ཁྲུང་ཁྲུང་གི་རྨི་ལམ།
རྩོམ་པ་པོ།:ཁྲི་སེམས་དཔའ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-10-11
ཀློག་གྲངས།:
ཁྲུང་ཁྲུང་གི་རྨི་ལམ།
ཁྲི་སེམས་དཔའ།
ལི་ཐང་འབུམ་རའི་དངུལ་མདོག་གི་ཅོད་པན།ཁྲུང་ཁྲུང་གི་རྨི་ལམ་དབུས་སུ་འོད་དུ་འཚེར།
རྩྭ་ལྗང་གི་ཟིལ་བས་བཏེགས་པའི་མེ་ཏོག་གི་གར་སྟབས།
འབུམ་ནག་རྩྭ་ཐང་གི་པང་དུ་འགྲེ་ལྡོག་རྒྱག
ང་ཡི་ཁྲུང་ཁྲུང་། ལྷ་བྱ་ཁྲུང་ཁྲུང་དཀར་མོ།
ནམ་ཟླ་སྟོན་ཁ་ཞིག་ལ། སྨུག་པའི་ཡོལ་བ་རླུང་གིས་ཁུར་སོང་།
མཐོན་པོ་གནམ་གྱི་ལི་ཐང་དུ་འཇའ་ཚོན་གྱི་མེ་ཏོག་རྣམ་པར་བཀྲ།
རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རེ་བཅོལ་ཁུར་བའི་ཁྲུང་ཁྲུང་།
འབྱམས་ཀླས་པའི་གངས་ལྗོངས་ཀྱི་ཕ་མཐའ་བརྒལ་ནས།
རྨི་ལམ་ནང་ལི་ཐང་མཁའ་དབྱིངས་གྲོང་ཁྱེར་དུ་ཐེངས་ཤིག་ལོག
ལོ་ངོ་སྟོང་གི་གངས་རྒན་དང་། རྟ་ཕོ་བང་གིས་བརྒྱུགས་པའི་རྩྭ་ཐང་།
མིག་ལ་འཁྱུག་ཙམ་གྱིས་ཁྲུང་ཁྲུང་གིས་ཡིད་འགུལ་བའི་མིག་ཆུ་ཤོར།
ཁྲུང་ཁྲུང་ནི་དུས་རབས་ཤིག་གི་ཉམས་ཉེས་ཐོད་ལ་འགྱོག་མཁན་དེ་ཡིན།
ས་སྲོད་ཀྱི་མེ་རུ་འབར་བའི་སྤྲིན་པ་ཁུར་ནས་མཐིང་མདོག་གི་རྨི་ལམ་རྨི།
ཁྲུང་ཁྲུང་གི་རྨི་ལམ་དུ་ལི་ཐང་ནི་གཡོར་གྲུ་ཞིག་སྟེ།
རི་རབ་ཀྱི་ཁོང་གསེང་ནས་རྟ་ཕོའི་རྔ་རྔོག་བཞིན་ཡེངས་ཤིང་གཡོ།
མུན་པ་རུབ་སོང་ནའང་། ཁྲུང་ཁྲུང་གི་རྨི་ལམ་དུ་ལི་ཐང་ལ་གཟིམས་པ་མེད།
ཁྲུང་ཁྲུང་གི་རྨི་ལམ་དུ་ལི་ཐང་ནི་སྐར་མདའི་ཚུལ་དུ་འོད་དུ་འཚེར།
བྲག་དཀར་གནས་རི་ནི་ཁྲུང་ཁྲུང་གི་གཤོག་པ་ལྟར་བར་སྣང་དུ་བརྐྱངས་ཤིང་།
སོག་དུང་གནམ་ལྕགས་ཕྲ་མོ་ནི་ཁྲུང་ཁྲུང་གི་མཇུག་སྒྲོ་བཞིན་གྱེན་དུ་བསླངས།
ལི་ཐང་། ཁྲུང་ཁྲུང་གིས་རྨི་ལམ་ནང་ཡང་ཡང་གཤོག་རླབས་བསྒྱུར་མྱོང་བའི་དག་ཞིང་།
ཉི་འོད་ཁྲོད་འཕགས་ཤིང་། འོད་ཀྱི་ཀ་བ་བཞིན་མཐོ་སྒང་གི་སྤྱི་གཙུག་ཏུ་འགྲེངས་ནས།
སེམས་ཁོང་གི་སྨོན་འདུན་ལི་ཆུའི་དབའ་ཀློང་ཁྲོད་དུ་སྦས།
འོད་ཆིལ་ཆིལ་གྱི་ལྦུ་དཀར་རེ་རེ་ཉག་ཆུའི་རྒྱུན་ལ་འདྲེས་ནས།
ཁྲུང་ཁྲུང་གི་སེམས་དོན་རི་ཀླུང་གི་སྙན་དུ་བསྒྲོན།
ང་ཡི་ལི་ཐང་། ལི་ཐང་གི་གནམ་ས།
ཁྱེད་ནི་སྙན་ངག་གི་ཕ་ས་སྟེ། ཁྲུང་ཁྲུང་གིས་ཡིད་ཀྱིས་སྨོན་པའི་ཕ་ཡུལ་ཡིན།
ཁྲུང་ཁྲུང་གི་རྨི་ལམ།དུས་ཚོད་ཀྱིས་བསྲིངས་པའི་འོད་ཀྱི་གྲིབ་མ་སྟེ།
གྲིབ་མ་དེ་གང་དུ་ཕོག་ན་དེ་རུ་མེ་ཏོག་ཚོམ་བུ་ཚོམ་བུར་བཞད་སྲིད།
མདོ་སྡེ་རྩྭ་ཐང་གི་ཕྱོགས་བཞིར་མེ་ཏོག་གི་གཡབ་མོས་རླུང་བུ་བསིལ་བསིལ་བཀུགས་ནས།
དཔའ་བོ་གེ་སར་གྱི་རྟོགས་པ་གངས་ལྗོངས་ཀྱི་དབུ་ལ་བསྒྲེངས།
དགེ་བསྙེན་གནས་རི། རྨ་ཆེན་འབུམ་ར།
གླིང་གི་དཔའ་ཐུལ་བཞིན་མི་ཡུལ་གྱི་སྐྱེད་ཚལ་འདི་བསྲུངས་ནས།
དུས་ཚིགས་རེས་མོས་ཀྱི་འཁོར་སྐྱོད་ཁྲོད།
ལི་ཐང་གི་བདེ་སྡུག་སེམས་ལ་བཅགས།
ཁྲུང་ཁྲུང་གི་རྨི་ལམ་དུ། ལི་ཐང་ལ་དགུན་ཁ་ཡོད་མི་སྲིད།
ཁྲུང་ཁྲུང་གི་རྨི་ལམ་དུ། ལི་ཐང་ནི་ནམ་ཡང་མེ་ཏོག་གིས་བརྒྱན་པའི་དབྱར་ཁ་ཡིན།
ཚངས་མགུར་ལ་བརྒྱུས་པའི་དབྱངས་རྟ་གཉོམ་པོ་དེ།
ཁྲུང་ཁྲུང་གི་རྨི་ལམ་དུ་གཤོག་པ་རྒྱས་ཏེ།
པོ་ཏ་ལའི་སྒེའུ་ཁུང་བརྟོལ་ཞིང་།
ལི་ཐང་གི་གནམ་སའི་བར་མཚམས་སུ་རྒྱུ།
ང་ཡི་ལི་ཐང་། ལྷ་སྒྲུང་ལྟ་བུའི་རྟོག་སྣང་ཁྲོད།
མི་ཕོ་སྨུག་པོ་ཞིག་གི་རྒྱབ་གཟུགས།
ལི་ཆུའི་དྭངས་གཙང་ཁྲོད་བབས་ཡོད།
དེ་ནི་ཁྲུང་ཁྲུང་གི་རྨི་ལམ་དུ་རི་མོར་བརྐོས་པའི།
རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རྟག་བརྟན་གྱི་ཕྱི་མིག་ཡིན།
ཁྲུང་ཁྲུང་ནི་རྨི་ལམ་གྱི་མེ་རོ་གསོ་བའི་ཡུལ་འཁྱར་བ་ཞིག་ཡིན།
ཚངས་མགུར་གྱི་པྲོག་ཞུ་མནབས་ཤིང་།
གཤོག་ངོས་ཀྱི་མུན་པ་སྤྲུག་སྤྲུག་གནང་བཞིན།
མཁའ་ངོགས་ཧྲིལ་གྱིས་བཅད་དེ།
ཁྲུང་ཁྲུང་། ཁྲུང་ཁྲུང་གི་རྨི་ལམ་ཁྲོད་ཡང་བསྐྱར་ལི་ཐང་ཕྱོགས་སུ་འཕུར་སོང་།
ཁྲུང་ཁྲུང་གི་རྨི་ལམ་དུ། ལྷ་ས་དང་ལི་ཐང་བར་ཐག་ཧ་ཅང་ཉེ།
ཁྲུང་ཁྲུང་གི་རྨི་ལམ་དུ། སྐྱིད་ཆུ་དང་ལི་ཆུ་མཉམ་དུ་འདྲེས་ཡོད།
འབྲེལ་ཡོད་འོས་སྦྱོར།