ཙིག་ཕྲུག་མ།
རྩོམ་པ་པོ།:སྟག་འབུམ་རྒྱལ།༼མཚོ་ལྷོ།༽
ཡོང་ཁུངས།:བོད་ཀྱི་རྩོམ་རིག་སྒྱུ་རྩལ། 2021.4
དུས་ཚོད།:2021-10-12
ཀློག་གྲངས།:
གོང་མཐུད།
ཙིག་ཕྲུག་མ།
ཙིག་ཕྲུག་མས་དེ་དག་ལ་ལྟ་བཞིན་རང་ཉིད་ཀྱི་ཨ་མ་དྲན་བྱུང་། ནོར་ལུག་ཡོངས་རྫོགས་བཙོངས་ཏེ་ནག་ཞར་སྡེ་གསར་དུ་ཡོང་བ་ནས་བཟུང་། མོའི་ཨ་མ་ལའང་བ་གླང་འཚོ་བ་ལས་ལས་ཀ་གཞན་མེད་པར་གྱུར། ཡིན་ནའང་བ་གླང་འཚོ་སྐྱོང་བྱེད་སའི་རྩྭ་ར་མེད་པས་ཁོ་མོས་ནམ་རྒྱུན་ནངས་ཇ་འཐུང་བའི་རྗེས་ནས་བཟུང་བ་གླང་ཚོ་དེད་དེ་ཕྱི་རོལ་ཏུ་འགྲོ་བ་དང་། གཞུང་ལམ་གྱི་འགྲམ་རྒྱུད་ཉུལ་ནས་ལེ་བར་བཅུ་ཕྲག་གི་སར་སོང་ནས་རྩྭ་ཁ་བྱེད་བཞིན་ཡོད་ལ། ལན་རེར་ཁྱིམ་ཚང་གཞན་གྱི་ལྕགས་རའི་སྲང་བར་ཀུན་ཏུ་བ་གླང་འཚོ་དུས། ལྕགས་རའི་བདག་པོ་དག་གིས་ལྕགས་རར་གནོད་སྐྱོན་ཐོབ་སོང་ཟེར་བའམ་གཞན་རྩྭ་རྐུ་ཟ་བྱས་སོང་སོགས་གླེང་འགེལ་་བྱས་ནས་སྡིགས་མོ་སྣ་ཚོགས་ཀྱང་མྱོང་དགོས་འདུག ལྷག་པར་དུ་ཨ་ཕ་བཙོན་དུ་ཁྲིད་པ་ནས་བཟུང་། ནམ་རྒྱུན་ཆར་རླུང་དང་བུ་ཡུག་ཁྲོད་ནས་མོ་རང་ཁེར་རྐྱང་ངང་སྡོད་དུས་སེམས་སྡུག་གིས་མིག་ཆུ་གཏོང་བ་ཡང་མཐོང་མྱོང་བས། ཙིག་ཕྲུག་མའི་སེམས་ལ་དེ་རིང་ཡང་ཨ་མས་གང་ཞིག་ཏུ་ལྭ་བ་ཆར་བས་སྦངས་ཤིང་གྲང་ཤུར་ཤུར་དུ་ས་རུ་ཀུམ་ཙོག་བྱས་ཏེ་བ་གླང་ཚོ་འཚོས་ནས་ཡོད་ངེས་རེད་སྙམ་མུར། མིག་མདུན་གྱི་བུད་མེད་འདི་གཉིས་ཀྱི་གཉིས་ཀྱི་བྱ་སྤྱོད་ལ་ཕྲག་དོག་སྐྱེས་བྱུང་བ་སྟེ། ཁོ་མོ་གཉིས་ཀྱིས་གཞུང་གི་ནགས་རའི་ནང་དུ་གང་འདོད་ལྟར་བ་གླང་ལྐོག་འཚོ་བྱས་པ་མ་ཟད། ད་དུང་ཡིད་སེམས་དགའ་སྐྱིད་ཀྱིས་ཁེངས་ཏེ་གླ་སིལ་ཧབ་ཐོབ་ཀྱིས་འཐོག་གིན་པ་ནི་ཧ་ཅང་འོས་པ་ཞིག་མ་རེད་སྙམ། བུད་མེད་གཉིས་ཀའི་གཅིག་ནི་གཟུགས་པོ་རིང་ཞིང་སྦོམ་པའི་ཚོན་པོ་ཞིག་ཡིན་པ་དང་། ཅིག་ཤོས་ནི་གཟུགས་ཐུང་སྐམ་རིད་ཅིག་ཡིན་འདུག བུད་མེད་གཟུགས་རིང་ཚོན་པོ་དེ་ལོ་ན་ཆུང་བ་ཡིན་པ་འདྲ་ཞིང་། བུད་མེད་གཟུགས་ཐུང་སྐམ་རིད་དེ་ལ་རྒན་པ་ཞིག་གི་ཉམས་འདུག བུད་མེད་དེ་གཉིས་ཀྱིས་གླ་ཚེར་གྱི་སྡོང་བོ་རེ་རེའི་འཁྲིས་སུ་སོང་ནས་གླ་སིལ་བཏོགས་པར་བྱེད་ཅིང་། མཇུག་མཐར་འགྲེང་སྟེ་གླ་སིལ་བཏོགས་པས་མ་ངོམས་པར། ཐད་ཀར་གླ་ཚེར་གྱི་སྡོང་བོ་ལས་གླ་སིལ་ཆེས་སྟུག་པའི་ཡལ་ག་བདམས་ནས་བཅག་ནས་གཅོད་མགོ་བརྩམས་བྱུང་། ཁོང་གཉིས་ཀྱིས་ཀྱང་བཤས་པ་ཀྲང་མཆུ་སྟུག་གིས་འབྲོག་པ་ཚོའི་ལུག་ཁྱུ་ནས་ཤབ་བཟན་གང་བཟང་བདམས་ནས་འཛིན་པ་ལྟར། དེང་ཐོག་སྡོང་བོ་རེ་རེའི་མཐའ་བསྐོར་ནས་ཡལ་ག་གང་སྟུག་ལ་ཞིབ་ལྟ་བྱེད་པ་དང་། དེ་ནས་གླ་སིལ་ཆེས་མང་པའི་ཡལ་ག་དེ་ཡིན་པ་ངེས་གཏན་ཐག་ཆོད་བྱས་རྗེས། ཨམ་གཙིགས་བསྡམས་ནས་སྙིང་རྗེ་མེད་པར་སྐག་སྒྲ་དང་བཅས་བཅག་ནས་གཅོད་པར་བྱེད། སྐད་ཅིག་གི་རིང་ལ་གླ་ཚེར་གྱི་ཡལ་ག་གྲུ་ཁུག་ཏུ་མི་ཚུད་པ་ཙམ་བཅག་བྱུང་ལ། རེ་ཞིག་ནས་ཕན་ཚུན་གྱི་གྲུ་ཁུག་གི་ཡལ་ག་ཕོན་པོ་ཆེན་པོ་དེ་ལ་མིག་གིས་ཚད་འཇལ་ཞིག་བྱས་རྗེས། གཞི་ནས་ཡལ་ག་གཅོག་མཚམས་བཞག་སྟེ་ཚུར་ཐང་ངོས་ཤིག་ཏུ་ཁྱེར་ཡོང་ནས་སར་ཙོག་ཅིང་། མགོ་བོ་དུད་ནས་ཡལ་ག་རེ་རེའི་སྟེང་ནས་གླ་སིལ་བཏོགས་པའི་ལས་ལ་ཞུགས་སོང་། ཁོ་མོ་གཉིས་ཀྱིས་གླ་སིལ་བཏོགས་ཞོར་དུ་ལུས་པོ་འགུལ་འགུལ་གྱིས་ཁ་བརྡ་བྱེད་ཀྱིན་འདུག་ཅིང་། བཟོ་ལྟར་བལྟས་ན་ཁོ་གཉིས་ད་སྔོན་ལས་ཀྱང་ཧ་ཅང་དགའ་བཞིན་འདུག་སྟེ། ཕལ་ཆེར་སྔོན་ནས་ཐབས་བཀོད་ལེགས་པོ་འདི་མ་བཀོལ་པར་ཡིད་ཕངས་བྱེད་པ་འདྲ། ཁོ་མོ་གཉིས་ཀྱིས་ལན་རེར་ཧ་ཅང་སེར་ཞིང་སྐྱུར་བའི་གླ་སིལ་རྡོག་འགའ་ཁ་ནང་དུ་འཕེན་གྱིན་ཡོད་པའང་བཟོ་ལྟ་ལས་ཤེས་ཐུབ། ཙིག་ཕྲུག་མའི་ལྕེ་སྟེང་དུ་ཅི་བྱུང་མེད་པར་མཆིལ་མ་ཞིག་འཁྱིལ་བྱུང་ལ། མོས་རང་དབང་མེད་པར་མཆིལ་མ་དེ་མར་མིད་ཙམ་བྱས།
བུད་མེད་གཉིས་ཀྱི་ཧ་ཅང་དགའ་བཞིན་པའི་བཟོ་ལྟ་དེས་ཙིག་ཕྲུག་མའི་སེམས་ཧ་ཅང་མི་སྐྱིད་པར་གྱུར་སོང་། མོས་མུ་མཐུད་དུ་བུད་མེད་དེ་གཉིས་ཀྱི་ཕྱོགས་སུ་མི་བལྟ་བའི་སེམས་ཐག་བཅད་དེ་མགོ་བོ་དགྱེ་ནས་ནམ་མཁར་བལྟས་པ་ན། ཆར་བ་འབབ་མཚམས་སྔར་ནས་ཆད་དེ་སྤྲིན་པའི་གསེབ་ནས་ནམ་མཁའ་སྔོ་ཡུག་པ་རིམ་པ་རེ་མངོན་འདུག ཡིན་ནའང་སྟོད་ཕྱོགས་ཀྱི་གནམ་སའི་བར་དུ་ད་དུང་ཡང་ཆར་སྨུག་སྔོན་པོ་ཞིག་གིས་ཡོངས་སུ་ཁེངས་ཏེ་ཆར་བ་ཆེན་པོ་འབབ་ཀྱིན་པ་འདྲ་སྟེ། མཚམས་མཚམས་སུ་ད་དུང་མི་ཆེན་གྱིས་ཁོང་དགོད་བྱེད་པ་ལྟ་བུའི་ཧ་ཅང་གསལ་ལ་མི་གསལ་བའི་འབྲུག་སྒྲ་ལྡར་ལྡིར་རེ་གྲག་བཞིན་འདུག མོས་ཆར་གདུགས་བསྡུས་ཏེ་ལོང་བུ་ལག་པའི་མཁྲིག་མའི་མགོར་བསྐོན་ཞིང་། སླར་ཡང་བུད་མེད་དེ་གཉིས་ཀྱི་བ་གླང་ཚོ་ཡོད་སའི་ཕྱོགས་སུ་བལྟས་པ་ན། བ་གླང་དེ་དག་གིས་ཀྱང་བུད་མེད་གཉིས་ལ་གླ་སིལ་བཏོགས་པའི་དུས་ཚོད་འདང་ངེས་ཤིག་སྟེར་འདོད་པ་ལྟར་སྔོན་མལ་དེར་ཧ་ཅང་སོས་དལ་བག་ཕེབས་ཀྱིས་རྩྭ་ལ་རོལ་བཞིན་འདུག་པ་ལས། ཁོ་མོ་གཉིས་ཀྱིས་གླ་སིལ་བཏོགས་པར་བར་ཆད་བྱེད་འདོད་པའི་རྣམ་འགྱུར་ཅི་ཡང་མི་འདུག ཙིག་ཕྲུག་མའི་སེམས་ལ་གལ་ཏེ་ཐབས་བཀོད་ཅིག་འཐེན་ཏེ་བ་གླང་དེ་དག་བཞུར་ཆུའི་ཕར་ཁར་འགྲོ་རུ་གཞུག་ཐུབ་ན། བུད་མེད་དེ་གཉིས་ཀྱིས་མུ་མཐུད་དུ་གླ་སིལ་བཏོགས་ཐབས་མེད་པར་བྲེལ་འཚབ་ལངས་ནས་བ་གླང་གི་རྗེས་སུ་རྒྱུག་ངེས་རེད་སྙམ། ཐབས་ཤེས་གཅིག་ཡོད་པ་ནི་རང་ཉིད་འཇབ་འཇབ་ངང་སོང་སྟེ་བ་གླང་ལྟས་ངན་དེ་ཚོ་དཀྲོགས་ཏེ་བཞུར་ཆུའི་ཕར་ཁར་འགྲོ་རུ་གཞུག་རྒྱུ་དེ་རེད། ཡིན་ནའང་མོར་དེ་ལྟར་བྱེད་པའི་སྤོབས་པ་མི་འདུག གལ་ཏེ་བུད་མེད་དེ་གཉིས་ཀྱིས་བ་གླང་ཆུའི་ཕ་རོལ་ཏུ་སྐྲོད་མཁན་རང་ཉིད་ཡིན་པ་ཤེས་ཚེ། ཁོ་མོ་གཉིས་རང་ཉིད་ལས་ལོ་ཆེ་བ་ཡོད་པས་བདའ་ཡོང་སྟེ་བཟུང་ནས་གཅར་རྡུང་བྱེད་ཀྱང་སྲིད། ནགས་རའི་ནང་འདིར་མི་གཞན་སུ་ཡང་མེད་པས་རང་ཉིད་ཀྱིས་ངུད་མོ་ཅི་འདྲ་བཏོན་ཡང་བར་བཤོལ་བྱེད་དུ་ཡོང་བའི་མི་གཅིག་ཀྱང་ཡོད་མི་སྲིད། དེས་ན་དེའི་མཇུག་འབྲས་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། གལ་ཏེ་ཁོ་མོ་གཉིས་ཀྱིས་མུ་མཐུད་དུ་གླ་སིལ་བཏོགས་པར་མགོ་འཁོར་ཏེ་མོས་ལྐོག་ཏུ་བ་གླང་ཆུའི་ཕ་རོལ་ཏུ་བརྒྱབ་པའང་མ་ཚོར་ཚེ། མཇུག་འབྲས་དེ་ལས་ཀྱང་ཚབས་ཆེན་འབྱུང་སྲིད་དེ། བཞུར་ཆུའི་ཕ་རོལ་ནི་ནགས་ཚལ་བཏབ་པའི་ཧ་ཅང་ལྐོག་གྱུར་གྱི་བྱེ་ལྗོངས་ཡིན་པས་སྤྱང་ཀི་སོགས་ཅེ་སྤྱང་མང་པོ་ཡོད་ངེས་ཅན་རེད་ལ། བ་གླང་འདི་དག་སྤྱང་ཀི་སོགས་ཅེ་སྤྱང་དེ་དག་གི་ཁ་ཟས་སུ་གྱུར་ཚེ་དེ་ནི་ཅི་འདྲའི་ཡ་ང་བ་ཞིག་རེད་ཨང་། ཡིན་ནའང་བུད་མེད་དེ་གཉིས་ཀྱིས་སྔར་བཞིན་ཁོ་མོར་སྙད་རྐོ་བྱེད་པ་ལྟར་བཞུར་ཆུའི་ཤང་སྒྲའི་འོག་ནས་གད་མོ་དགོད་པའི་བཟོ་ལྟ་སྣ་ཚོགས་སྟོན་བཞིན་མུ་མཐུད་དུ་གླ་སིལ་བཏོགས་པའི་ཀློང་དུ་འཁོར་འདུག འདི་ནི་མོའི་ཨ་མ་ལ་མཚོན་ན་ཧ་ཅང་ཐལ་དྲགས་ཤིང་དྲང་གཞག་མིན་པའི་སྦྱོར་བ་ཞིག་མ་རེད་དམ།
སྐབས་དེར་ཁོ་མོའི་སེམས་སུ་གློ་བུར་བའི་ཐབས་བཀོད་ཅིག་དྲན་བྱུང་བ་སྟེ། མོ་ཕྱིར་སྡེ་བའི་ནང་དུ་སོང་སྟེ་རྩིས་གཉེར་བ་གསེར་ཁ་ལ་མི་གཞན་གྱིས་ལྐོག་ཏུ་ནགས་རའི་ནང་དུ་བ་གླང་བརྒྱབ་ཡོད་ཚུལ་དང་། གླ་ཚེར་སྡོང་བོའི་ཡལ་ག་ཕོན་ཆེན་བཅག་ནས་གླ་སིལ་འཐོག་གིན་ཡོད་ཚུལ་ཡར་ཞུ་བྱ་རྒྱུ་དེ་རེད། དེ་ལྟར་ན་རྩིས་གཉེར་བ་གསེར་ཁ་ཧ་ཅང་ཁོང་ཁྲོ་ལངས་ངེས་པ་ཁོ་ཐག་ཡིན་པར་མ་ཟད། ད་དུང་ཁོའི་གསེར་སོ་གཉིས་ཀྱི་བར་ནས་འོངས་པའི་སྐད་མགོ་མཐོ་ཞིང་ཕྲ་སིང་བ་དེས་ཁོ་མོ་གཉིས་ལ་སྐྱོན་བརྗོད་ནན་མོ་བྱེད་ངེས་ལ། དྲང་རྐྱང་གིས་བ་གླང་འཚོ་བའི་མོའི་ཨ་མར་མཚོན་ན་དྲང་གཞག་མིན་པ་ཐལ་དྲགས་པའི་ན་ཟུག་དེའང་ཅུང་ཡང་དུ་འགྲོ་ངེས་རེད། མོས་དེ་ལྟར་བསམ་བཞིན་དུ་ཡང་བསྐྱར་བུད་མེད་གཉིས་ཀྱི་ཕྱོགས་སུ་ལྟ་ཙམ་བྱེད་དགོས་བྱུང་། ཁོ་མོ་གཉིས་ཀྱིས་སྔོན་ལྟར་གླ་སིལ་བཏོགས་ཞོར་དུ་ཅི་འདོད་དུ་ཟ་བཞིན་པ་མངོན་གསལ་རེད་པས། མོ་མུ་མཐུད་དུ་འདུག་ཐབས་མ་བྱུང་།
ཙིག་ཕྲུག་མ་དེ་འཕྲལ་ཁ་ཕྱིར་འཁོར་ཏེ་ནག་ཞར་སྡེ་གསར་གྱི་ཕྱོགས་སུ་བྱ་འཕུར་བ་ལྟར་བརྒྱུགས། ཁོ་མོ་རྩི་ཏོ་མང་བའི་ལྷས་ཤུལ་རྙིང་བ་དེ་བརྒྱུད་ནས་གཞུང་ལམ་ཁར་ཐོན་ཅིང་། དེ་ནས་ཀྱང་བྲེལ་མྱུར་ངང་བརྒྱུགས་ནས་གཞུང་ལམ་བརྒལ། གཞུང་ལམ་མ་བརྒལ་བའི་སྔོན་དེར་མོས་བྲེལ་བའི་མིག་གིས་གཡས་གཡོན་གཉིས་སུ་བལྟས་ཀྱང་རླངས་འཁོར་གྱི་གཟུགས་བརྙན་མཐོང་མ་བྱུང་མོད། ཏག་ཏག་གཞུང་ལམ་སྟེང་ནས་བརྒྱུགས་ཏེ་འགྲོ་བའི་སྐབས་དེར། གློ་བུར་བའི་རླངས་འཁོར་གྱི་འགག་ཟྭ་བསྡམས་པའི་སྒྲ་རྣར་གཟན་པ་ཞིག་གྲགས་བྱུང་བས་མོའང་རེ་ཞིག་ཡ་མཚན་པར་གྱུར། གཞུང་ལམ་གྱི་ཕ་མཐར་སླེབས་ནས་ཕྱིར་ལྟ་ཙམ་བྱས་པ་ན། རླངས་དཀར་པོ་ཆུང་བ་ཞིག་མོའི་ཕྱི་རྒྱབ་ཀྱི་ལམ་འགྲམ་དུ་གཡོལ་ནས་བསྡད་འདུག་ཅིང་། ཁ་ལོ་བ་རྒྱ་མི་ཕོ་གསར་དེས་དྲ་སྒོ་ཕྱེ་སྟེ་མོའི་ཕྱོགས་སུ་སྡིགས་མཛུབ་བསྟན་ནས། རྒྱ་སྐད་ཀྱིས"སྲོག་མི་དགོས་སམ"ཞེས་དམོད་མོ་བྱེད་བཞིན་འདུག་པ་མཐོང་། མོས་ཁོ་ལ་ཁ་ཡ་མ་བྱས། མོ་མུ་མཐུད་དུ་ད་སྔོན་ཚུར་ཡོང་སའི་སྲང་ལམ་དེ་དེད་ནས་མདུན་དུ་བརྒྱུགས་ཤིང་། ལན་རེར་རྐང་བ་སྲང་ལམ་གྱི་འཁྱིལ་ཆུའི་ནང་སྤོས་ཏེ་ལྷམ་ནང་དུ་ཆུ་བླུགས་འགྲོ་བས། རྒྱུག་པའི་འགྲོས་དང་བསྟུན་ནས་ལྷམ་རློན་པའི་ལྷམ་མཐིལ་ཐང་གཅལ་དུ་བརྡབས་པའི་ཅལ་སྒྲ་ཧ་ཅང་གསལ་བོ་ཞིག་གྲག་པར་བྱེད་ལ། ཅལ་སྒྲ་དེ་དང་མོའི་དོན་དག་གལ་ཆེན་དེ་བྲེལ་འཚུབ་ངང་རྩིས་གཉེར་བ་གསེར་ཁར་སྙན་ཞུ་བྱེད་རྩིས་ཀྱི་སྙིང་གི་འཕར་ལྡིང་གཉིས་དོ་མཉམ་པར་འདུག
ཁོ་མོ་ཕྱིར་སྲང་ལག་དེའི་སྣེ་འབྲེལ་བའི་ནག་ཞར་སྡེ་གསར་གྱི་གཞུང་རྟའི་སྲང་ལམ་སྟེ། ཁོ་མོ་སྔ་དྲོ་རང་ཁྱིམ་ནས་ཕྱིར་བུད་དེ་བཤས་པ་ཀྲང་མཆུ་སྟུག་གི་ཤ་ཁང་དུ་འགྲོ་སའི་སྲང་ལམ་དུ་ཐོན་དུས་ཐང་ཆད་དེ་དབུགས་ཧལ་ཧལ་བྱེད་ཀྱིན་འདུག སྤྱིར་ན་མོ་སྲང་མདོ་འདིར་ཐོན་དུས་གཡས་ཕྱོགས་སུ་འཁོར་ཏེ་མུ་མཐུད་དུ་རང་ཁྱིམ་ཕྱོགས་ཀྱི་སྡེ་དཔོན་སྐྱ་བྷ་ཚང་ཡོད་སར་བརྒྱུགས་འགྲོ་རྩིས་ཡོད་དེ། རྒྱུ་མཚན་ནི་སྔ་དྲོ་མོ་ཡོང་དུས་རྩིས་གཉེར་པ་གསེར་ཁའང་སྡེ་དཔོན་སྐྱ་བྷ་ཚང་དུ་ཡོད་པས་རེད། ཡིན་ནའང་ཁོ་མོ་སྲང་མདོ་དེར་ཐོན་དུས་གློ་བུར་དུ་དོན་དག་ལ་འགྱུར་ལྡོག་བྱུང་སོང་། སྲང་མདོའི་གཡས་ཕྱོགས་ཀྱི་འཕྲོད་བསྟེན་ས་ཚུགས་ཀྱི་སྒོ་ཁ་རུ་མི་མང་པོ་འདུས་ཡོད་པར་ཡོད་པར་མ་ཟད། ད་དུང་མཐའ་འཁོར་དུ་རླངས་འཁོར་དང་འཕྲུལ་རྟ་འགའ་ཡང་བསྡད་འདུག་པ་མཐོང་། ཙིག་ཕྲུག་མས་དེ་དག་ལ་ཁ་ཡ་མི་བྱེད་པར་མུ་མཐུད་དུ་སྡེ་དཔོན་སྐྱ་བྷ་ཚང་གི་ཕྱོགས་སུ་འགྲོ་རྩིས་བྱེད་དུས། གློ་བུར་མི་ཚོགས་ཀྱི་འདབས་སུ་ཨ་ཁུ་དཀོན་མཆོག་གིས་མི་ཞིག་ལ་ཁ་བརྡ་བྱེད་ཀྱིན་པ་མཐོང་བས། སྔ་དྲོ་ཁོ་དང་རྩིས་གཉེར་བ་གསེར་ཁ་སོགས་ལྷན་དུ་ཡོད་པ་དྲན་ནས་དེ་མུར་གོམ་ཁ་འཕྲོད་བསྟེན་ས་ཚུགས་ཀྱི་ཕྱོགས་སུ་བསྒྱུར།
མི་དེ་དག་གི་ཁྲོད་དུ་ནག་ཞར་སྡེ་གསར་དུ་གཞིས་སྤོ་བྱས་ཏེ་ཆེས་དམའ་བའི་འཚོ་བའི་ཕོགས་ཐོབ་ལེན་གྱིན་པའི་མི་ཡོད་ལ། ནག་ཞར་སྡེ་གསར་དུ་ཡོང་མ་འདོད་པར་ད་དུང་ཡང་འབྲོག་སར་ཕྱུགས་ཟོག་འཚོ་བཞིན་ཡོད་པའི་མིའང་འདུག སྔོན་ཆད་སྡེ་དཔོན་སྐྱ་བྷས་ཡུལ་ཚོའི་ལས་བྱེད་པ་བོས་ཡོང་སྟེ་ནག་ཞར་སྡེ་གསར་དུ་གཞིས་སྤོ་བྱེད་པའི་ཚོགས་འདུ་འཚོགས་དུས། ཁོ་རང་སྦྲ་རོག་རོག་ཅན་ནས་ཁང་སྐྱ་སྐྱ་ཅན་དུ་བསྒྱུར་ཟེར་ན་མི་འཐད་ཐག་ཆོད་ཡིན་ཟེར་ནས་བྲོས་ཏེ་རི་མགོར་སོང་ཞིང་། ཉིན་ཞག་གཉིས་ལ་ཡུལ་མ་ཡོང་བའི་ཨ་ཁུ་རི་སྨྱོན་ཡང་ཐོན་ཏེ་སྡེ་གསར་གྱི་རྒད་པོ་ཞིག་ལ་ཁ་བརྡ་བྱེད་ཀྱིན་འདུག་ལ། ནག་ཞར་སྡེ་གསར་གྱི་སྲང་བར་དུ་དུས་རྒྱུན་གཞན་ལ་ཆང་བསླངས་ནས་ར་རོ་བར་བཟི་ཡོད་པའི་རྐྱལ་སྟོང་སྐྱབས་ལོས་ཀྱང་ཤེལ་དམ་ཞིག་བསྣམས་ནས་མི་ཚོགས་ཀྱི་ཁྲོད་དུ་ཕར་འཚང་ཚུར་འཚང་གིས་འཁྱལ་བཞིན་འགྲོ་ལ། ཐ་ན་ནམ་རྒྱུན་དགོང་ཁའི་དུས་སུ་སྲང་ལམ་འགྲམ་དུ་ཙོག་ནས་མ་ནི་འཁོར་ལོ་སྐོར་བཞིན་ཚ་མོ་སློབ་གྲྭ་གྲོལ་ནས་ཡོང་བར་སྒུག་པའི་ཨ་ནེ་བཀྲ་ཁོའང་འདུག ཁོ་མོ་འཕྲོད་བསྟེན་ས་ཚུགས་ཀྱི་སྒོ་ཁའི་རྩིག་པར་རྒྱབ་ཁེན་ནས་ཙོག་སྟེ་སྔར་ལྟར་ཁ་མུག་མུག་གིས་གསོལ་བ་འདེབས་བཞིན་མ་ཎི་འཁོར་ལོ་སྐོར་གྱིན་འདུག ཙིག་ཕྲུག་མ་མི་ཆེ་བ་དག་གི་བར་གསེང་ནས་ཙི་གུ་ཉུལ་ཉུལ་བྱས་ཏེ་ཨ་ཁུ་དཀོན་མཆོག་གི་འཁྲིས་སུ་སོང་།
ཁོ་མོས་ཕར་ལྟ་ཚུར་ལྟ་སྒོས་མི་གཞན་གྱིས་མཉམ་བཞག་ཡོད་མེད་ལ་བརྟག་རྗེས། སྐད་དམའ་མོས"ཨ་ཁུ་དཀོན་མཆོག ཁྱོད་ཀྱིས་རྩིས་གཉེར་བ་གསེར་ཁ་ཨེ་མཐོང"ཞེས་དྲིས།
ཨ་ཁུ་དཀོན་མཆོག་གིས་གཞི་ནས་མགོ་བོ་མར་བསྒུར་ཏེ་འཁྲིས་སུ་ཡོད་པའི་ཙིག་ཕྲུག་མ་མཐོང་བྱུང་། ཁོས་མོའི་དྲི་བར་ལན་མི་འདེབས་པར"ཙིག་ཕྲུག་མ། ཁྱོད་འདིར་ཡོང་ནས་ཅི་བྱེད་དམ། བྱིས་པ་དག་འདིར་ཡོང་མི་རུང་། སོང་སོང་སོང་། མྱུར་དུ་ཡུལ་དུ་སོང་ཞིག"ཟེར། ཁོས་དེ་ལྟར་ཟེར་དུས་སྐད་མགོ་ཅུང་མཐོ་བས། ཙིག་ཕྲུག་མས་མི་གཞན་གྱིས་མཉམ་བཞག་ཨེ་བྱུང་སྙམ་ནས་ལུས་འདར་ཙམ་བྱས་སོང་།
ཙིག་ཕྲུག་མས་ཧ་ཅང་ཉམ་ཆུང་ངང"ངས་རྩིས་གཉེར་པ་གསེར་ཁ་འཚོལ་བ་ཡིན། ཁྱོད་ཀྱིས་ཁོ་ཨེ་མཐོང"ཞེས་དྲིས། ཁོ་མོས་དེ་ལྟར་བཤད་པའི་སྐབས་ཀྱི་ཉམ་ང་བའི་རྣམ་འགྱུར་ལ་བལྟས་ན"ངའི་ཨ་མ་ལ་དྲང་གཞག་སྐྱོངས་རོགས" ཞེས་ཞུ་བ་བྱེད་པ་དང་མཚུངས།
ཨ་ཁུ་དཀོན་མཆོག་གིས་ཁོ་མོས་དེ་ལྟར་དྲིས་པ་ཐོས་འཕྲལ། གདོང་ལ་ཁྲེལ་འཛུམ་ཞིག་ལངས་ནས"ཧ་ཧ། ལྟས་ངན་མ། ཁྱོད་ཀྱིས་ཁོ་ལ་དེ་ལྟར་བོས་ན། ཁོས་ཁྱོད་ཀྱི་འཕོངས་ཚོས་ལ་སྨྱུག་ལྕག་གིས་གཞུས་ཡོང་བར་མི་སྐྲག་གམ། ཨ་ཁུ་རྩིས་གཉེར་བ་ཞེས་འབོད་དགོས་པ་རེད"ཅེས་མོའི་མི་མིང་འབོད་སྟངས་ལ་དག་བཅོས་བྱས་སོང་།
རྩིས་གཉེར་བར་གསེར་ཁ་ཟེར་དོན་ནི་ཁོའི་མདུན་སོ་གཉིས་ཀར་ཟངས་ཀྱིས་ཤན་ཡོད་པས་ཀྱང་མ་ཡིན་པར། ཁོས་དུས་རྒྱུན་དུ་སྡེ་དཔོན་སྐྱ་བྷར་ཁ་ཡག་བཤད་ཤེས་པས་སྡེ་མི་དག་ཡིད་མ་དགའ་བར་བཏགས་པའི་མཚང་མིང་ཡིན་པ་རེད། ཡིན་ནའང་ཙིག་ཕྲུག་མས་དེ་དག་ལ་ཁ་ཡ་མི་བྱེད་པར"འོ་ན་ཁྱོད་ཀྱིས་ཨ་ཁུ་རྩིས་གཉེར་བ་ཨེ་མཐོང"ཞེས་མུ་མཐུད་དུ་དྲིས།
ཨ་ཁུ་དཀོན་མཆོག་གིས་ཅུང་ཡིད་མི་ཆེས་པའི་མིག་མདངས་དང་བཅས། སྔར་བཞིན་མོའི་དྲི་བར་ལན་མི་འདེབས་པར"ཁྱོད་ལ་ཁོ་བཙལ་ནས་དོན་དག་ཅི་ཡོད་དམ"ཞེས་དྲིས་བྱུང་།
ཙིག་ཕྲུག་མས་དེ་འཕྲལ་བདེན་ཅོག་ཅོག་ངང"གྲམ་པའི་ནང་དུ་བ་གླང་བརྒྱབ་འདུག ད་དུང་སྡོང་བོའི་ཡལ་ག་མང་པོ་བཅག་སོང"ཞེས་བཤད།
ཨ་ཁུ་དཀོན་མཆོག་གིས་མོའི་སྐད་ཆའི་ཧ་མ་གོ་བར།"གྲམ་པའི་ནང་དུ་བ་གླང་བརྒྱབ་འདུག་ཟེར་བ་ཅི་རེད། སྡོང་བོའི་ཡལ་ག་བཅག་སོང་ཟེར་བ་ཅི་རེད"ཟེར་ནས་དགོད་ཙམ་བྱས་སོང་ལ། དེ་ནས"མ་ཤེས་མ་ཤེས། མི་ཚང་མ་འདི་རུ་སེམས་བདེ་ཡིན་མེད་དུས། ཁྱོད་ཀྱི་ཉོག་བཤད་ལ་ཉན་མཁན་ཡོད་མི་སྲིད། བྱིས་པ་དག་འདི་རུ་འདུག་མི་རུང་། མྱུར་མོར་ཕྱིར་ཡུལ་དུ་སོང་ཞིག"ཅེས་བཤད་དེ། མུ་མཐུད་དུ་ཁོ་མོའི"ཉོག་བཤད"ལ་མི་ཉན་པར་སྐེ་བསྲིངས་ཏེ་འཕྲོད་བསྟེན་ས་ཚུགས་ཀྱི་ལྷས་རའི་ནང་ཕྱོགས་སུ་ལྟ་བར་བྱེད།
ཙིག་ཕྲུག་མས་ཀྱང་ཁོའི་ལྟ་ཕྱོགས་ལྟར་འཕྲོད་བསྟེན་ས་ཚུགས་ཀྱི་ལྷས་རའི་ནང་དུ་ལྟ་ཙམ་བྱས་ཀྱང། མདུན་དུ་ཡོད་པའི་མི་དག་གི་གཟུགས་རིང་བོ་ཡོད་པས་མོས་མཐོང་བ་ནི་མི་དེ་དག་གི་འཕོངས་ཚོས་རེད། མོའི་སེམས་ལ་མི་ཚང་མ་སེམས་མི་བདེ་དོན་ཅི་ཡིན་ནམ་སྙམ་ཡང་། དངོས་གནས་དེར་འདུས་ཡོད་པའི་མི་དག་གི་བཟོ་ལྟར་བལྟས་ན་ཧ་ཅང་ཧང་ཧང་བོར་གྱུར་ཏེ་སྙིང་ནད་བྱུང་ཡོད་པ་ལྟར་སྣང་བས། མོ་སླར་ཡང་རྩྭ་གསེང་དུ་རྒྱུ་བའི་ཙི་གུ་ཞིག་དང་འདྲ་བར་མི་དེ་དག་གི་བར་གསེང་ཉུལ་ནས། ཕ་རོལ་ན་འཕྲོད་བསྟེན་ས་ཚུགས་ཀྱི་ལྷས་རར་རྒྱབ་ཁེན་ཏེ་མ་ཎི་འཁོར་ལོ་སྐོར་བཞིན་པའི་ཨ་ནེའི་བཀྲ་ཁོའི་འཁྲིས་སུ་ཕྱིན། ཨ་ནེ་བཀྲ་ཁོས་ཁོ་མོའི་ཚ་མོར་གཅེས་པ་བཞིན་དུ་བྱིས་པ་ཚང་མར་ཡང་གཅེས་བཞིན་ཡོད་པས། བྱིས་པ་སུས་ཀྱང་མོ་ལ་འཛེམ་དོགས་མི་བྱེད།
"ཨ་ནེ། འདི་ན་ཅི་བྱེད་ཀྱི་ཡོད་པ་རེད།"ཙིག་ཕྲུག་མ་ཨ་ནེ་བཀྲ་ཁོའི་འཁྲིས་སུ་བཅར་ནས་སྐད་ཤུབ་བུས་དེ་ལྟར་དྲིས།
ཨ་ནེ་བཀྲ་ཁོས་མ་ཎི་འདོན་བཞིན་ཚུར་ལྟ་ཙམ་གྱིས་ཙིག་ཕྲུག་མ་ཡིན་པ་མཐོང་ནས། སྐེ་མོའི་རྣ་འགྲམ་དུ་བསྲིངས་ནས་གཞན་གྱིས་ཐོས་མི་རུང་བའི་གསང་གཏམ་ཞིག་སྨྲ་བ་ལྟར"སྨན་པ་རྒད་པོ་ཆང་བཅུད་འཐུངས་ཏེ་ཤི་སོང་བ་རེད། མདང་དགོང་ཆང་བཅུད་འཐུངས་ནས་ཤི་བ་རེད"ཅེས་བཤད་རྗེས"མྱུར་དུ་མ་ཎི་ཐོན་འགའ་ཨེ་ཐོན་ལྟོས"ཟེར་ནས་མོ་རང་གིས་ཀྱང་མུ་མཐུད་དུ་མ་ཎི་འདོན་པར་བྱེད།
སྨན་པ་རྒན་པོ་ཤི་བ་རེད་ཟེར་བ་ཐོས་འཕྲལ་ཙིག་ཕྲུག་མ་ཧ་ཅང་སྐྲག་པར་གྱུར་སོང་། ཁོ་མོའི་སེམས་སུ་མི་ཞིག་གང་བྱུང་དུ་དེ་ལྟར་ཤི་ཨེ་སྲིད་དམ་སྙམ། སྨན་པ་རྒད་པོས་སྔོན་ནས་ཆང་གཏན་གཅོད་བྱས་ཟིན་ཟེར་བ་མ་ཡིན་ནམ། ད་དུང་སྔ་དྲོའི་སྐབས་སུ་བུད་མེད་འབྲི་མར་འཚོང་མཁན་དེས་བྱིས་པ་ཁྱེར་ཏེ་ཁོའི་སར་ནད་ལ་བལྟ་རུ་སོང་བ་མ་ཡིན་ནམ། ཁོ་མོས་ཡང་དང་ཡང་དུ་འདང་བརྒྱབ་ཀྱང་རྒན་མོ་འདིའི་སྐད་ཆར་ཡིད་ཆེས་ཆོག་པའི་གནས་ལུགས་ཅི་ཡང་མ་རྙེད། ཡིན་ནའང་མཇུག་མཐར་མོའི་སེམས་སུ་ནངས་མོ་ཉེན་རྟོག་པ་གཉིས་སྡེ་དཔོན་སྐྱ་བྷ་ཚང་ལ་ཐོན་པ་དྲན་ནས། སྔར་བས་ཀྱང་ཡིད་མི་ཆེས་པའི་ངང"འོ་ན་ཁོ་གཉིས་ཀྱིས་ཆང་འཐུངས་པ་རེད་དམ། ཁོས་ཆང་འཐུངས་ཏེ་སྡེ་དཔོན་སྐྱ་བྷ་ལ་རྡུང་རེས་བརྒྱབ་པ་མ་རེད་དམ"ཞེས་དྲིས། མོའི་སེམས་ལ་སྡེ་དཔོན་སྐྱ་བྷས་ཀྱང་མོའི་ཨ་ཕ་ལྟར་ཆང་འཐུངས་རྗེས་སྨན་པ་རྒད་པོ་ལ་གཅར་རྡུང་བྱས་ནས་ཤི་བ་ཡིན་ཡང་སྲིད་སྙམ།
མོའི་སྐད་ཆ་དེས་རྒད་མོ་ཧ་ལས་པ་ལྟར་འགྱུར་དུ་བཅུག་སོང་། ཟིམ་བུར་འཛུམ་ནས་མ་ཎི་འདོན་པར་དམིགས་པའི་མིག་ཟུང་གློ་བུར་དུ་ཆེ་རུ་ཅེར་ནས། ཕལ་ཆེར་ཁོ་མོ་ཁྱུར་མིད་དུ་བཏང་འགྲོ་བ་ལྟ་བུའི་མིག་མདངས་ཀྱིས་མོར་ལྟ་བཞིན"ཁ་འཁྲུལ། སྡེ་དཔོན་སྐྱ་བྷས་ཁོ་ལ་རྡུང་རེས་བྱ་སྲིད་དམ། ཁོ་རང་ཉིད་སྡེ་དཔོན་སྐྱ་བྷ་ཚང་དུ་སོང་ནས་ཆང་བསླངས་ཀྱང་མ་བྱིན་པས། ཆང་བཅུད་འཐུངས་ཏེ་ཤི་བ་རེད། ཁ་ནས་གང་བྱུང་བཤད་མི་རུང"ཞེས་ཐ་ཚིག་བསྒྲགས་སོང་།
ཨ་ནེ་བཀྲ་ལོའི་རྣམ་འགྱུར་དེ་དང་སྐད་ཆ་དེས་མོའི་མགོ་བོ་སྔར་བས་ཀྱང་རྨོངས་པར་གྱུར་སོང་། སྡེ་དཔོན་སྐྱ་བྷས་ཆང་མ་བླུད་པར་སྨན་པ་རྒད་པོ་རང་ཉིད་ཀྱིས་ཆང་བཅུད་འཐུང་སྟེ་ཤི་ན་སྡེ་དཔོན་སྐྱ་བྷར་སྐྱོན་ཆ་ཅི་ཡོད་དམ། སྔ་དྲོའི་དུས་སུ་ཉེན་རྟོག་པ་དེ་གཉིས་ཀའང་སྡེ་དཔོན་སྐྱ་བྷ་ཚང་ལ་ཡོང་བ་མ་ཡིན་ནམ། སྡེ་དཔོན་སྐྱ་བྷར་སྐྱོན་ཆ་མེད་ན་ཉེན་རྟོག་པ་གཉིས་ཀ་ཁོ་ཚང་ལ་ཡོང་དོན་ཅི་ཡོད་དམ། ཡིན་ནའང་རྒན་མོ་འདིར་མུ་མཐུད་དུ་སྐད་ཆ་འདྲི་མི་ཕོད་པས། མོས་ཁ་རོག་གེར་མཛུབ་མོ་ཁ་ནང་དུ་བཅུག་ནས་བསམ་བློ་གཏོང་བཞིན་འདུག་དགོས་བྱུང་།
མ་ངེས་མ་ཚོར་བའི་ངང་ལ་མགོ་ཐོག་གི་སྤྲིན་གསེབ་ནས་ཉི་འོད་ཚ་བོ་ཞིག་འཕྲོས་ཏེ་ས་ངོས་ནས་འདམ་དྲི་འདྲེས་མའི་དྲོད་རླངས་རྒྱས་བྱུང་། མི་རྣམས་ཀྱི་མིག་གིས་སྔོན་ལྟར་འཕྲོད་བསྟེན་ས་ཚུགས་ཀྱི་སྒོ་ཆེན་ལས་ནང་ཕྱོགས་ཀྱི་ཁང་སྟར་དེའི་ཕྱོགས་སུ་བལྟས་འདུག་ལ། ཁོ་ཚོའི་མིག་མདངས་ཀྱི་ཀློང་དུ་ལྟད་མོ་ཅི་ཞིག་མཐོང་རེ་ཡི་ཧམ་པ་ཡིས་ཁེངས་འདུག་པར་བལྟས་ན། ཕལ་ཆེར་ཤི་ཟིན་པའི་སྨན་པ་འདས་པོའི་བེམ་པོ་རྗེན་པོར་ཕྱིར་བཏེགས་ཡོང་ངེས་པ་ལོས་ཡིན་པའམ། ཡང་ན་ཤི་ཟིན་པའི་སྨན་པ་འདས་པོའི་རྣམ་ཤེས་བསྐྱར་སོས་བྱུང་སྟེ་སྒོ་ནང་ནས་ཕྱི་རུ་འཇུར་ལོས་ཡོང་སྙམ་པའི་སྣང་བ་བྱིན་འོངས་པས། མོ་དེ་མུར་ཡར་ལངས་ནས་མི་རྣམས་ཀྱི་མཆན་འོག་ནས་འཚངས་ཏེ་སྒོ་ཆེན་གྱི་ལྕགས་སྒོའི་འཁྲིས་སུ་སོང་བ་ན། མི་འགའ་རེས" བྱིས་པ་ཞིག་འཚངས་ནས་ཅི་བྱེད་དམ" ཞེས་མ་དགའ་བའི་འཁང་ཚིག་སྨྲས་ཡོང་མོད། མོས་དེ་དག་མ་ཐོས་པ་ལྟར་སྒོ་ཁའི་བར་དུ་འཚངས་སོང་སྟེ་ལྕགས་སྒོའི་ལྕགས་དྲའི་བར་ནས་ནང་ཕྱོགས་སུ་ཅི་ཞིག་ཡོད་པར་བལྟས། སྒོ་ནང་འདིར་མོས་སྔ་དྲོའི་དུས་སུ་ཡང་བལྟས་མྱོང་བ་སྟེ། ནང་རོལ་ཏུ་ཁང་བ་སྤུས་ལེགས་སྟར་ཕྲེང་གཅིག་དང་ལྷས་རའི་ནང་དུ་སྡོང་བོ་གྲལ་སྟར་འགའ་བཙུགས་ཡོད་པ་ལས་ཅི་ཡང་མཐོང་མ་བྱུང་། ད་ནངས་དང་མི་འདྲ་ས་ནི་ད་ལྟ་ཉི་འོད་ཀྱིས་ལྷས་རའི་ནང་གི་ས་བརླན་བསྲད་ཅིང་དྲོད་རླངས་འཐུལ་གྱིན་ཡོད་པ་དང་། སྡོང་ཕྲུག་དག་གི་ཡལ་གའི་སྟེང་གི་ལོ་མ་ཡོངས་རྫོགས་ཀྱང་གཉིད་ལས་སད་པ་ལྟར་ལྗང་ཡུག་ཡུག་གིས་འོད་འཚེར་གྱིན་ཡོད་པ་དེ་རེད།
སྐབས་འདིར་ཙིག་ཕྲུག་མའི་རྣ་བས་གཞི་ནས་མཉམ་འཇོག་བྱས་བྱུང་། སྒོ་འགྲམ་དུ་འཚངས་ཡོད་པའི་མི་རྣམས་ཀྱིས་སྨན་པ་རྒད་པོ་ཤི་བའི་གནས་ཚུལ་སྐོར་དཔྱད་གླེང་དང་ཁ་བརྡ་བྱེད་ཀྱིན་འདུག ད་སྔོན་མོས་རྩེ་གཅིག་གིས་རྩིས་གཉེར་བ་གསེར་ཁ་བཙལ་པ་ལས་ཁོ་ཚོའི་ཁ་བརྡ་ཅི་ཞིག་བྱེད་ཀྱིན་པར་མ་ཉན་འདུག ཁོ་མོས་མིག་གིས་མི་ཚང་མ་དང་འདྲ་བར་འཕྲོད་བསྟེན་ས་ཚུགས་ཀྱི་ནང་ཕྱོགས་སུ་ལྟ་བཞིན། རྣ་བ་བླགས་ནས་རྒྱབ་རོལ་གྱི་མི་དེ་དག་གིས་ཁ་བརྡ་བྱེད་ཀྱིན་པར་ཉན།
མི་ཀ་པས"སྨན་པ་རྒན་པ་རེད་པས་ཟླ་ཕོགས་ཅི་ལ་མི་མཐོ། ཆང་གང་བཟང་ཉོས་ནས་མི་འཐུང་པར་ཆང་བཅུད་འཐུངས་ནས་ཅི་བྱེད་དམ།"ཟེར་ནས་སྨན་པ་རྒད་པོར་སེར་སྣ་ཆེ་དྲགས་པར་ཕངས་སེམས་ཆེ་མདོག་སྟོན།
མི་ཁ་པས། "ཟླ་ཕོགས་མཐོ་བས་ཕན་ཐོགས་ཅི་ཡོད། བྱང་བུ་ཆུང་མའི་ལག་ཏུ་ཡོད་པ་རེད།"ཟེར་འཕྱ་སྨོད་བྱེད་པའི་བཟོ་ལྟ་སྟོན།
མི་ག་པས། "ཆང་བཅུད་འཐུང་གིན་ཡོད་ཚེ་ངོ་མ་ཆང་ལ་དགའ་དྲགས་པ་རེད། ངོ་མ་སྡེ་དཔོན་སྐྱ་བྷར་དཔོན་པོ་ཚོར་ཆང་འདྲེན་རྒྱུ་ཅི་འདྲ་མང་པོ་འདུག ཁོ་ལའང་གཅིག་བླུད་ན་འགྲིག་པ་རེད།"ཟེར་ནས་སྨན་པ་རྒད་པོར་གདུང་སེམས་འཆང་ཞོར་དུ་སྡེ་དཔོན་ལ་ཟུར་ཟ་བྱེད།
མི་ཞིག་གིས་ད་དུང་ཡང་དོན་དག་ཇི་ལྟར་བྱུང་བ་མ་རྟོགས་པར། "དོན་ངོ་མར་སྡེ་དཔོན་ཚང་ནས་ཆང་བསླངས་པ་རེད་དམ་སྡེ་དཔོན་ཚང་ནས་ཆང་བཅུད་འཐུངས་པ་རེད། ཆང་བསླངས་ནས་མ་བྱིན་པ་ཙམ་ཡིན་ན། ཁོ་ཤི་བར་སྡེ་དཔོན་ལ་འབྲེལ་བ་ཅི་ཞིག་ཡོད་དམ"ཞེས་དྲིས་བྱུང་།
བསམ་བློ་གཏོང་ཤེས་མདོག་བྱེད་མཁན་ཞིག་གིས་གཡོ་སྒྱུ་དང་བཅས"དེ་ནི་ང་ཚོ་སུས་ཀྱང་ཤེས་ནི་མ་རེད། ཡིན་ནའང་གཞན་མི་ང་ཚོའི་སྡེ་བའི་ནང་དུ་ཤི་བ་ངོ་མ་རེད་པས། སྡེ་དཔོན་ལའང་འགན་འཁྲི་ཡོད་རྒྱུ་རེད།"ཅེས་སྡེ་དཔོན་སྐྱ་བྷ་འཆོར་ས་མེད་པ་ཐག་གཅོད་བྱས་སོང་།
ཙིག་ཕྲུག་མས་ཁོ་ཚོའི་སྐད་ཆའི་ཧ་ཅི་ཡང་གོ་མ་བྱུང་། དོན་ངོ་མར་སྨན་པ་རྒད་པོས་ཆང་བཅུད་འཐུངས་རྗེས་སྡེ་དཔོན་ཚང་ལ་སོང་ནས་ཤི་བ་ཡིན་ནམ། ཡང་ན་སྡེ་དཔོན་ཚང་གིས་ཆང་མ་བྱིན་པས་ཕྱིར་སྨན་ཁང་དུ་སོང་སྟེ་ཆང་བཅུད་འཐུངས་ནས་ཤི་བ་ཡིན། དོན་དེས་མོའི་མགོ་ཉོག་ཏུ་བཅུག་སོང་། མགོ་ཉོག་ཏུ་བཅུག་པས་མོས་མུ་མཐུད་དུ་ཁོ་ཚོའི་ཁ་བརྡར་ཉན་མ་འདོད་པར་སྔར་བཞིན་རྩིས་གཉེར་བ་གསེར་ཁ་གར་ཡོད་ལ་བལྟས། ཡིན་ནའང་འཁྲིས་སུ་ཡོད་པའི་མི་དག་གིས་ད་དུང་ཡང་ཧ་མི་གོ་བའི་དཔྱད་གླེང་སྣ་ཚོགས་བྱེད་ཀྱིན་འདུག
སྐབས་དེར་གཡས་ཟུར་དུ་ཡོད་པའི་མི་ཞིག་གིས"ད་ཐོན་བྱུང"ཞེས་བཤད་བྱུང་ལ། དེ་དང་ལྷན་དུ་ཕ་རོལ་གྱི་ཁང་བ་ཞིག་གི་སྒོ་གློ་བུར་དུ་ཕྱེ་སྟེ། ཐོག་མར་སྡེ་དཔོན་སྐྱ་བྷ་དང་རྩིས་གཉེར་བ་གསེར་ཁ་གཉིས་སྒོར་བུད་བྱུང་། འཕྲོར་མཐུད་ནས་ངོ་མི་ཤེས་མི་འགའ་དང་ནད་གཡོག་བུ་མོ་གཉིས་ཀ་ཡང་ཐོན་བྱུང་བ་མ་གཏོགས། ཉེན་རྟོག་པ་གཅིག་ཀྱང་མི་འདུག་ལ་སྨན་པ་འདས་པོའི་བེམ་པོ་དེ་བས་ཀྱང་མི་འདུག སྡེ་དཔོན་སྐྱ་བྷས་ཧ་ཅང་གུས་ཚུལ་ལྡན་པའི་ངང་མི་ཆ་མེད་དེ་དག་ལ་ཅི་ཞིག་གི་ཁ་བརྡ་བྱེད་བཞིན། དྲང་ཐད་དུ་ཚུར་སྒོ་ཆེན་གྱི་ལྕགས་སྒོའི་སར་བསྙེགས་ནས་ཡོང་གིན་འདུག་ཅིང་། ནད་གཡོག་བུ་མོ་གཉིས་ཀྱིས་ཁང་བའི་སྒོར་ཟྭ་བརྒྱབ་རྗེས་དེ་མལ་དུ་ལངས་ནས་བསྡད་བྱུང་།
སྐབས་དེར་ཙིག་ཕྲུག་མའི་འགྲམ་ནས་མི་ཞིག་གིས་ཅི་ཡང་ངེས་ཀྱིན་མེད་པར། མི་རྣམས་ཀྱི་གདོང་གི་རྣམ་འགྱུར་ལ་རྟོག་བཞིན་སྐད་དམའ་མོས"འདས་པོའི་བེམ་པོ་ད་དུང་ཁང་བ་འདིའི་ནང་དུ་ཡོད་པ་རེད་དམ"ཞེས་དྲིས་བྱུང་།
མི་གཞན་ཞིག་གིས་ཁོས་ཅི་ཡང་ཤེས་ཀྱིན་མེད་པ་མཐོང་ནས།"ཅི་ལ་སྲིད། ཁྱིམ་མི་ཡོང་སྟེ་བེམ་པོ་སྔ་མོ་ནས་ཁྱེར་ཐལ་ཟེར། དེའི་རྗེས་ནས་སྤྱི་བདེ་ཅུ་ཡོང་བ་རེད། དེའི་རྗེས་ནས་ཁོ་ཚོ་ཐོན་པ་རེད།"ཟེར་ནས་མཆུ་ཏོས་སྡེ་དཔོན་སྐྱ་བྷའི་འཁྲིས་ཀྱི་མི་དེ་དག་སྟོན་པར་བྱེད།
"འོ་ན་ཁོ་ཚོ་སུ་རེད། ཅི་བྱེད་དུ་ཡོང་བ་རེད།" ཅི་ཡང་ཤེས་ཀྱིན་མེད་པའི་མི་དེས་ཉེན་རྟོག་པས་འདྲི་གཅོད་བྱེད་པ་ལྟར་མུ་མཐུད་དུ་དྲིས་བྱུང་།
ཁོ་ཚོ་སུ་ཡིན་པ་མི་གཞན་དེས་ཀྱང་ཤེས་ཀྱིན་མེད་པ་འདྲ། ལན་ཅི་ཡང་བཏབ་མ་བྱུང་། ཡང་ན་ཁོའི་ཉེན་རྟོག་པས་འདྲི་གཅོད་བྱེད་པ་ལྟ་བུའི་འདྲི་སྟངས་དེར་མོས་པ་མ་བྱུང་བ་ཡིན་ཡང་སྲིད། དོན་ངོ་མར་ལན་ཅི་ཡང་མ་བཏབ་པ་དེའང་རང་གིས་ཅི་ཡང་ཤེས་ཀྱིན་མེད་པ་དེ་འགེབས་ཐབས་བྱེད་པའི་རྣམ་འགྱུར་ཞིག་རེད།
སྡེ་དཔོན་སྐྱ་བྷ་དང་བཅས་པ་ཚུར་ཐོན་འཕྲལ་སྒོ་ཁའི་མི་ཚང་མའང་རིམ་གྱིས་ཕྱིར་བཀྱེད་བྱུང་། སྡེ་དཔོན་སྐྱ་བྷ་མི་དེ་དག་ལ་སྐད་ཆ་བཤད་པར་མགོ་འཁོར་འདུག སྒོ་ཆེན་ཁར་སླེབས་དུས་གཞི་ནས་སྡེ་བའི་མི་མང་པོ་འདུས་འདུག་པ་མཐོང་ནས་ཅུང་ཡ་མཚར་བ་ལྟར་གྱུར་ཅིང་། དེ་མུར་མྱུར་སྟབས་ངང་སྒོ་ཆུང་བར་ནས་ཚུར་ལ་འཛུལ་ཡོང་ཞིང་། དེར་ཡོད་ཀྱི་མི་རེ་རེའི་གདོང་ལ་ཞིབ་ལྟ་བྱེད་བཞིན"ཁྱོད་ཚོ་འདི་གར་ཡོང་དོན་ཅི་ཡོད་སོང་ངམ"ཞེས་དྲིས་བྱུང་།
"ང་ཚོས་ཁྱོད་ཚང་ནས་དོན་དག་ཅིག་བྱུང་སོང་བ་ཐོས་ཏེ་་་་་་"འཚངས་ནས་མི་རྣམས་ཀྱི་སྔོན་དུ་ཐོན་ཡོད་པའི་ཨ་ཁུ་རི་སྨྱོན་གྱིས་དེ་ལྟར་བཤད་ཅིང་། མུ་མཐུད་དུ་ཚིག་རྔ་བཤད་མི་སྤོབས་པ་ལྟར"ཅི་འདྲ་རེད"ཅེས་དྲིས་བྱུང་།
སྡེ་དཔོན་གྱིས་དེ་མུར་ཁོ་ཚོའི་ཡོང་དོན་གྱི་ཧ་གོ་བྱུང་བ་ངེས་ཅན་རེད། མུ་མཐུད་དུ་ཨ་ཁུ་རི་སྨྱོན་གྱི་སྐད་ཆར་ལན་མི་འདེབས་པར། དེར་ཡོད་ཚང་མར་ཕྱོགས་ནས"འོན་ཀྱང་ཁྱོད་ཚང་མ་ཡོང་བའང་འགྲིག་འདུག དོན་དག་གལ་ཆེན་ཞིག་འདུག་པས་ཚོགས་འདུ་འཚོགས་དགོས་འདུག ཁོ་ཚོ་ནི་སྨན་པ་འདས་པོའི་ནང་མི་རེད་པས། ངས་ཁོ་ཚོར་སྐྱེལ་མ་བྱས་རྗེས་ང་ཚོ་ཚོགས་འདུ་འཚོག་པར་བྱ"ཞེས་བཤད་རྗེས། མུ་མཐུད་དུ་སྡེ་མི་དག་ལ་ཁ་ཡ་མི་བྱེད་པར། གུས་གུས་ཞུམ་ཞུམ་གྱིས་མི་ཆ་མེད་དེ་དག་ཁྲིད་ནས་ཕ་རོལ་གྱི་རླངས་འཁོར་དེའི་འཁྲིས་སུ་བུད་སོང་ལ། ནགས་ར་སྲུང་མཁན་རྩིས་གཉེར་བ་གསེར་ཁ་ནི་ཁོ་ཚོའི་ཆེས་རྗེས་མ་རེད། སྡེ་བའི་མི་དག་ཀྱང་རླུང་གང་ཕྱོགས་སུ་རྒྱུ་ན་སྤྲིན་དེ་ཕྱོགས་སུ་གཡོ་བ་ལྟར་བར་ཐག་ངེས་ཅན་ཡོད་པའི་ངང་ཁོ་ཚོའི་རྗེས་འབྲངས་ནས་ཕར་འགྲོ་ཙམ་བྱེད། སྡེ་དཔོན་སྐྱ་བྷས་མི་ཆ་མེད་དེ་དག་ལ་ངོ་དགའ་ལྟ་བུའི་སྐད་ཆ་ལྡབ་ལྡིབ་ཅིག་བཤད་བཞིན་ཁོ་ཚོ་རླངས་འཁོར་ནང་དུ་འབུད་དུ་བཅུག་པ་དང་། དེ་ནས་ཧ་ཅང་གུས་ཚུལ་ལྡན་པའི་ངང་གྱེས་ཕྱག་ཕུལ་བ་ན། རླངས་འཁོར་དེས་ཀྱང་འདས་པོ་གང་དེའི་མཐའ་མཐུག་གི་རྣམ་ཤེས་ཀྱང་བསྣམས་ཁྱེར་བ་ལྟར་ཁོ་ཚོ་དང་གྱེས་སོང་།
རླངས་འཁོར་ཅུང་ཐག་རིང་དུ་འགྲོ་བའི་བར་དུ་སྡེ་དཔོན་སྐྱ་བྷ་དང་བཅས་པའི་སྡེ་མི་དག་གིས་དེའི་རྗེས་སུ་ཅེར་ནས་སྡོད་ཅིང་། མཇུག་མཐར་ད་ནངས་ཉེན་རྟོག་པའི་རླངས་འཁོར་དཀྱོགས་ཡོང་སའི་སྲང་མདོ་དེ་ནས་ཕར་ཡོལ་མཚམས། སྡེ་དཔོན་སྐྱ་བྷས་གཞི་ནས་གཟི་བརྗིད་ལྡན་པའི་དོན་ཞིག་བདེ་བླག་ངང་འགྲུབ་པར་བྱས་པ་ལྟར་དབུགས་གཏོང་ཙམ་བྱས་ཏེ་ཁ་ཕྱིར་འཁོར་བྱུང་ལ། དེ་མ་ཐག་ཨ་ཁུ་རི་སྨྱོན་དང་བཅས་པའི་མི་རྣམས་ཀྱང་ཁོའི་མཐའ་རུ་རུབ་བྱུང་། སྡེ་དཔོན་སྐྱ་བྷས་མི་ཚང་མར་གསལ་བཤད་བྱེད་པ་ལྟར།"ཁོ་ཚོ་ནི་སྨན་པ་འདས་པོའི་ནང་མི་རེད། ཁོ་མ་ཤི་སྔོན་གྱི་གནས་ཚུལ་ལ་རྩ་ར་དང་ཤུལ་དངོས་གལ་ཆེན་ཅི་ཡོད་སོགས་འདྲི་རུ་ཡོང་བ་རེད"ཅེས་ཟེར།
བར་དེར་ཨ་ནེ་བཀྲ་ལོ་ཡང་ལག་གཡོན་པ་ལག་རྟེན་ལ་ཁེན་པ་དང་། ལག་གཡོན་པས་མ་ཎི་འཁོར་ལོ་སྐོར་བཞིན་སྡེ་དཔོན་སྐྱ་བྷའི་སྔུན་དུ་ཡོང་སྟེ།"དེས་ན་ཁྱོད་ལ་སྐྱོན་མེད་དམ།"ཞེས་སེམས་ཁྲལ་ཆེ་བའི་ངང་དྲིས་བྱུང་།
"ང་ལའམ། ང་ལ་སྐྱོན་ཅི་ཞིག་ཡོད་དམ།"སྡེ་དཔོན་སྐྱ་བྷའི་བཟོ་ལྟ་དེ་མ་ཐག་ཏུ་འགྱུར་སོང་། ཨ་ནེ་བཀྲ་ལོའི་དྲི་བ་དེ་ནི་ཧ་ཅང་མཚར་སྣང་ཆེ་བ་ཞིག་ཡིན་པ་ལྟར་དེ་ལྟར་ལྡོག་འདྲི་ཞིག་བྱས་པ་དང་། དེ་ནས་ཁོའི་ནམ་རྒྱུན་གྱི་རང་ཉིད་ནི་མགོ་ཁྲིད་ཡིན་པ་དང་རང་ཉིད་ནི་དཀར་པོ་དུང་ལྟ་བུ་ཡིན་པའི་ཉམས་དེ་བསྟན་ནས་གནས་ལུགས་བཤད་བྱུང་། "ངས་ཁོ་མགྲོན་འབོད་བྱས་ནས་ཆང་བླུད་ནི་མ་རེད། ཁོ་རང་ཉིད་ཀྱིས་ཆང་བཅུད་འཐུངས་ཏེ་ཤི་བ་རེད། ཁྱོད་ཚོས་བཤད་ན་ང་ལ་སྐྱོན་ཅི་ཞིག་ཡོད་རྒྱུ་རེད། ང་ལ་ཁྱོད་ཚོས་སེམས་ཁུར་བྱེད་དགོས་ནི་མ་རེད། རྒྱལ་ཁབ་ཡོད་ནི་རེད། རྒྱལ་ཁབ་ཀྱིས་བདེན་པ་གང་ཡིན་པ་ནོར་སྲིད་རྒྱུ་ཨེ་རེད།"ཅེས་རྒྱལ་ཁབ་རང་ཉིད་ཀྱི་དཔང་མིར་གདན་དྲངས་ནས"ཨེ་རེད"དང"མ་རེད"ཀྱིས་ཁེངས་ཤིང་། ཆང་བཅུད་འཐུངས་ཏེ་གང་ནས་ཤི་བ་མི་གསལ་པའི་སྐད་ཆ་དེ་བཤད་བྱུང་།
མི་ཚང་མས་རང་དབང་མེད་པར་ཡིད་ཆེས་པའི་མགོ་ལྡེམ་ལྡེམ་བྱེད་ཀྱིན་འདུག་ཅིང་། ཨ་ནེ་བཀྲ་ལོའང་གཞི་ནས་སེམས་བདེ་ལ་བབས་པ་བཞིན་དུ། ཡང་ནས་ཡང་དུ"དེས་ན་བཟང་འདུག དེས་ན་བཟང་འདུག"ཅེས་ཟློ་བར་བྱེད།
སྡེ་དཔོན་སྐྱ་བྷས་མུ་མཐུད་དུ་སྡེ་དཔོན་གྱི་བཟོ་ལྟ་དེ་བསྟན་ནས"རེད་ཡ། དེས་ན་ང་ཚོས་འདི་གར་ཚོགས་འདུ་འཚོགས་རྒྱུ་བྱེད། གོང་རིམ་གྱི་བརྡ་སྦྱོར་ཞིག་འདུག་པས། མི་ཚང་མ་ཚུར་བོས་ཤོག"ཟེར།
ཙིག་ཕྲུག་མས་ཁོ་ཚོས་ཚོགས་འདུ་འཚོགས་ན་དུས་ཚོད་རིང་བོ་འགོར་ངེས་པ་དང་། དེ་ལྟར་ན་ནགས་རའི་ནང་དུ་བ་གླང་རྒྱག་མཁན་གྱི་བུད་མེད་དེ་གཉིས་ཀ་བྲོས་འགྲོ་བར་དོགས་ནས་བྲེལ་བ་ལངས་ཏེ། ཨུ་ཚུགས་ཀྱིས་སྤོབས་པ་བསྐྱེད་ནས་སྡེ་དཔོན་སྐྱ་བྷའི་འཁྲིས་སུ་ལངས་ཡོད་པའི་རྩིས་གཉེར་བ་གསེར་ཁའི་མདུན་དུ་འཚངས་སོང་སྟེ།"ཨ་ཁུ་རྩིས་གཉེར་བ། མི་གཉིས་ཀྱིས་ནགས་རའི་ནང་དུ་བ་གླང་བརྒྱབ་བྱུང"ཞེས་གཏུག་བཤེར་བྱས།
ཙིག་ཕྲུག་མས་དེ་ལྟར་བཤད་པས་མཐའ་འཁོར་གྱི་མི་ཚང་མ་ཅུང་ཡ་མཚན་པར་གྱུར་ནས་མོར་བལྟས་བྱུང་ལ། ཐ་ན་སྡེ་དཔོན་སྐྱ་བྷས་མུ་མཐུད་དུ་སྐད་ཆ་ཅི་ཞིག་བཤད་རྩིས་བྱེད་པའི་སྨྲ་བའང་འགགས་སུ་བཅུག་བྱུང་།
རྩིས་གཉེར་བ་གསེར་ཁས་གློ་བུར་དུ་དོན་དག་ཅི་བྱུང་སོང་བ་མ་ཤེས་པར། འཁྲིས་སུ་འཛེར་མ་ལྟར་ལངས་འདུག་པའི་ཙིག་ཕྲུག་མར་ལྟ་ཙམ་བྱས་པ་དང་། དེ་ནས་སྡེ་དཔོན་སྐྱ་བྷའི་གདོང་ལ་ལྟ་ཙམ་བྱས་ཏེ། གསེར་སོ་གཉིས་ཀྱི་བར་ནས་ཡོང་བའི་སྐད་མཐོ་ཞིང་ཕྲ་སིང་བ་དེས་ན་རེ།"ལྟས་ངན་མ་ཁྱོད་ཀྱིས་ཅི་ཞིག་བཤད་བྱུང་ངམ། ནགས་རའི་ནང་གཞན་གྱིས་བ་གླང་བརྒྱབ་བྱུང་ཟེར་རམ། མི་སྲིད་ཨང་། ང་ད་སྔོན་འདིར་སོང་ནས་བསྐོར་བ་བྱས་པ་ཡིན།"ཞེས་སྡེ་མི་རྣམས་ཀྱི་མདུན་ནས་རང་ཉིད་དངོས་གནས་ད་སྔོན་ནགས་རར་སྐོར་བ་བྱེད་དུ་སོང་ཟིན་པ་ལྟ་བུའི་རྫུན་གཏམ་བྱུང་།
ཙིག་ཕྲུག་མས་མཐའ་འཁོར་གྱི་མི་རྣམས་ཀྱི་རྣམ་འགྱུར་ལ་དོ་སྣང་མི་བྱེད་པར། རྩིས་གཉེར་བ་གསེར་ཁ་ཁོ་ནའི་གདོང་ལ་ཅེར་ནས"ངོ་མ་ཡིན། ད་དུང་གླ་ཚེར་གྱི་སྡོང་བོ་མང་པོ་བཅག་ནས་གླ་སིལ་བཏོགས་སོང"ཞེས་བདེན་ཅོག་ཅོག་གིས་བཤད།
རྩིས་གཉེར་བ་གསེར་ཁ་དེ་མ་ཐག་ཏུ་ཁ་གདངས་པར་གྱུར་པ་དང་། དེ་ནས་གློ་བུར་དུ་བགད་བྱུང་།"ཧ་ཧ་ཧ། ལྟས་ངན་མ་ཁྱོད་ཀྱིས་ཉིན་མོ་དཀར་ལ་རྨི་ལམ་རྨིས་བྱུང་བ་མིན་ནམ། གླ་སིལ་བཏོགས་ན་གླ་ཚེར་གྱི་སྡོང་བོ་གཅོག་དོན་ཅི་ཡོད་དམ། གལ་ཏེ་གླ་ཚེར་གྱི་སྡོང་བོ་བཅག་སྟེ་གླ་སིལ་བཏོག་མཁན་ཞིག་ཡོད་ཚེ། ཁྱོད་ལྟ་བུའི་ལྟས་ངན་གཟུགས་ཐུང་ཞིག་ཡིན་རྒྱུ་རེད། ཁྱོད་གླ་སིལ་བཏོག་ཏུ་སོང་བ་མིན་ནམ། ཨ།"ཟེར་ནས་གསེར་སོ་གཉིས་ཀ་བསྟན་ཏེ་བགད་བྱུང་བས། མཐའ་འཁོར་གྱི་མི་དག་ཀྱང་ཧབ་ཆ་དིར་རེར་གྱུར་སོང་། ཕལ་ཆེར་མཐའ་འཁོར་གྱི་མི་ཚང་མས་ཀྱང་མོས་ཉིན་མོ་དཀར་ལ་རྨི་ལམ་རྨིས་བྱུང་བར་ཡིད་ཆེས་བྱེད་ཀྱིན་པ་འདྲ།
ཙིག་ཕྲུག་མས་ད་དུང་ཡང་མགོ་མི་སྒུར་བར།"དེས་ན་ངས་ཁྱོད་ཁྲིད་ནས་བལྟ་རུ་འགྲོ"ཟེར་ནས་ཨུ་ཚུགས་བྱས་བྱུང་།
རྩིས་གཉེར་བ་གསེར་ཁ་མུ་མཐུད་དུ་མི་དགོད་པར། དེ་འཕྲལ་ཧ་ཅང་གཟབ་ནན་གྱི་རྣམ་འགྱུར་ཞིག་བསྟན་ནས"སོང་སོང་སོང་། ཡུལ་དུ་སོང་། ངས་བལྟས་ན་ཁྱོད་ཀྱིས་ད་དུང་ལས་བྱའང་བྲིས་ཚར་ཡོད་རྒྱུ་མ་རེད། སྡེ་དཔོན་གྱིས་ཚོགས་འདུ་འཚོགས་ཀྱིན་པ་མི་མཐོང་ངམ། སོང་སོང་སོང་། ང་ཚོ་ཁོམ་གྱི་མེད་པ་མི་མཐོང་ངམ།"ཟེར་ནས་མོ་ཕར་དེད་བྱུང་།
རྩིས་གཉེར་བ་གསེར་ཁས་དེ་ལྟར་བཤད་པས་སྡེ་དཔོན་སྐྱ་བྷས་ཀྱང་གཞི་ནས་ཚོགས་འདུ་འཚོགས་རྒྱུ་དྲན་བྱུང་། ཁོས་གྲེ་བ་བསངས་ཙམ་བྱས་ཏེ་མཐའ་འཁོར་གྱི་མི་རྣམས་ལ་མ་ཁྱབ་པ་མེད་པར་ལྟ་བཞིན།"འདི་འདྲ་ཞིག་རེད། སྤྱིར་ན་ང་ཚོས་དེ་རིང་ཁྱིམ་མིར་བརྡ་བརྒྱབ་ནས་སང་ཉིན་ཚོགས་འདུ་འཚོགས་རྩིས་ཡོད་མོད། ད་ལྟ་བལྟས་ན་དེའང་དགོས་པ་མི་འདུག དེ་རིང་ཕལ་ཆེར་ཞིག་འདིར་འཛོམས་འདུག མ་ཐོན་པ་དག་ལ་ཚང་མ་ཕྱིར་སོང་ནས་བརྒྱུད་སྒྲོག་ཅིག་བྱེད་རོགས། རྗེས་ནས་འགྱོད་པ་བྱུང་ན་ང་སྡེ་དཔོན་ལ་ལེ་བདའ་མ་བྱེད"ཟེར་བས། དེར་ཡོད་ཀྱི་མི་ཚང་མས་མ་ཐོས་ན་རྗེས་ནས་འགྱོད་པ་སྐྱེས་ངེས་པའི་དོན་དག་དེ་ཅི་ཞིག་ཡིན་ནམ་སྙམ་ནས་རང་རང་སར་རྣ་བ་ཀེར་ཏེ་ཉན་འདུག སྡེ་དཔོན་སྐྱ་བྷས་མུ་མཐུད་དུ་བཤད་རྒྱུར། "དོན་དག་འདི་འདྲ་ཞིག་རེད། ཟླ་མཇུག་འདིར་གོང་རིམ་ནས་ཞིབ་བཤེར་ཚོགས་པ་ཡོང་སྟེ། སྡེ་བ་སོ་སོ་སྡེ་གསར་དུ་གཞིས་སྤོ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་གནང་རྒྱུ་རེད། གལ་ཏེ་གོང་རིམ་གྱིས་ཞིབ་བཤེར་རྩིས་ལེན་བྱས་པའི་ཁྱིམ་ཚང་ཞིག་ཡིན་ཚེ། ཁྱིམ་ཚང་དེའི་མི་གྲངས་ལ་ཟླ་རེའི་ཆེས་དམའ་བའི་འཚོ་བའི་ཁག་ཐེག་གི་ཕོགས་ཐོབ་བྱང་བུ་སྟེར་རྒྱུ་རེད། ད་ལྟ་ང་ཚོ་ནག་ཞར་སྡེ་བར་ལ་མཚོན་ན། ཁྱིམ་ཚང་རེ་རེར་སྡེ་གསར་དུ་ངོས་བཏགས་པའི་ཁང་བ་རེ་ཡོད་ཀྱང་། ད་དུང་ཁྱིམ་ཚང་ཕལ་ཆེ་བ་གཞིས་སྤོ་བྱས་མེད་པ་འདི་རེད།" མཚམས་འདིར། སྡེ་དཔོན་སྐྱ་བྷས་ཧ་ཅང་གཟབ་ནན་གྱི་རྣམ་འགྱུར་ཞིག་བསྟན་ཏེ་སྐད་མགོ་ཇེ་མཐོར་བཏང་བྱུང་།"དེ་རིང་གསལ་བཤད་བྱ་རྒྱུ་ནི། གནངས་ཉིན་ནས་བཟུང་། ཁྱིམ་ཚང་དེ་དག་གི་མི་འགའ་རེ་ཡོང་སྟེ་རང་རང་གི་ངོས་བཏགས་ཁང་བའི་ནང་དུ་ཇ་ཐབ་འཛིན་དགོས། ཇ་ཐབ་འཛིན་ན་བླང་བྱ་འགའ་ཡོད། གཅིག་ནས་ངེས་པར་དུ་རང་རང་གི་ཁང་བ་དང་མ་ཁང་གི་སྒོ་དྲ་མ་ཆག་ཡོད་པ་དག་བསྐྱར་ལས་བྱས་ཏེ་གཙང་སྦྲ་ཡག་པོ་བྱེད་དགོས། གཉིས་ནས་ངེས་པར་དུ་ཁྱིམ་ནང་དུ་ལྕགས་ཐབ་དང་སྣོད་ཆས་ཅ་ལག མལ་ཆས་གདན་ཆ་སོགས་སྟབས་བདེ་རེ་ཡོད་དགོས། གསུམ་ནས་ངེས་པར་དུ་ཁང་བའི་སྒོ་མདུན་གྱི་རྩྭ་ཡན་དེ་དག་བལ་ཏེ་ཁྱིམ་མི་རྒྱུན་སྡོད་བྱས་ཡོད་པ་ལྟར་གྲལ་དག་མོ་ཡིན་དགོས། གང་ལྟར་གོང་རིམ་གྱིས་ཞིབ་བཤེར་རྩིས་ལེན་བྱ་ཐུབ་པ་བྱུང་ན། རང་རང་གིས་ཆེས་དམའི་འཚོ་བའི་ཁག་ཐེག་གི་ཕོགས་ཐོབ་འདི་བརྩོན་ལེན་བྱ་ཐུབ་སོང་བ་རེད"ཅེས་བཤད་བྱུང་།
སྡེ་དཔོན་སྐྱ་བྷའི་བཤད་ཚུལ་ལ་བལྟས་ན། གཏན་དུ་གཞིས་སྤོ་བྱ་དགོས་པའི་ནང་དོན་མེད་པ་འདྲ་བས། དེར་འདུས་པའི་མི་རྣམས་ལ་དེ་མ་ཐག་ཏུ་ཆེས་དམའ་བའི་འཚོ་བའི་ཕོགས་ཐོབ་དེ་ལེན་པའི་ཧམ་པ་སྐྱེས་བྱུང་། ཐ་ན་སྔོན་དུས་ནག་ཞར་སྡེ་གསར་དུ་སྤོས་ཟེར་ན་རི་མགོར་འབྲོ་བའི་ཨ་ཁུ་རི་སྨྱོན་གྱིས་ཀྱང་ཨ་ཁུ་དཀོན་མཆོག་ལ་བལྟས་ཏེ།"ངོ་མ་སྒོར་མོ་ཞིག་ཡོད་ན། ཇ་ཐབ་ཅིག་འཛིན་རྒྱུར་སྐྱོན་མི་འདུག"ཟེར་ནས་འཚོ་བའི་ཕོགས་ཐོབ་ཀྱི་སྒོར་མོ་དེ་ལེན་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་བྱུང་། བར་དེར་མི་ཚོགས་ཀྱི་རྒྱབ་རོལ་ཏུ་ཡོད་པའི་རྐྱལ་སྟོང་སྐྱབས་ལོས་སྔར་བཞིན་ཆང་དེམ་གྱི་མཆུ་མཐེ་བོང་གིས་བཅད་དེ། འཁྱལ་འགྲོས་བྱེད་བཞིན"གོང་རིམ་ཚང་གིས་ལྷས་ན་རྩྭ་སྐྱེས་ཡོད་པའང་མཐོང་མི་ཉན་པ་ཨེ་རེད"ཟེར་ནས་ཧ་ཅང་ཐ་ཆད་ངང་དགོད་པར་བྱེད།
ཡིན་ནའང་ཙིག་ཕྲུག་མས་ཁོ་ཚོའི་སྐད་ཆའི་ཧ་ཅི་ཡང་གོ་མ་བྱུང་། དོན་ངོ་མར་ཧ་མ་གོ་ཞེས་བཤད་ན་མི་འགྲིག་པར་མོས་ཁོ་ཚོའི་སྐད་ཆར་གཏན་ནས་ཉན་གྱིན་མེད་པ་རེད། རྩིས་གཉེར་བ་གསེར་ཁས་མོའི་སྐད་ཆར་གཏན་ནས་མི་རློམ་པའི་ཁར། ཁོ་རང་ནགས་རའི་ནང་སྐོར་བ་བྱེད་དུ་སོང་བ་ཡིན་ཞེས་རྫུན་གཏམ་པ་དང་། ད་དུང་མི་མང་པོའི་གྲས་ནས་མོ་ལ་དམའ་འབེབས་བྱས་པ་བཅས་ལ་སྙིང་ན་སྟེ་མི་ཚོགས་ཀྱི་ཕྱི་རོལ་ཏུ་ཡུད་ཙམ་ལ་ལངས་ནས་བསྡད། ཡིན་ནའང་ཁོས་བཤད་པའི་སྐད་ཆའི་ནང་དུ་བདེན་པ་གཅིག་ཡོད་པ་ནི་མོས་ལས་བྱ་བྲིས་ཚར་མི་འདུག་ཅེས་བཤད་པ་དེ་རེད། ལྟས་ངན་དེས་མོས་ལས་བྱ་བྲིས་ཚར་མེད་པ་ཇི་ལྟར་ཤེས་པ་ཡིན་ནམ།
མཇུག་མཐར་མོས་ཁོ་ཚོས་ཅི་བཤད་ལ་ཁ་ཡ་མ་བྱས་པར། དལ་བ་དལ་བུར་ཕྱིར་འཁོར་ཏེ་མགོ་བོ་བསྒུར་ནས་མཁྲིག་མའི་མགོར་བསྐོན་པའི་ཆར་གདུགས་ཆུང་ངུ་ཕུར་ཕུར་བྱེད་བཞིན་རང་ཡུལ་གྱི་ཕྱོགས་སུ་ཕྱིན། དབྱར་ཁའི་གནམ་ངོ་ནི་ངོ་མ་རྩིས་གཉེར་བ་གསེར་ཁས་བཤད་པའི་སྐད་ཆ་ལྟར་རློམ་རྒྱུ་མེད་པ་ཞིག་རེད། ད་སྔོན་ཏག་ཏག་ལ་གནམ་ངོ་ཐང་བ་ལྟར་གྱུར་ཏེ་ཉི་འོད་འཕྲོ་བཞིན་ཡོད་ཀྱང་། ཅུང་མ་འགོར་བར་སླར་ཡང་ཉི་མ་སྤྲིན་གྱིས་བསྒྲིབས་ཏེ་གྲིབ་སོ་གོན་བྱུང་བ་དང་། སྨད་ཕྱོགས་ཀྱི་གནམ་ཕུག་ནས་སླར་ཡང་སེང་རས་ཀྱི་ཡོལ་བ་ལྟ་བུའི་སྤྲིན་སྨུག་སྐྱ་ལོང་བ་ཞིག་གིས་བར་སྣང་འགེངས་བཞིན་ཡར་ཡོང་གིན་འདུག ཙིག་ཕྲུག་མའི་སེམས་སུ། ད་ལྟ་སྲང་ལམ་གྱི་བར་དང་མཚམས་སུ་ཡོད་པའི་གཤོང་ཁུག་དག་ཏུ་འཁྱིལ་ཆུ་ཡོད་པ་མ་གཏོགས་ཨར་འདམ་གྱི་ལམ་ངོས་ཡོངས་སྔོན་ནས་སྐྱ་ཐག་སེ་སྐམ་པོར་གྱུར་འདུག་མོད། ད་ནི་ཅང་མི་འགོར་བར་སླར་ཡང་ཆར་ཤ་ཞིག་ཡོང་སྟེ་ལམ་ངོས་ཡོངས་རྫོགས་སྔ་དྲོ་མོ་རང་ཕར་ལ་འགྲོ་དུས་ལྟར་བརླན་ཆིལ་ལེར་གཏོང་ངེས་རེད་སྙམ། ཡིན་ནའང་ད་ལྟ་མོས་གནམ་འབབ་མིན་ལའང་ཁ་ཡ་བྱེད་མི་འདོད་ལ། ལྷག་པར་དུ་ནགས་རའི་ནང་དུ་བ་གླང་བཏང་མིན་དང་གླ་ཚེར་གྱི་ཡལ་ག་བཅག་ནས་གླ་སིལ་བཏོགས་མིན་ལ་ཡང་ཁ་ཡ་བྱེད་མི་འདོད། མོས་བཙན་ཚུགས་ཀྱིས་རྩིས་གཉེར་བ་གསེར་ཁའི་བཟོ་ལྟ་དེ་དག་བཙན་ཚུགས་ཀྱིས་ཀླད་པའི་ཕྱི་རུ་འདེད་ཅི་ཐུབ་བྱས། ངོ་མ་བཤད་ན་རྩིས་གཉེར་བ་གསེར་ཁར་ཡང་ཁག་ཡོད་མི་སྲིད་དེ། ཁོ་རང་ཡང་སྡེ་དཔོན་སྐྱ་བྷར་སྐྲག་པ་རེད་པས་ཁོས་དེ་ལྟར་རྫུན་བཤད་དགོས་བྱུང་བ་ཡིན་རྒྱུ་རེད། ལྟས་ངན་དེར་ཐབས་བཀོད་ལྡན་པ་ལ་ཨང་། མོས་ཧུར་ཐག་གིས་དོན་དངོས་བཤད་ཀྱང་ཁོས་ཀུ་རེ་ཤ་སྟག་གིས་ཡོད་ཚད་བེད་མེད་དུ་བཏང་བ་རེད། ཙིག་ཕྲུག་མས་དེ་ལྟར་སྙམ་བཞིན་སྣ་དགོད་ཅིག་བྱས། ངོ་མ་བཤད་ན་ད་ལྟ་མོས་སེམས་ཚེགས་བྱེད་ས་ནི་ལས་བྱ་བྲིས་ཚར་མེད་པ་དེ་རེད་ལ། ལས་བྱ་བྲིས་ཚར་མེད་པ་མཐོང་ཚེ་ཨ་མས་ཁོ་མ་སྨད་གཉིས་ཀྱི་ད་ལྟའི་གནས་བབ་གླེང་ཞོར་དུ་མིག་ཆུ་བཏོན་ནས་གཅར་རྡུང་བྱེད་ངེས་རེད། ཨ་ཕ་བཙོན་དུ་བཟུང་བ་ནས་བཟུང་ཨ་མའི་མིག་ཆུ་འདོན་རྒྱུའང་རྒྱུན་མི་ཆད་པར་འདུག་པས། མོས་ཨ་མའི་མིག་ཆུ་མཐོང་མི་འདོད།
ཙིག་ཕྲུག་མ་རྩིས་གཉེར་བ་གསེར་ཁའི་སྟེང་ལ་སྙིང་ན་བ་དེ་ཡང་རིམ་བཞིན་ཞི་བར་གྱུར་ལ། ཁོང་ཁྲོ་རིམ་བཞིན་ཞི་བ་དང་བསྟུན་ནས་གཞི་ནས་ཕོ་བ་ལྟོགས་ཀྱིན་པའི་ཚོར་སྣང་བྱུང་། མོས་ད་ནངས་ནངས་འཚལ་འཐུངས་པ་མ་གཏོགས་དྲོས་ཇའང་འཐུང་མེད། ནམ་རྒྱུན་ཨ་མ་བ་གླང་འཚོ་རུ་འགྲོ་ཁར་མོ་ལ་དྲོས་ཇ་གྲ་སྒྲིག་བྱས་ཏེ་ཡོད་པས། ཙིག་ཕྲུག་མ་སློབ་གྲྭ་གྲོལ་ནས་ཡུལ་དུ་ཐོན་མཚམས་མོ་གཅིག་པུས་དྲོས་ཇ་འཐུང་རྐྱང་ཡིན་ལ། ཕྱིར་སློབ་གྲྭར་སླེབས་པ་ཆེས་སྔ་བ་ཡིན་པ་དང་ལས་བྱ་ཡར་སྤྲོད་བྱེད་མཁན་ཆེས་སྔོན་མ་ཡིན་ཞིང་། དགེ་རྒན་གྱིས་ཀྱང་མོར་བསྟོད་པ་ཐེངས་མང་བྱས་མྱོང་།
མོ་རྩེད་ལྡིང་བྱེད་བཞིན་མྱུར་མོར་ཡུལ་ཕྱོགས་སུ་བརྒྱུགས་ནས་སོང་། ཁོ་མོ་བརྒྱུགས་ཏེ་ལྷས་རའི་སྒོ་ཁར་ཐོན་མཚམས་སྐེ་རུ་བཏགས་པའི་ལྡེ་མིག་ཕྱིར་བཏོན་ནས་ཟྭ་ཕྱེ་སྟེ་ནང་དུ་སོང་། ལྷས་རའི་ནང་སྔ་དྲོ་ཕར་འགྲོ་དུས་ལྟར་གྲགས་འགུལ་ཅི་ཡང་མེད་པར་སྟོང་འཇགས་སེར་འདུག མ་ཁང་གི་ཡར་ཕུག་ཏུ་བཏགས་ཡོད་པའི་ར་མ་གཉིས་ཀ་གཟན་རྩྭས་འགྲངས་པ་ལྟར་ཉལ་ནས་ལྡད་བྱེད་ཀྱིན་འདུག་ཅིང་། མོ་རང་ནང་དུ་ཐོན་པ་མཐོང་འཕྲལ་འཚམས་འདྲི་བྱེད་པ་ལྟར་སྒྱིད་ལུག་གི་འབའ་སྐད་འགའ་བཏོན་བྱུང་། མོས་དེ་དག་ལ་ཁ་ཡ་མ་བྱས་པར་ཐད་ཀར་ཁྱིམ་ནང་དུ་བརྒྱུགས་ཕྱིན་ནས། མཁྲིག་མར་བསྐོན་པའི་ཆར་གདུགས་བླངས་ནས་སྔར་མལ་དུ་བཀལ་བ་དང་། དེ་ནས་ཅོག་སྒྲོམ་སྟེང་བཞག་ཡོད་པའི་གློག་པྲ་ཁྱེར་ཡོང་སྟེ་དཀར་ཡོལ་ཞིག་གི་ནང་དུ་འོ་ཇ་རྐེད་ཙམ་བླུགས་རྗེས། སླར་ཡང་ཟས་སྒྲོམ་གྱི་འོག་ནས་གོ་རེ་ཕྱེད་ཀ་ཞིག་བླངས་ཡོང་ནས་ཐབ་ཀའི་འགྲམ་དུ་ལངས་ཏེ་འོ་ཇ་འཐུང་བཞིན་གོ་རེ་རྔམ་ཟ་བྱས། མོས་ཟ་ཞོར་དུ་རྩིག་པའི་ངོར་བཀལ་བའི་ཆུ་ཚོད་འཁོར་ལོར་ལྟ་ཙམ་བྱས་པ་ན། ཕྱི་དྲོའི་དུས་ཚོད་བཞི་བར་སླེབས་ཟིན་འདུག་ཅིང་། ད་ནི་ཨ་མ་ཕྱིར་ཁྱིམ་དུ་ལོག་ཡོང་བར་ཡང་རིང་བོ་མི་འདུག་པས། མོས་མྱུར་མོར་དཀར་ཡོལ་དང་གོ་རེ་ཁྱེར་ཏེ་མལ་སྟེགས་སྟེང་དུ་བཞག་ཅིང་། དེ་ནས་རང་ཉིད་ཀྱང་མལ་སྟེགས་སྟེང་འགོས་ཏེ་གང་སར་གཅལ་དུ་བཀྲམ་ཡོད་པའི་དཔེ་ཆ་ལས་རྩིས་རིག་གི་དཔེ་ཆ་དང་འབྲི་དེབ་བཙལ་ནས་མྱུར་བ་མྱུར་དུ་ལས་བྱ་འབྲི་མགོ་བརྩམས། ཁོ་མོས་ལས་བྱ་འབྲི་ཞོར་དུ་གོ་རེ་ཁམ་རེ་ཟ་ཙམ་དང་འོ་ཇ་ཁམ་རེ་འཐུང་ཙམ་བྱས། ཡུན་རིང་མ་འགོར་བར་ཕྱི་རོལ་ཏུ་ཡང་བསྐྱར་ཆར་བ་ཤག་ཤག་ཏུ་འབབ་པའི་སྒྲ་གྲགས་བྱུང་་་་་་
དུས་ཚོད་ག་ཙམ་ཕྱིན་པ་བཤད་རྒྱུ་མི་འདུག ཙིག་ཕྲུག་མས་ཨ་མས་བ་གླང་དེད་དེ་ལྷས་རའི་ནང་དུ་འཛུལ་ཡོང་བའི་སྒྲ་ཐོས་བྱུང་། ད་ལྟ་མོས་ལས་བྱ་ཡོངས་སུ་བྲིས་ཟིན་པས། སེམས་སུ་ཡང་བསྐྱར་མི་གཞན་གྱིས་ལྐོག་ཏུ་ནགས་རའི་ནང་དུ་བ་གླང་འཚོ་བཞིན་པའི་དོན་དེ་དྲན་གྱིན་ཡོད། དོན་དེ་ཨ་མས་ཤེས་ན་ཅི་ནས་ཀྱང་སེམས་མི་སྐྱིད་པར་འགྱུར་ངེས་ཏེ། མོ་ལ་མི་གཞན་གྱི་སྤོབས་པ་དང་ནུས་པ་དེ་འདྲ་མེད་པར་སྡུག་བསྔལ་སྐྱེ་སྲིད། དེ་བས་མོས་དོན་དེ་ཨ་མར་གསང་རྒྱ་བྱེད་པའི་སེམས་ཐག་བཅད། ཨ་མས་ཕྱི་རོལ་ནས་བ་རྒན་མ་ཞིག་ར་མ་གཉིས་ཀྱི་གམ་དུ་བསྙེགས་སོང་བར་སྡིགས་མོ་བྱེད་ཀྱིན་འདུག ཙིག་ཕྲུག་མའི་སེམས་སུ་འདི་སྙམ་དུ་བསམས་ཏེ། བ་རྒན་མ་དེར་ཡང་ཅི་ཁག ཁོ་ཚོས་ཀྱང་གཞན་གྱི་བ་གླང་ལྟར་ནགས་རའི་ནང་གི་རྩྭ་དེ་འདྲ་མོད་པོ་བཟའ་ཐུབ་མེད་པ་རེད་སྙམ།
ཅུང་མ་འགོར་བར་ནང་སྒོ་ཕྱེ་སྟེ་ཨ་མ་ནང་དུ་འཛུལ་ཐོན་བྱུང་། ཙིག་ཕྲུག་མས་ཨ་མ་མཐོང་འཕྲལ་རང་དབང་མེད་པར་ཧ་ལས་ཏེ་རི་མོའི་གཟུགས་བཞིན་དུ་གྱུར་སོང་། ཨ་མས་ལུས་ལ་མོའི་རས་ལྭ་རྙིང་པ་ཞིག་ཆར་སྐྱོབ་ཏུ་གཡང་ལུགས་ཀྱིས་གོན་འདུག་ཅིང་། མགོ་རུ་ནམ་རྒྱུན་དང་མི་མཚུངས་པར་མགོ་དཀྲིས་དམར་པོ་ཞིག་དཀྲིས་འདུག ཨ་མ་ཁྱིམ་ནང་དུ་ཐོན་འཕྲལ་ཆར་སྐྱོབ་ཀྱི་རས་ལྭ་དེ་ཕུད་ནས་གྲུ་ཕུག་ཏུ་བཞག་པ་དང་། དེ་ནས་གར་བླངས་མི་ཤེས་པར་གླ་སིལ་བླུགས་པའི་འགྱིག་ཁུག་ཆེ་བ་ཞིག་ཁྱེར་ཡོང་སྟེ། མལ་སྟེགས་སྟེང་དུ་ཧད་དེ་མོ་ལ་བལྟས་ཡོད་པའི་ཙིག་ཕྲུག་མར་བྱིན་སོང་།
ཙིག་ཕྲུག་མ་ནི་ད་དུང་ཡང་ཧ་ལས་ཏེ་འགྱིག་ཁུག་ལེན་རྒྱུའང་མ་བྱུང་བར་ཨ་མར་བལྟས་ནས། "འདི་་་་་་ འདི་་་་་་འདི་ཁྱོད་ཀྱིས་གང་ནས་ཉོས་པ་ཡིན"ཞེས་ཐེ་ཚོམ་དང་བཅས་དྲིས།
ཨ་མའི་ལུས་ཡོངས་ཆར་བས་བརླན་ཏེ་ཆུ་ནང་དུ་ལྷུང་བའི་བ་ཕྲུག་ཅིག་དང་འདྲ་ན་ཡང་། གདོང་ལ་ཧ་ཅང་ཡིད་ཚིམ་པའི་འཛུམ་ཞིག་ལངས་ནས"དེ་རིང་ང་དང་ཨ་ཁུ་རྩིས་གཉེར་བའི་ཆུང་མ་གཉིས་ཀ་ནགས་རའི་ནང་དུ་རྐུ་ལ་སོང་བ་ཡིན། ཁྱོད་ཀྱིས་གཞན་ལ་བཤད་མི་རུང"ཞེས་ཟེར།
༼རྫོགས།༽
འབྲེལ་ཡོད་འོས་སྦྱོར།
-
ཙིག་ཕྲུག་མ།སྟག་འབུམ་རྒྱལ།༼མཚོ་ལྷོ།༽ཙིག་ཕྲུག་མའི་མི...