྱིམ་འདི་བཙལ་དུ་ལོག་པར་དོགས་པ་སྐྱེས། ངའི་མགོ་སྐྲ་དཀར་པོར་གྱུར་ཡོད་ཀྱང་། མོ་ནི་སྔོན་ཆད་ཀྱི་མོ་རེད། མོ་ནི་སྔོན་ཆད་དང་མཚུངས་བར། ངའི་ཕོར་བའི་ནང་གི་ཇ་འཐུང་། དེ་ནས་རྩམ་ཁུག་འཁུར་ནས་བུད་སོང་། དེར་མཐུད་ནས། ངས་སླར་ཡང་ཁྱོད་ཀྱི་འབོད་སྐད་ཐོས་བྱུང་། “ཨ་ཁུ་སྤྱང་ཀི ཁྱོད་རང་ང་ལ་བལྟ་རུ་མི་འོངས་བ་ཅི་ཡིན།” ངས་གློ་བུར་དུ་ཁྱོད་ཀྱི་ངོ་གདོང་སྐྱ་བོ་ཡིན་ལ། མགོ་རུ་མེ་ཏོག་གི་ཕྲེང་བ་གྱོན་ནས། རི་ངོས་ཤིག་ཏུ་ལངས་ཡོད་པ་མཐོང་བྱུང་། ངའི་སྙིང་ནི་ས་སྟེང་དུ་སྤྱུགས་མ་ཐག་པའི་ཉ་ལྟར་ལྡིང་བྱུང་། ང་རང་སད་རྗེས། ལག་པས་བྲང་ཁ་སྐྱོར་བ་ན་དབུགས་འཚང་བྱུང་། ང་རང་ཁྱོད་ལ་བལྟ་རུ་འགྲོ་རྒྱུར་ཐག་གིས་བཅད། ཡིན་ཡང་གཡོག་པོ་སྡུག་ཅག་དེ་དག་གིས་ང་རང་ཐེངས་འགར་བདས་བྱུང་། ང་ལ་སྒུག་ལོངས་མ་བྱུང་། ཉིན་མོ་དེ་ཇེ་ཉེ་ནས་ཇེ་ཉེ་རེད། ཡོད་ཚད་ཆུ་དྭངས་གྲམ་གསལ་ལྟར་ཡོང་ངེས། ངས་རང་གི་སེམས་པ་ཚོད་འཛིན་བྱེད་ཐབས་བྲལ་ཏེ། ཅུང་མིན་ན་ཆོ་ངེ་བཏབ་ནས་ངུས་བྱུང་། ཤི་བོ་ཞིག་གི་ངུ་ངག་གིས། མཁའ་དབུགས་ཡོངས་འཇིགས་སྐྲག་དང་ཁྱད་མཚར་ཞིག་ཏུ་གཏོང་སྲིད་པས། ངས་བཟོད་བསྲན་བྱས་ནས་སྐད་སྒྲ་དེ་འདྲ་མི་ཐོན་པར་བྱ་རྒྱུ་ལས་མ་འདས། ……མཚན་མོ་དེར། ངས་དངོས་གནས་ཁོ་སྒུག་ཐུབ་བྱུང་། ང་རང་བསད་ནས་ཁ་འགོག་འདོད་པའི་མི་དེ། ཁོ་སྒ་མེད་པའི་རྟ་ནག་པོ་ཞིག་ལ་ཞོན་ཏེ། མགོ་རུ་ཕྱིང་ཞྭ་དཀར་པོ་ཞིག་གྱོན་འདུག་ལ། ལུས་སུ་ཟླ་གམ་དཀར་པོ་ཞིག་གྱོན་འདུག གདོན་འདྲེ་ཞིག་དང་འདྲ་བར་རྩྭ་ཐང་ནས་ང་རང་རྙེད་བྱུང་། ངས་ཁོར་ཇ་ཕོར་གཏད། “ཤོག་དང་། གྲོགས་པོ་ཇ་འཐུང་།” ཁོས་ངའི་ཇ་ཕོར་བླངས་ནས་གཞོགས་ཤིག་ཏུ་གཡུགས་རྗེས། གྲི་ཕྱར་ནས་ངའི་སྣ་རྩེར་བཙུགས་བྱུང་། ངས“གྲོགས་པོ། ཐུ་བྷོད་ཀྱི་ཁྲིམས་སྲོལ་དུ་གང་བྱུང་དུ་གཞན་གྱིས་གཏད་པའི་ཇ་ཕོར་གཡུགས་དགོས་པ་བྲིས་མི་འདུག” ཅེས་བཤད། ཁོས་མགོ་བོ་ལན་འགར་གཡུགས། ངའི་དོན་མེད་རྩོད་གླེང་ལ་ཁ་ཡ་བྱེད་རིན་མེད་པ་ལྟར། ཁོས་སྒྱེད་པུའི་སྟེང་གི་ཇ་དེམ་ལ་རྡོག་རྒྱག་གཞུས་ནས་གཡུགས་པ་ན། ཇས་ཕུ་སྒྲ་དང་བཅས་ཐབ་ཀྱི་མེ་བསད་དེ། དུ་བ་སྟུག་པོའི་དྲི་མ་ཞིག་ཁྱབ་མགོ་ཚུགས། ནམ་མཁའི་སྤྲིན་ནག་མཚམས་མི་ཆད་པར་མཉམ་དུ་རུབ་བྱུང་། ང་ཚོའི་མགོ་ཐོག་ཏུ། གློག་དམར་ནི་གསལ་ལ་མི་གསལ་བའི་འབྲུག་སྒྲ་དང་འགྲོགས་ནས་མཚམས་རེར་འཁྱུག་པར་བྱེད།
ངས“ང་སོད་དང་། ངས་དོ་དགོང་སྒྲུབ་དགོས་པ་ནི་ཁྱོད་ཀྱི་མཚང་བརྟོལ་རྒྱུ་དེ་ཡིན”ཞེས་བཤད།
ང་ནི་རང་གི་མངའ་ཁོངས་ཤོར་བའི་སེང་གེ་ཞིག་དང་འདྲ་བར། ཁོར་བསྐོར་ནས་བསྐོར་བ་རྒྱག་མགོ་ཚུགས། ངས་གོམ་པ་རེ་སྤོས་ཚེ། སྐད་གདངས་ཇེ་མཐོར་བཏང་ནས། སྲོག་ཉེན་ལ་མི་འཛེམ་པའི་མི་ཞིག་ལྟར། ཁོས་ངས་འདི་ལྟར་བྱེད་སྲིད་པ་བློ་ཡུལ་དུ་ཤར་མེད་པ་འདྲ།
ངས་ཡང་བསྐྱར“ཁྱོད་ཀྱི་གདོང་ནག་པ་ནི་རྫུན་མ་ཡིན་པ་འདྲ། སླ་ངའི་ཞབས་ཀྱི་དྲེག་ནག་བྱུག་པ་ཡིན་ནམ། གལ་ཏེ་འདི་ལྟར་སུམ་པ་རྒྱལ་ཁབ་སླར་གསོ་བྱེད་མཁན་དུ་བརྫུས་ན། དངོས་གནས་ལྷ་རྣམས་ལ་ནམ་མཁའ་ནས་གད་མོ་དགོད་དུ་འཇུག་རྒྱུ་རེད”ཅེས་བཤད། ཁོ་ཁོང་ཁྲོ་ལངས་ཕྱིན། དུ་བ་འཕྱུར་བཞིན་པའི་སྒྱེད་པུའི་ཐབ་ཀའི་སྟེང་ནས་ཚུར་མཆོངས་ཏེ། ངའི་ཕུ་ཐུང་ནས་བཟུང་བྱུང་། མཚན་མོ་ཡིན་ཡང་གྲི་ནི་གཡུགས་ཀྱིན་གཡུགས་ཀྱིན་གྲང་འོད་ལམ་ལམ་འཕྲོ།
ངས“བྲེལ་བ་མ་ལངས་དང་། ངས་ཁྱོད་ལ་གསལ་བཤད་ཡག་པོ་ཞིག་བྱེད”ཅེས་བཤད།
ངས་ཕུ་ཐུང་ཕྱིར་འཐེན་ཏེ། ཚིག་གི་མཚོན་ཆ་མཚམས་མེད་པར་ཁོའི་ཕྱོགས་སུ་འཕྱར། ང་ལ་གང་ནས་འོངས་བ་མི་ཤེས་པའི་སྤོབས་པ་རྒྱས་བྱུང་། ཕྱུ་པའི་ཕུ་ཐུང་ཕྲག་པར་འཕངས་ཏེ། སྐད་ཆ་ཚིག་རེ་བཤད་རྗེས། ཁོའི་གདོང་ལ་མཛུབ་མོ་ཐེངས་རེར་བཙུགས། ངས་ཁོས་མཐོང་ཡོད་མེད་ལ་ཁ་ཡ་མི་བྱེད། ང་ལ་དགོས་པ་ནི་ཁོར་འདྲི་རྩད་བྱེད་རྒྱུ་དེ་ཡིན། བདེན་ལུགས་ཀྱི་སྟེགས་བུར་འཛེགས་ནས། ཁོར་ཁ་གྲག་རྒྱུ་མེད་ཅིང་དགག་པ་རྒྱག་ཐབས་བྲལ་བར་བཟོས།
ངས་ཡང་བསྐྱར“ཁྱོད་ཀྱིས་བུད་མེད་ཕོ་ཉ་བསད་ཅིང་། ‘ཁྲིམས་ཀྱི་ལག་པའི’་གྲོགས་པོའང་བསད། འདི་དག་ཡོད་ཚད་ནི་ཁྱོད་རང་གི་སྒེར་འདོད་སྐོང་ཆེད་རེད། ཚང་མའི་མིག་ལམ་དུ་ཁྱོད་ནི་གྲི་བཟུང་བའི་འཆལ་མོ་རེད། ད་དགོང་ངས་གྲི་བཟུང་མེད་དོན་ནི། ངས་མཆིལ་ཞག་དང་ཚིག་རྩུབ་ཀྱིས་ཁྱོད་ལ་དམོད་མོ་འདེབས་འདོད་པ་ཡིན”ཞེས་བཤད།
མི་དེས་ངའི་སྐད་ཆར་མཉན་རྗེས། སྐད་འགག་བཞིན་ཧབ་ཆ་བརྒྱབ་བྱུང་།“ཁྱོད་ནི་སྤྱང་ཀི་ཡིན་ནམ། ངས་ད་དུང་ཁྱོད་ལ་བཤད་མེད་དེ། ངས་བུད་མེད་ཕོ་ཉ་གསོད་དུས། མོས་པུས་བཙུགས་ནས་ང་ལ་ཞུ་བ་བྱེད་ཀྱིན། ངའི་དེ་ལ་ཁ་བསྐྱལ་ཆོག་ཟེར། ཡིན་ཡང་ངས་མོའི་ཨོག་སྦུག་བྲེག་པ་ཡིན།”
ངས“ཁྱོད་ཀྱིས་རྨི་ལམ་མ་གཏོང་། ཁྱོད་ཀྱིས་ང་རང་ངོ་མི་ཤེས་ཁུལ་བྱས་རུང་། ངས་སྔར་བཞིན་ཁྱོད་ཀྱིས་མོ་གསོད་དོན་ལ་ནན་འདྲི་བྱེད་དགོས”ཞེས་བཤད།
ཁོས་མུ་མཐུད་དུ་སྐད་འགག་བཞིན་བཤད་རྒྱུར། “དེ་ནི་གསང་བ་ཞིག་ཡིན། དོ་དགོང་ངས་ཁྱོད་ལ་དོགས་པ་སེམས་སུ་ཉར་ནས་ཤི་རུ་བཅུག་སྟེ། སྡུག་བསྔལ་ཚད་མེད་མྱོང་དུ་འཇུག་འདོད”ཟེར།
ངས་ས་སྟེང་དུ་མཆིལ་མ་ཞིག་འཕངས་ནས། “དེ་ན་ངས་གསང་བ་འདིའི་མཐིལ་བརྟོལ་ན་ཇི་འདྲ་རེད། ངས་ཁྱོད་ལ་བཤད། ཁྱོད་ཀྱིས་མོ་གསོད་དོན་ནི། མོས་ཁྱོད་ཀྱི་གསང་བ་ཤེས་པའི་ཕྱིར་རེད། ཁྱོད་ཀྱི་གྲོགས་པོ་གསོད་དོན་ནི། གྲོགས་པོས་ཁྱོད་ཀྱིས་བུད་མེད་ཕོ་ཉ་བསད་པ་ཤེས་པའི་ཕྱིར་རེད། ཁོ་གཉིས་ཀ་སྟོང་དཔོན་གྱི་བསམ་བློ་ཁང་དུ་འགྲོ་བའི་ལམ་བར་ནས་ཁྱོད་ཀྱིས་བསད་པ་རེད། གལ་ཏེ་མཚན་མོ་དེར། ཁྱོད་ཀྱིས་མོ་གསོད་མ་ཐུབ་ཚེ། ཁྱོད་ཀྱིས་སྒྲུབ་པའི་དོན་དག་ཡོད་ཚད་སྟོང་དཔོན་རྒན་པས་ཤེས་སྲིད་ལ། ཁྱོད་ལ་སྒུག་ཡོད་པ་ནི་ཆུ་བཙོན་དུ་བཅུག་ནས། སྐྱི་ལྤགས་ཆུས་སྦངས་ནས་ཕྱི་གསལ་ནང་གསལ་དུ་གྱུར་ཏེ་ཤི་བ་ལས་མ་འདས”ཞེས་བཤད། ཁོས་ངའི་སྐད་ཆར་ཉན་རྗེས་ཧ་ལས་ཧང་སངས་སོང་། ངས་ཁོའི་འདར་བཞིན་པའི་གྲིབ་ནག་ལས་གསལ་བོར་ཚོར་བྱུང་།
ངས་ཡང་བསྐྱར“ཁྱོད་ཀྱིས་ལག་འགུལ་ཐེངས་རེར། སུམ་པའི་གདོང་ནག་ཏུ་སྤྲས་ཀྱང་། སྐད་འགག་ནས་སྐད་ཆ་བཤད་པ་དེས། ཁྱོད་ཀྱི་ནག་ཉེས་སྦས་མི་ཐུབ”ཅེས་བཤད།
རླུང་བུ་ཞིག་གློ་བུར་དུ་ལྡང་ནས། སྒྱེད་པུ་གསུམ་གྱི་ཐབ་ཀའི་མེ་རོ་བསྐྱར་དུ་འབར་བཅུག་སོང་། ཁོའི་མཆུ་འདབ་རིང་བའི་ཕྱིང་ཞྭ་དཀར་པོ་རླུང་གིས་སྤུར་བྱུང་། དྲེག་ནག་བྱུག་པའི་ཁོའི་ངོ་གདོང་མེ་འོད་འོག་སྐབས་རེ་གསལ་ཞིང་སྐབས་རེར་མོག གནམ་ལས་གློ་བུར་དུ་ཆར་བབས་བྱུང་ལ། འབབ་ཤུགས་ཇེ་ཆེ་ནས་ཇེ་ཆེ་རེད། ཁོའི་གདོང་གི་དྲེག་ནག་ཆར་ཆུས་བཤལ་ནས་བཀྲུས། གློག་དམར་ཞིག་གིས་ཁོའི་ངོ་གདོང་གསལ་བྱུང་། ངས་རང་ཉིད་ཀྱིས་ཧབ་དགོད་བྱེད་པ་ཐོས། “ཉེས་ཅན་གནམ་གྱིས་མི་ཤོང་། མགོ་བ། ཁྱོད་ཀྱི་འདྲེ་གདོང་ཆར་ཆུས་བཀྲུས་སོང་།”
ངའི་སྲས་མོ་ཆུང་ཆུང་། མཚམས་འདིར་བསླེབས་དུས། སྐབས་དེ་དུས་ཀྱི་ང་ནི་ཇི་འདྲའི་སྤྲོ་བ་ཁྱོད་ཀྱི་བློ་ངར་འཆར་དཀའ། ངས་ཧ་ཧ་ཟེར་བཞིན་བགད། རྣ་ལམ་དུ་བུད་མེད་ཕོ་ཉའི་དགོད་སྒྲ་ཡང་ཐོས་བྱུང་བ་འདྲ། ཐ་ན་མོས་ཐལ་མོ་རྡེབ་ཀྱིན་འདུག་ལ། ལག་ཟུང་གཡུགས་ནས་བྲོ་འཁྲབ་བྱུང་། ཡིན་ཡང་ང་རང་ནོར་འདུག དེ་ནི་ངའི་འཁྲུལ་སྣང་ལས་མ་འདས། ངའི་མིག་གཡོན་པར་དངོས་པོ་ཞིག་གིས་ཤུགས་ཀྱིས་རྡེག་བྱུང་། ཁྲག་དམར་ལྷོག་ལྷོག་ཏུ་བཞུར་ནས། ངའི་གདོང་ཕྱེད་ཁྲག་གིས་སྦགས་བྱུང་། དེ་མཐུད་ནས། ངས་མགོ་བས་འུར་བརྒྱབ་པ་ཐོས་བྱུང་། “ད་ཁྱོད་ཀྱིས་ཤོད་དང་། ངས་ཁྱོད་གསལ་བོ་ཞིག་འཆི་རུ་འཇུག” ངའི་ལྟོ་བར་གྲིས་བཙུགས་བྱུང་། ངས་གྲི་དེ་ལྟོ་བར་བཙུགས་རྗེས་ལན་གཅིག་སྐོར་ནས་ཕྱིར་ཕྱུང་བ་ཚོར་བྱུང་། དེ་ནས། ངའི་ལུས་སུ་གྲིས་ཐེངས་འགར་བསྣུན་བྱུང་། ང་རང་ས་རུ་འགྱེལ་ཏེ། ཁ་ནས་ཁྲག་སྐྱུག ངས་ལུས་པོ་ཡར་འབུར་བའི་སྤང་རྡོག་ཅིག་ལ་ཁེན་ནས། རང་ཉིད་ཀྱིས་ད་དུང་སྐད་ཆ་བཤད་ཀྱིན་པ་ཚོར། ……ཁྱོད་ཀྱི་སྨྱོ་ཧམ་གྱིས་ཏག་ཏག་ཁྱོད་ཀྱི་ཉམ་ཆུང་གསལ་བོར་མཚོན་འདུག ཁྱོད་ཀྱིས་ང་ལ་གསོད་དུ་བཅུག་པའི་ཆོས་ལ་དགའ་དྲན་ནམ། ཁོས་ང་ལ་སྔགས་ཤིག་བསྐུར་བྱུང་། ——ༀ་མ་ཎི་པདྨེ་ཧཱུཾ། ཁྱོད་ཀྱིས་ཐུ་བྷོད་དུ་སྔགས་འདི་ཁྱབ་རྒྱ་ཆེ་ཞིང་ཡུན་རིང་བ་མི་ཤེས་པ་མི་སྲིད། ཁྱོད་ཀྱིས་ཐ་ན་རང་གིས་ཆེས་བཀུར་སའི་བོན་པོའི་སྐུ་གཤེན་ཡང་སེམས་ཤོར་བ་མཐོང་འདོད་མ་བྱུང་། དེ་བས་ཁྱོད་ཀྱིས་སྐུ་གཤེན་གྱིས་བྲིས་པའི་ཆོས་ལ་དགའི་འདྲ་རིས་དེ་བརྐུས། ཁྱོད་ཀྱིས་དེ་བས་བློ་ངོར་འཆར་མི་ཐུབ་པ་ནི། རྡོ་རྙིང་བ་ཞིག་ལས་ཀྱང་མེ་ཏོག་གསར་པ་བཞད་པ་དེ་རེད། འདིས་ཁྱོད་རང་འཚིག་པ་གཏིང་ནས་ཟ་རུ་བཅུག ཁྱོད་ཀྱི་སྟོང་དཔོན་རྫུན་མའི་མིང་ཐོག་ནས། ང་ལ་ཁོ་གསོད་དུ་བཅུག ཆོས་ལ་དགས་ཁྱོད་ལ་སྐད་ཅིག་བསྐུར་བྱུང་། ཁོའི་ཤ་ཁྲག་གི་ཕུང་བོ་བརླག་ཐུབ་རུང་། ཁོའི་སྙིང་སྟོབས་བརླག་མི་ཐུབ་ཟེར། བུད་མེད་ཕོ་ཉས་ཁྱོད་ཀྱི་ཅི་བྱས་ཐམས་ཅད་སྟོང་དཔོན་གྱི་བཀོད་སྒྲིག་མིན་པ་ཤེས་པས། ཁྱོད་ཀྱིས་མི་བསད་ནས་ཁ་བཀག་པ་རེད། ཁྱོད་ཀྱི་སྨྱོ་ཧམ་གྱིས། དོན་དམ་པར་ཁྱོད་རང་ཉིད་ཀྱི་ཞེ་སྡང་ཆེན་པོ་དེ་རྩ་མེད་དུ་གཏོང་བ་ཡིན།”
མགོ་བས་མཉན་ནས་མཚམས་འདིར་བསླེབས་དུས། ལུས་སྒུར་ཏེ། ངའི་ཨོལ་སྦུག་གི་སྟེང་གྲི་འཕྲེད་ཀྱིས་བཙུགས་བྱུང་། ཁོའི་ངོ་གདོང་དུ་ཁྲོ་གཉེར་བསྡུས་ཤིང་། ཁ་ནས་སྨྱོན་པ་ལྟར་འདོན་རྒྱུར། “ཁྱོད་ཚོ་གླེན་པ་འདི་དག སྡར་མ། ཀླད་པའི་ནང་ཡོད་པ་ནི་སྐྱོ་མ་ཡིན། བྱམས་སྙིང་རྗེ། བྱམས་སྙིང་རྗེ། ཁྱོད་ཚོས་བྱམས་སྙིང་རྗེས་རྒྱ་ཆེ་བའི་མངའ་ཁོངས་བསྡུ་ཐུབ་པར་འདོད་དམ། ཁྱོད་ཚོས་བྱམས་སྙིང་རྗེའི་ཁྱབ་ཤུགས་དེ་གསོད་གཏུབ་ལས་མགྱོགས་པར་འདོད་དམ། དེ་བས་ཁྱོད་ཚོ་རེ་རེ་བཞིན་ཤི་དགོས་ལ། ཁྱོད་ཚོའི་བླུན་རྨོངས་ཀྱི་ཆེད་དུ་ཤི་དགོས”ཟེར།
མགོ་བས་བཤད་ཚར་མ་ཐག ངའི་ཨོལ་སྦུག་བྲེག་སོང་། ངས་དེ་བས་ཀྱང་མང་བའི་ཁྲག་བཞུར་བྱུང་བ་ཐོས། ཁྲག་ནི་ངའི་བྲང་ཁོག་ནས་ཕྱིར་བཤོལ་ཅི་ཡང་མེད་པར་ས་སྟེང་དུ་མཆོང་། དེ་ཚོ་ཚམ་ཚོམ་ཅི་ཡང་མེད་པར། ཆར་ཆུ་དང་མཉམ་དུ་བཞུར་གྱིན། དང་ཐོག་ངའི་ཨ་མའི་ལྟེ་ཁྲག་འཕོ་སའི་གནས་སུ་ལོག་འདོད་པ་འདྲ།

འབྲེལ་ཡོད་འོས་སྦྱོར།