ང་ལ་འཕྲིན་པ་གཏོང་རོགས།
རྩོམ་པ་པོ།:འདབ་དྲུག
ཡོང་ཁུངས།:མི་གསལ།
དུས་ཚོད།:2021-10-08
ཀློག་གྲངས།:
ང་ལ་འཕྲིན་པ་གཏོང་རོགས།
འདབ་དྲུག༼མཚོ་ལྷོ།༽
དུས་ཚོད་འདི་དངོས་འབྲེལ་མགྱོགས་དྲགས། མགྱོགས་ཟེར་ནའང་མཁོ་མི་སོད་པ་འདྲ། དེ་ནི་རྩོམ་པ་པོ་ཚོས་དུས་རབས་མང་པོ་ཞིག་གི་ནང་དུ་ཐབས་རྩལ་སྣ་ཚོགས་བཀོལ་ནས་དུས་ཚོད་མགྱོགས་དྲགས་པའི་ཁྱད་ཆོས་གང་མང་བསྟན་ཡོད་པ་དེ་དག་ལས་ཀྱང་མགྱོགས་ཤིང་མགྱོགས། འོན་ཀྱང་། མགྱོགས་ཤིང་མགྱོགས་པའི་དུས་ཚོད་ཀྱི་ཁུགས་སོ་རུ་བརྩེ་བ་དམར་པོས་བསྐྱངས་པའི་འཕྲིན་པ་དཀར་པོ་བལྟབས་ཡོད། ལོ་ཟླ་གང་མང་ཞིག་གི་དུས་ཚོད་ངེས་མེད་རྣམས་ཀྱི་གནས་སྐབས་གང་རུང་དག་ཏུ། འུ་གཉིས་ཀྱིས་ཤོག་ལྷེ་ཆུང་ངུ་རེའི་ངོས་སུ་ཐིག་ཕྲེང་ཁེར་མ་རེ་བྲིས་རྗེས་ཕན་ཚུན་བར་གཡུགས་དང་ན་འཕྲོད་པའི་འཕྲིན་པ་མང་པོ་བྲིས། ཡིག་འབྲུ་གཉིས་གསུམ་རེ་འགྱིག་བསུབ་ཟད་པོ་རེའི་སྟེང་དུ་ཕབ་རྗེས། དགེ་རྒན་གྱིས་མི་མཐོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཕན་ཚུན་བར་གཡུགས་ཀྱང་མི་དགོས་པའི་འཕྲིན་པ་མང་དུ་བྲིས། འུ་གཉིས་ཀྱིས་འབྲི་དེབ་གསང་གྲངས་ཅན་རེའི་ངོས་སུ་ལྐོག་འཕྲིན་རིང་བོ་རེ་བྲིས་ཏེ་ཕན་ཚུན་ལ་སྟོན་མ་ནུས་པར་གསང་བའི་ཚུལ་དུ་སྦས་པའི་འཕྲིན་པའང་མང་པོ་ཞིག་བྲིས། དེ་དུས། ངས་རང་ཉིད་ཀྱི་འབྲི་རྩལ་འདིས་རང་གི་ནང་སེམས་ཇི་བཞིན་མཚོན་མི་ཐུབ་པར་སྡང་སེམས་ཡང་ཡང་སྐྱེས།
དེའི་རྗེས་ནས། འུ་གཉིས་ཀྱིས་ཁ་པར་གྱི་འཕྲིན་ཐུང་གཏོང་ལེན་ནུས་པ་བེད་སྤྱོད་བྱས་ཏེ། དེབ་ངོས་ནས་བཀླགས་རེག་བྱུང་བའི་དུངས་བརྗོད་ཀྱི་ཚིག་གྲུབ་མང་པོ་རང་སེམས་མཚོན་པའི་ཚབ་བྱེད་དུ་ཕན་ཚུན་ལ་འཕྲིན་པར་ཡང་ཡང་བསྐུར། མཚན་མོ་རེ་རེར་བསྐུར། ཉིན་མོ་རེ་རེར་བསྐུར། གླེང་གཞི་གང་རུང་ཞིག་སྐད་ཆ་ཕལ་བ་ཞིག་གིས་བསྐུར་ཆོག སྐད་ཆ་ཕལ་བ་ཞིག་གསོན་ཤུགས་གསར་བ་ཞིག་གིས་བསྐུར་ཆོག ཉིན་གཅིག་གི་ཟས་ཐུན་གསུམ་པོ་བསྐུར་ཡོད། མཚན་གཅིག་གི་རྨི་ལམ་ཐན་ཐུན་བསྐུར་ཡོད། སྣང་བ་སྐྱིད་པའི་རོལ་མོ་བསྐུར་ཡོད། ཞེ་སེམས་སྐྱོ་བའི་དངན་པ་བསྐུར་ཡོད། དུངས་པ་སེམས་ཀྱི་རི་མོ་བསྐུར་ཡོད། མི་འགྱུར་དམ་བཅའི་མནའ་ཚིག་བསྐུར་ཡོད། བསྐུར་ནས་ཚར་རྒྱུ་མེད། བཀླགས་ནས་ཚིམས་རྒྱུ་མེད། ཕར་སྐུར་ཚུར་སྐུར། ཕར་སྐུར་ཚུར་སྐུར་གྱིས་འུ་གཉིས་ནར་སོན།
སྐབས་ཤིག ཁྱོད་ཀྱིས་ང་ལ་དྲ་ལམ་གྱི་སྙན་ཚིག་ཡག་པོ་དག་ཐད་ཀར་འདྲ་བཤུས་བརྒྱབ་ནས་མི་སྐུར་བར། རང་ཉིད་ཀྱིས་གསར་རྩོམ་བྱས་ཏེ་བསྐུར་ཡོང་། ཁྱོད་ཀྱི་མིང་ཡིག་བཀོད་ནས་བསྐུར་ཡོང་། ང་རང་གཅིག་པུར་སྤྲིངས་ཞེས་བསྐུར་ཡོང་། བརྩེ་དུང་གིས་ཕྱུག་པའི་སྙན་ངག་མང་པོ་ཞིག་ཚིགས་སུ་བཅད་ནས་བསྐུར་ཡོང་། རྐང་པ་བཅག་ནས་བསྐུར་ཡོང་། རིང་པོ་བསྐུར་ཡོང་ལ་ཐུང་ངུའང་བསྐུར་ཡོང་། ངས་དེ་དག་ཀྱང་ཁྱོད་ཀྱིས་ང་ལ་བཏང་བའི་འཕྲིན་པར་བཟུང་ནས་བཀླགས་པ་ཡིན། ཡིན་ཡང་། ངས་ཁྱོད་ཀྱི་འབྲི་སྟངས་ལྟར་འཕྲིན་ལན་ཚིགས་སུ་བཅད་ནས་འབྲི་མི་ཐུབ་ལ་རང་མོས་གཟུགས་སུའང་ཕབ་མི་ཐུབ་པས། སྔར་ལྟར་དེབ་ངོས་ཀྱི་ཚིག་དུམ་ཡག་ཤོས་དག་ཇི་བཞིན་བཤུས་ནས་ལན་དུ་བསྐུར་བ་ཡིན། དཔེར་ན། འཇུ་སྐལ་བཟང་ལགས་ཀྱི་སྙན་ངག བསྐྱངས་པའི་བུ་ལོན་དེ་མ་ཆད།། ཤ་རུས་ཁྲག་རྒྱུད་ཀྱིས་མ་སྦྲེལ།། ཁྱོད་དང་འུ་གཉིས་ཀྱི་འབྲེལ་བ།། ཕར་དགའ་ཚུར་འཐད་ཀྱི་མདུད་པ།།ཞེས་དང་། སེམས་པ་རྗེས་སོང་གི་མི་དང་།། གཏན་དུ་མཛའ་རྒྱུ་ཞིག་བྱུང་ན།། ཡ་གིའི་ཞིང་ཁམས་ལ་མི་སྨོན།། མ་གིའི་དམྱལ་བར་ཡང་ཅི་སྐྲག།ཅེས་པ་ལྟ་བུ། ད་དུང་། འུ་གཉིས་ཀྱི་བརྩེ་དུང་གི་བསྒྲགས་གཏམ་དུའང་སྨྲ་མྱོང་བའི་ཚངས་མགུར། ལྕང་མ་བྱིའུར་སེམས་ཤོར།། བྱིའུ་ལྕང་མར་སེམས་ཤོར།། སེམས་ཤོར་མཐུན་པ་བྱུང་ན།། སྐྱ་ཁྲ་ཧོར་བས་མི་ཐུབ།།ཅེས་པ་ལྟ་བུ། ཚིག་དེ་དག་གིས་ངའི་ནང་སེམས་ཡོངས་སུ་སྟོན་ཐུབ་པས་ངས་རང་ཉིད་ཀྱིས་དངོས་སུ་བྲིས་ཀྱང་འདི་འདྲ་ཞིག་གཏན་ནས་ཡོང་ཐབས་མི་འདུག་པར་ཡིད་ཆེས་ཡོད། དེ་བས་ཚོད་ལྟའང་བྱ་མི་དགོས་པར་དུངས་སེམས་རླབས་ཀྱི་ཟགས་མའི་ནང་གི་ཤོ་ལོ་ཀ་མང་ཤོས་དང་ཚངས་མགུར་ཤོ་ལོ་ཀ་རེ་འགའ། ཉི་དབང་མགོན་པོ་དང་ཞིས་ཀྲི་མོ། ཀྲང་ཨེ་ལེན་དང་ལེན་ཧོས་དབྱིན་སོགས་ཀྱི་བརྩེ་དུང་མཚོན་པའི་ཚིག་དུམ་མང་པོ་ནི་ངས་ཐད་ཀར་འཕྲིན་ལན་དུ་བསྐུར་ཆོག་པའི་སེམས་ཚོར་ངོ་མ་རུ་གྱུར་མྱོང་།
བཤད་ན་མི་ཐོས་པ་མེད་པའི་བར་ཐག་ཐུང་ངུ་ནས་ཀྱང་འུ་གཉིས་ཀྱིས་ཕན་ཚུན་ལ་ཡི་གེའི་ལམ་ནས་ཁ་བརྡ་བྱ་རྒྱུར་དགའ། འཕྲད་ན་མི་འཕྲད་ས་མེད་པའི་ཁོར་ཡུག་གཅིག་གི་ནང་ནས་ཀྱང་འུ་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་པའི་ལམ་ནས་འབྲེལ་འདྲེས་བྱས་པ་མང་། དེ་ནི། ཐོག་མར་དགེ་རྒན་དང་སློབ་གྲོགས་ཚོས་གནས་ཚུལ་གང་ཞིག་ཤེས་རྟོགས་ཨེ་འགྲོར་གཟབ་པས་སམ་འུད་སྒྲོག་ལ་དགའ་བའི་མི་དང་གཏམ་གྱིས་འུར་ཟིང་བཟོས་ཨེ་ཡོང་དོགས་པས་ཡིན་སྲིད་ལ། རིམ་གྱིས་འུ་གཉིས་སུ་ཡིན་ཡང་དེ་འདྲའི་ཁ་གྲག་རྒྱུར་མི་དགའ་བའི་རང་གཤིས་ཀྱི་རྐྱེན་གྱིས་ཀྱང་ཡིན་སྲིད་མོད། རྒྱུ་མཚན་གཙོ་བོ་ནི་སྔར་བཞིན་སྐད་ཆ་མང་པོ་ཞིག་ངོ་འཕྲད་དུས་རྗེན་པར་ཤོད་མི་ཐུབ་པར་ཡི་གེའི་ལམ་ནས་བྲིས་ན་གསལ་བོར་བཤད་ནུས་ཤིང་སྐུར་ཐུབ་ཀྱིན་ཡོད་པའི་དབང་གིས་ཡིན་སྲིད། གང་ལྟར། འུ་གཉིས་ཀྱིས་ཡོད་ཚད་འཕྲིན་གཏོང་གི་ལམ་ནས་མགོ་བརྩམས་ཤིང་ཐམས་ཅད་འཕྲིན་ཡིག་ལ་བརྟེན་ནས་ཕན་ཚུན་ལ་ལབ་ཡོད། དེ་ལྟར། ཁྱོད་རང་སྙན་ངག་གི་ལམ་ནས་འཕྲིན་པ་འབྲི་བ་དང་བརྩེ་བ་ཅི་ཡང་སྙན་ངག་གི་ལམ་ནས་མཚོན་པའི་གོམས་གཤིས་ལ་ལོབས། ངས་ཀྱང་གཞན་གྱི་ཚིག་གཡར་མ་ཁོ་ན་བེད་སྤྱོད་བཏང་བའི་འཕྲིན་ལན་དག་ནི་དོན་ངོ་མར་ཁྱོད་ཀྱི་བརྩེ་དུང་ལ་བརྩི་འཇོག་མ་བྱས་པ་ཞིག་དང་རང་གི་སྒྱིད་ལུག་ལ་ཡ་ལན་སྤྲོད་མ་ནུས་པའི་སྤྱོད་པ་ཐ་ཤལ་བ་ཞིག་ཏུ་མཐོང་བས་དེ་ལ་འགྱུར་བ་གཏོང་བར་ཚོད་ལྟ་བྱས། རང་གི་སེམས་ཚོར་ཇི་བཞིན་ལྷུག་བརྗོད་བྱས་ཏེ་ཁྱོད་ཀྱི་སྤྱན་སྔ་རུ་བྱོ་ཅི་ཐུབ་བྱས་པ་ཡིན། དེ་བས་ད་སྐབས་ངས་ཚིག་ཐུང་ཅི་རིགས་འབྲི་བར་དཀའ་ངལ་མང་པོ་བསྟེན་མི་དགོས་པའང་འདི་དང་འབྲེལ་བ་ངེས་ཅན་ཞིག་ལྡན་ངེས་བསམས།
དུས་ཚོད་མང་པོ་ཞིག་ལ། ངས་ཁྱོད་ཀྱིས་རང་ལ་འཕྲིན་པ་ཞིག་བསྐུར་ཡོང་བར་རེ་སྒུག་བྱས། དེ་ནི་ངེད་གཉིས་ཀྱི་བར་ཐག་གི་རིང་ཐུང་ཞིག་དང་གྱེས་འཛོམས་ཀྱི་དུས་ཡུན་ཞིག་ལ་འབྲེལ་བ་མེད་པར། ཐ་ན་ལྷན་འཛོམས་ཀྱི་དུས་དང་མཉམ་གནས་ཀྱི་དུས་དག་ཏུའང་། ཁྱོད་ཀྱིས་ང་ལ་འཕྲིན་པ་ཞིག་བཏང་ཨེ་ཡོང་རེ་ལྟོས་བྱེད་རྒྱུ་ཆགས། དེའང་ཞིབ་ཏུ་བསམ་ན། འུ་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་པ་གཏོང་དུས་ཚིག་དང་པོར“སྙིང་ནས་བརྩེ་བའི་་་་་་”ཞེས་རང་མིང་བེད་སྤྱོད་གཏོང་དུས་དག་དང་འདྲ་བར། ངས་ཁྱོད་ཀྱིས་སྙན་ངག་ཅིག་བྲིས་ཏེ“བདག་གི་ཀློག་པ་པོ་དང་པོའི་སྤྱན་སྔར”ཞེས་ཀུ་རེ་དང་བཅས་པར་བསྐུར་ཡོང་བར་རེ་བ་བརྒྱབ་པ་ཞིག་རེད་འདུག ཕན་ཚུན་གྱི་འཕྲིན་པའི་མགོ་ལ་བྲིས་པའི་འབོད་མིང་གི་འཕོ་འགྱུར་དེས། འུ་གཉིས་ཀྱི་ནར་སོན་གྱི་གོ་རིམ་གལ་ཆེན་ཞིག་དང་མི་ཚེའི་ཁ་ཕྱོགས་གཙོ་བོ་ཞིག་མཚོན་གྱིན་ཡོད་ཀྱང་སྲིད། གང་ལྟར། ངས་ཁྱོད་ཀྱིས་རང་ཉིད་ལ་བྲིས་པའི་བརྩེ་དུང་གི་འཕྲིན་པ་མང་པོ་ཞིག་བཀླགས་པའི་གོམས་གཤིས་ཀྱིས། ཁྱོད་ཀྱི་སྙན་ངག་དག་ལས་ཀྱང་འཕྲིན་པར་འགྲོ་བའི་འཇམ་མཉེན་གྱི་ཚོར་བ་མང་པོ་ཞིག་གཞིབས་ཐུབ་ཀྱིན་ཡོད། ཡིག་འབྲུ་རེ་རེ་དང་ཚིག་རྐང་རེ་རེ་ལས་ཀྱང་ངའི་རྣམ་ཤེས་ཀྱི་སྐོམ་གདུང་ལ་འཕྲོད་པའི་ཞིམ་མངར་གྱི་བྲོ་བ་དམིགས་བསལ་བ་རེ་མྱོང་ཐུབ་ཀྱིན་ཡོད། བསླུ་བྲིད་དེའི་དབང་གིས། ཡང་ན་བདེ་སྐྱིད་དེའི་དབང་གིས། ངས་དུས་ནམ་ཡང་རེ་སྒུག་དེ་འདྲ་ཞིག་བྱེད་རྒྱུ་གོམས་གཤིས་སུ་གྱུར་སོང་། ང་རང་ཁྱོད་ཀྱི་ཀློག་པ་པོ་ཐོག་མ་ཡིན་པ་ཇི་བཞིན། ཁྱོད་ཀྱང་ངའི་སེམས་ནང་གི་སྙན་ངག་པ་དྭངས་མ་དེ་ཡིན་པས། ཡུལ་དུས་ངེས་མེད་དུ་ང་ལ་འཕྲིན་པ་གཏོང་རོགས། བདག་གི་སྙིང་ཉེ་བའི་མི།
བྱ་འཕུར་བ་ལྟ་བུའི་དུས་ཚོད་ཀྱི་འགྱུར་ཁུགས་ཀློང་ནས། འུ་གཉིས་ཀྱིས་ཡིག་འབྲུ་མང་པོ་ཞིག་ལ་བརྟེན་ནས་ཞེ་འདང་གི་གླུ་ངག་རིང་མོ་ཞིག་དབྱངས་སུ་གྱེར་འདུག ཚོན་སྡེབ་པ་ལྟ་བུའི་འཚོ་བའི་ཞལ་ཐང་ངོས་སུ། དགའ་སྐྱོ་སྣ་ཚོགས་ཀྱི་སྨྱུག་ཁ་ལ་བརྟེན་ནས་བརྩེ་དུང་གི་རི་མོ་བབ་ཆགས་པ་ཞིག་ངང་གིས་ཕབ་འདུག འདི་དག་ཐམས་ཅད་ནི་འུ་གཉིས་ཀྱི་དུངས་སེམས་ཀྱིས་བསྐྱངས་པའི་ལོ་ཟླ་དང་ལོ་ཟླའི་ལྟེབས་ཁུད་དུ་བརྩིགས་པའི་བརྩེ་དུང་གི་བརྩམས་ཆོས་ངོ་མ་དེ་ཡིན།
དུས་ཚོད་མགྱོགས་དྲགས། ཡིན་ནའང། མགྱོགས་དྲགས་པའི་དུས་ཚོད་ཀྱིས་འུ་གཉིས་ལ་སྣང་བའི་འཇིག་རྟེན་ཞིག་བསྐྲུན་ཡོད། སྣང་བའི་འཇིག་རྟེན་གྱི་འཚོ་བས་འུ་གཉིས་ཀྱི་དུས་ཚོད་སྐར་ཆ་རེ་རེ་བསྐངས་ཡོད་པས། མི་ལོ་དགུ་ཡི་ལོ་ཟླའི་གོམ་འགྲོས་ནི་བསྐལ་བའི་ཆགས་རིམ་གྱི་དུས་མལ་དེ་རུ་གྲ་ཆག་གྲུ་ཉམས་མེད་པར་ཆ་འགྲིག་སོ་འགྲིག་གིས་ལྟེམས་མེར་འཁྱིལ་ཡོད་ཨང་།
དེ་ལྟ་ནའང་། དུས་ཚོད་མུ་མཐུད་དུ་འགྲོ་བཞིན་ཡོད་པས། ང་ལ་འཕྲིན་པ་གཏོང་རྒྱུ་མ་བརྗེད་རོགས།
༢༠༢༡ལོའི་ཟླ༦ཚེས༧མཚན་གུང་།

འདབ་དྲུག དངོས་མིང་ལ་གཡུ་སྒྲོན་འཚོ། ཕ་ཡུལ་བྲག་དཀར་རྫོང་ལུང་བཟང་ཡུལ་ཚོ་རི་ཕྱོར་སྡེ་བར་སྐྱེས། ༢༠༡༩ལོར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་དངོས་གཞི་སློབ་མཐར་ཕྱིན། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཤེས་རམས་ཞིབ་འཇུག་རིམ་པར་སློབ་སྦྱོང་བྱེད་བཞིན་ཡོད།《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》དང《སྦྲང་ཆར།》《མཚོ་སྔོན་བོད་ཡིག་གསར་འགྱུར།》《གངས་རྒྱན་མེ་ཏོག》སོགས་སུ་སྦྱང་རྩོམ་རེ་ཟུང་སྤེལ་མྱོང་།
འབྲེལ་ཡོད་འོས་སྦྱོར།