མཐེ་བོང་གི་སྒྲོག སྟོད་ཆ།
རྩོམ་པ་པོ།:མའོ་ཡན་གྱིས་བརྩམས། སྙིང་མོ་སྐྱ
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-10-13
ཀློག་གྲངས།:
མཐེ་བོང་གི་སྒྲོག
མའོ་ཡན་གྱིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར།
སྟོད་ཆ།
གཅིག
སྐྱ་རེངས་འཆར་ལ་ཉེ་དུས། ཨ་མའི་སྐྱུག་སྐད་ཀྱིས་ཨ་དབྱི་སད་དུ་བཅུག སྒེའུ་ཁུང་གི་དྲ་མིག་ལས་འཕྲོས་འོངས་བའི་ཟླ་འོད་འོག ཁོས་གྲོད་ཁོག་འོག་ཏུ་སྔས་འབོལ་བཞག་ཅིང་། ཚ་ཐབ་ཀྱི་ཁ་སྐྱོར་དུ་པུས་མོ་བཙུགས་ཏེ། ལག་ཟུང་གདན་སྟེང་དུ་བཙུགས་ནས། བྱ་ངང་པ་ཞིག་དང་མཚུངས་པར་མགོ་བོ་ཕྱི་རུ་བསྲིངས་འདུག་པའི་ཨ་མ་མཐོང་། མོའི་ཁ་ནས་དམར་དྲི་བྲོ་བའི་སྔོ་ཐིང་ཐིང་གི་དངོས་པོ་ཞིག་བསྐྱུག་བྱུང་། ཁོ་ཚ་ཐབ་ལས་མར་ལྡིང་སྟེ། རྫ་མ་ལས་ཆུ་འཁྱགས་སྐྱོགས་ཕྱེད་ཀ་བཅུས་ནས་ཕར་སྤྲད་དེ། “ཁྱེད་ཀྱིས་ཆུ་འཐུང་དང་”ཞེས་བཤད། ཨ་མས་ལག་པ་ཡ་གཅིག་ཡར་བཀྱགས། ཕལ་ཆེར་ཆུ་སྐྱོགས་བཟུང་འདོད་པ་འདྲ། ཡིན་ཡང་ལག་པ་དེ་བར་སྣང་ནས་གཡུགས་ཙམ་བྱས་རྗེས་མར་ཟགས་སོང་། མོས་གཟུགས་པོ་འདར་འཁུམ་བྱེད་བཞིན། ཁོག་གི་རྒྱུ་མ་ཕྱིར་འདོན་རག་བར་སྐྱུག དེ་ནས་མོས་འཁུན་སྒྲ་སྒྲོག་བཞིན“ཨ་དབྱི……ངའི་བུ……ཨ་མར་ད་ཐེངས་ནད་ལོག་བརྒྱབ་པ་འདི……ཕལ་ཆེར་ལྕོགས་ཐུབ་རྒྱུ་མིན་པ་འདྲ……”ཟེར། ཨ་དབྱིའི་མིག་ཀོང་ནས་མཆི་མ་ག་ལེར་ཟགས། ཁོས་ངར་ཤུགས་སྒོམ་ནས་དཔའ་སྤོབས་དང་བཅས་“ཁྱེད་ཀྱིས་བློ་ཕམ་པའི་སྐད་ཆ་མ་བཤད་རོགས། ང་རང་ཁྱེད་ཀྱི་བློ་ཕམ་པའི་སྐད་ཆར་ཉན་རྒྱུར་མི་དགའ། ང་རང་ལམ་སེང་སྤོ་བོ་ཧུའུ་ཚང་ལ་དངུལ་བསྐྱི་རུ་འགྲོ། དངུལ་བསྐྱིས་རྗེས། གྲོང་བརྡལ་དུ་སྨན་ལེན་དུ་འགྲོ”ཟེར། ཨ་མས་མགོ་བོ་བཀྱགས་བྱུང་། བཞིན་མདངས་ནི་ཟླ་འོད་ལས་ཀྱང་དཀར་ལ། མིག་ཟུང་དུ་བག་ཕེབས་པའི་ཉམས་ཤིག་ཤར་འདུག མོས་ཨ་དབྱི་ལ་ཕུར་ཚུགས་སུ་བལྟ་བཞིན་“བུ། ང་ཚོས་དངུལ་མི་བསྐྱི། ངའི་མི་ཚེ་འདིར……དངུལ་མི་བསྐྱི”ཟེར། མོས་མགོའི་ལྟག་རྒྱབ་ནས་དངུལ་གྱི་སྐྲ་འཛེར་གཉིས་བླངས་རྗེས་ཨ་དབྱིར་སྤྲད་དེ། “འདི་ནི་ཁྱོད་ཀྱི་ཨ་ཕྱིས་ང་ལ་གནང་བ་རེད། འདི་བཙོང་ནས་སྨན་ཐུམ་གཉིས་ལོངས་དང་། ཨ་མ་ནི་དངོས་གནས་འཚོ་ཡུན་འདང་ཡོད། ཡིན་ཡང་ངའི་བུ……ཁྱོད་ལོ་བརྒྱད་ལས་སོན་མེད……”ཟེར། མོས་གདན་འོག་ནས་ཤོག་བུ་ཧྲལ་ཧྲུལ་ཞིག་བླངས་ནས། “འདི་ནི་ཐེངས་སྔོན་མའི་སྨན་ཡིག་ཡིན……”ཨ་དབྱིས་སྨན་ཡིག་བླངས་རྗེས། ཕྱེད་ཀ་སྐྲ་གསེང་དུ་སྦས་ཡོད་པའི་ཨ་མའི་དྭངས་གསལ་གྱི་ངོ་གདོང་དེར་བལྟ་ཙམ་བྱས་རྗེས། “ང་བརྒྱུགས་ནས་ཕར་ཕྱིན་ཏེ། བརྒྱུགས་ནས་ཕྱིར་ལོག་ཡོང་”ཟེར། ཁོས་ཆུ་སྐྱོགས་ནང་གི་ཆུ་འཁྱག་གཙང་མར་བཏུང་བ་དང་། སྐྲ་འཛེར་དང་སྨན་ཡིག་ཞིབ་ཚགས་ངང་རུམ་དུ་བཅུག་རྗེས། ཆུ་སྐྱོགས་རྫ་མའི་ནང་འཕངས་ཞིང་། ཁ་ཕྱིས་ཙམ་བྱས་ནས། སྐད་ཆེན་པོས་“ཨ་མ། ང་བུད་སོང་”ཟེར། ཁྲ་ཆིལ་ཆིལ་གྱི་ཟླ་འོད་འོག་གི་ལམ་ཕྲན་དུ། ཁོས་རང་ཉིད་ཀྱི་སྐམ་ཞིང་ཆུང་བའི་གཟུགས་ཕུང་ལས་འཁྱར་རེ་འཁྱོར་་རེ་དང་། སྐབས་རེ་རིང་ཞིང་སྐབས་རེ་ཐུང་བའི་གྲིབ་གཟུགས་གསལ་ལ་མི་གསལ་བ་ཞིག་མཐོང་། གྲོང་ཚོའི་ནང་ཁུ་སིམ་མེར་འདུག་ཅིང་། ཟླ་འོད་ལམ་འགྲམ་གྱི་ལྗོན་ཤིང་སྟེང་འཐོར་ཏེ། སག་སག་གི་སྒྲ་མཆེད་འོངས། སྤོ་བོ་ཧུའུ་ཚང་གི་སྒོ་ར་ཆེན་པོ་དེ་བརྒྱུད་ནས་འགྲོ་དུས། ཁོས་རྐང་འཇབ་ལག་འཇབ་ངང་དབུགས་ཀྱང་བསྡམས་ནས། གཏུམ་དྲག་ཆེ་བའི་སྤྱང་ཁྱི་དེ་གཉིས་འདྲོགས་སློང་བར་སྐྲག ཡིན་ཡང་མཐའ་མར་སྔར་བཞིན་སྤྱང་ཁྱི་དེ་གཉིས་འདྲོགས་སོང་། དེ་གཉིས་ལྕགས་སྒོའི་འགྲམ་གྱི་ཁྱི་ཁུང་ནས་འཛུལ་འོངས་ཏེ། མགོ་དགྱེ་ནས་འབ་བཞིན་འདུག དྭངས་ཤིང་བསིལ་བའི་ཟླ་འོད་འོག དེ་ཚོའི་མིག་ཟུང་ལས་འོད་ལྗང་ཁུ་ཞིག་འཕྲོ་བཞིན་འདུག་ལ། མཆེ་བ་ལས་ཀྱང་དངུལ་འོད་ཞིག་འཕྲོ་བཞིན་འདུག ཨ་དབྱིས་ལག་པ་ཡ་གཅིག་ཏུ་སོ་ཕག་བཟུང་ནས་སྐྲག་ཐག་ཆོད་དེ་ཕྱིར་ནུར་བྱས། ཁྱི་དེ་གཉིས་ཀྱིས་མཐའ་གཅིག་ཏུ་ཁོའི་རྗེས་སུ་མི་འདེད་པར། འབ་བཞིན་ཡུད་ཙམ་ལ་ཁོར་སྐྱེལ་མ་བྱས་རྗེས། ཕྱིར་ལོག་སོང་། ཨ་དབྱིས་གཞི་ནས་དབུགས་ལྷོད་དེ། ལག་གི་སོ་ཕག་སར་གཡུགས། གྲོང་ཚོ་ནས་ཐོན་མ་ཐག ཁོ་རྒྱུགས་ཤུར་གློད། ཐོ་རེངས་ཀྱི་གྲང་རླུང་གིས་ཁོའི་ལྭ་བ་སྲབ་མོ་དེར་སྐུལ་ལྕག་བྱེད། དེ་ནི་དངུལ་ཕྱེ་ཡིས་བཏུམ་པའི་ཕྱེ་མ་ལེབ་ནག་པོའི་གཤོག་པ་དང་མཚུངས།
བརྒྱུགས་ནས་སྐད་གྲགས་ཅན་གྱི་ཧན་ལིན་དུར་ཁྲོད་དུ་བསླེབས་དུས། ཁོའི་གོམ་པ་ཇེ་དལ་དུ་གྱུར། ཁོས་དྲག་ཏུ་ལྡིང་གིན་པའི་སྙིང་ཆུང་གིས་རྩིབ་རུས་ལ་རྡུང་ཁ་རྒྱག་བཞིན་པ་ཚོར་བྱུང་ལ། གཟེབ་ཏུ་བཅུག་པའི་རི་བོང་ཞིག་དང་གཉིས་སུ་མ་མཆིས། ཁོས་མགོ་བོ་བཀྱགས་པ་ན། པཱ་ལུང་གྲོང་བརྡལ་གྱི་སྣུམ་བཙག་བཟོ་གྲྭའི་མཐོན་པོར་བཏེགས་པའི་དངུལ་དཀར་སྒྲོན་མེ་དེ་རྒྱང་ཐག་རིང་པོ་ན་ཡོད་པ་མཐོང་ལ། མིག་མཚམས་མི་ཆད་པར་ལྡེབ་པའི་ལྗང་མདོག་གི་ཞོགས་པའི་སྐར་མ་ཞིག་དང་ཀུན་ནས་མཚུངས། ཁོ་བརྒྱུགས་ནས་རྔུལ་ཆུ་ཕྲུམ་ཕྲུམ་དུ་བཞུར་ཞིང་། ཁོག་པའི་ནང་མེ་འབར་བ་ལྟར་ཚ་བྱུང་། རྩྭ་ལྡུམ་གྱིས་ཁེངས་བའི་འགྲོ་ལམ་གྱི་གསེག་ངོས་བརྒྱུད་ནས། ཁོ་མཱ་སང་ཆུ་འགྲམ་དུ་བསླེབས། བསྟུད་མར་ཐན་པ་བྱུང་བས། ཆུ་རླབས་ནི་སྔ་མོ་ནས་མཐོང་རྒྱུ་མི་འདུག ཆུ་འགྲམ་དུ་ངོས་འཇམ་པའི་གྲམ་རྡོ་ཡིས་ཁེངས་འདུག་ལ། ཟླ་འོད་འོག་འོད་སྔོན་པོ་ཞིག་འཚེར། བཞུར་རྒྱུན་ཆད་པའི་ཆུ་བོ་ནི་འབར་འབུར་གྱིས་ཁེངས་འདུག་སྟེ། དངུལ་ཆུ་ཀོར་མོ་རེ་རེ་དང་མཚུངས། ཁོས་ཆུ་འཁྱིལ་ཞིག་གི་འགྲམ་དུ་པུས་མོ་བཙུགས་ནས། ལག་ཟུང་གིས་ལུས་པོ་བཏེགས་པ་དང་། མགོ་བོ་བསྲིངས་ཤིང་མར་སྒུར་ནས་རྟ་ཕྲུག་ཞིག་དང་འདྲ་བར་ཆུ་བཏུང་། ཆུ་བཏུང་ཚར་རྗེས། ཁོས་ཕོ་བ་ལྗིད་ཏིག་གེར་དང་སྒལ་རྒྱབ་བསིལ་སང་སང་དུ་གྱུར་བ་ཚོར།
ཡང་བསྐྱར་ལམ་ལ་ཆས་དུས། ཁོའི་གྲོད་ཁོག་ནས་ཁྲོག་སྒྲ་གྲག་ཅིང་། ཆུ་གྲང་མོ་མིད་པའི་ཁར་བསླེབས་པས། ཁོར་བསྟུད་མར་ཨིག་ག་རྒྱག་ཏུ་བཅུག ཁོས་ལག་པས་ཕོ་བ་བཙུར་བ་ན་ཆུ་ཅུང་ཙམ་ཕྱིར་བསྐྱུག་བྱུང་། ཆུ་བསྐྱུག་དུས་ཁོས་ཚ་ཐབ་ཀྱི་མཐའ་རུ་པུས་མོ་བཙུགས་ནས་ཁྲག་བསྐྱུག་བཞིན་པའི་ཨ་མ་དྲན་བྱུང་བས། སེམས་པ་དབང་མེད་དུ་སྐྱུར་བྲེང་ངེར་གྱུར། རུམ་གྱི་སྐྲ་འཛེར་དང་སྨན་ཡིག་ལ་ལག་པས་རེག་ཙམ་བྱས་པ་ན། མཁྲེགས་པོ་དང་སྙི་མོ་གཉིས་ཀ་འདུག ཡང་བསྐྱར་རྒྱུགས་རྩིས་བྱེད་དུས། རྒྱབ་ལོག་ནས་ཡ་ང་བའི་སྐད་ཅོར་ཞིག་མཆེད་འོངས་པ་ཐོས་བྱུང་། སྐད་ཅིག་ཉིད་ལ་ཁོའི་སྒལ་རྒྱབ་སྦྲིད་ཅིང་། སྐྲ་སྤུ་ཐམས་ཅད་གྱེན་དུ་ཞོགས་སོང་། འུག་པས་སྐད་བརྒྱབ་ཙ་ན་མི་རེ་ཤི་འགྲོ། རྒན་པ་རྣམས་ཀྱིས་འདི་ལྟར་བཤད་མྱོང་ལ། ཨ་མས་ཀྱང་འདི་ལྟར་བཤད་མྱོང་། ཨ་མའི་གདོང་སྐྱ་བོ་དེ་ཁོའི་མིག་མདུན་དུ་མངོན་བྱུང་། མོས་ཁ་གདངས་མ་ཐག འབྱར་བག་ཅན་གྱི་ཁྲག་སྐྱུག་བྱུང་། དེ་ནི་ཞུ་ཟིན་པའི་ལ་ཆ་དང་གཉིས་སུ་མེད། འུག་པས་ཡང་བསྐྱར་སྐད་བརྒྱབ་བྱུང་། དེས་ཁོ་རང་འབོད་སྐུལ་བྱེད་པ་དང་འདྲ། ཁོ་དབང་མེད་དུ་ཕྱིར་འཁོར་བ་ན། མཐོ་ཞིང་ཆེ་བའི་རྡོའི་བང་སོའི་མདུན་གྱི། རྡོས་བཟོས་པའི་རྟ་རྒྱགས་པ་དེ་གཉིས་དང་། ལུག་ཚོན་པོ་དེ་གཉིས། མགོ་བོ་གྲུ་བཞི་ཡིན་པའི་མི་དེ་གཉིས། ད་དུང་ངོས་འཇམ་པའི་གསོལ་ཅོག་བཅས་མཐོང་བྱུང་། ན་ནིང་ཨ་མར་སྨན་བླངས་ནས་ཕྱིར་ལོག་དུས་ཁོ་རང་གསོལ་ཅོག་འདིའི་སྟེང་བསྡད་ནས་ངལ་གསོས་མྱོང་། གོ་ཐོས་སུ་སྔོན་ཆད་དུར་ཁྲོད་ན་རྩེ་མོ་དགུང་དུ་ཟུག་པའི་གནའ་བོའི་ཤུག་སྡོང་བཅུ་གྲངས་ཤིག་ཡོད་ཟེར། ཡིན་ཡང་ད་ལྟ་སྦོམ་ཚད་དཀར་ཡོལ་གྱི་ཁ་ལས་མེད་པའི་ཤུག་སྡོང་གཅིག་ལས་ལྷག་མི་འདུག ནག་ཀྲིག་ཀྲིག་གི་ཁབ་དབྱིབས་ལོ་མའི་ཁྲོད། མེ་སྟག་གཉིས་འཚེར་གྱིན་འདུག དེ་ནི་འུག་པའི་མིག་ཟུང་ཡིན། དེས་གཟབ་ནན་ངང་ཁ་ནས་སྐད་རེ་ཕྱུང་དུས། མཛེས་སྡུག་གི་སྒྲོ་སྤུ་འགུལ་ཙམ་བྱས་ཏེ། སྒྲ་མེད་པར་གཡེང་འཕུར་བྱས་ནས། གསེར་མདོག་གི་རླབས་རྒྱུན་འཁྲུག་པའི་ཞིང་ཁར་བབས་སོང་། “ཨ……བོའུ- ”ཨ་དབྱིས་སྐད་ཅོར་བརྒྱབ་ནས་དངངས་སྐྲག་ཕར་བསྐྲོད་ཐབས་བྱེད། ཁོའི་ཀླད་པར་སིང་སྒྲ་གྲག་ཅིང་། རྣ་ལམ་དུ་བང་སྒྲ་གྲག་པས། ཕོ་བའི་ན་ཟུག་ཀྱང་བརྗེད་ཟིན། དངུལ་དཀར་གྱི་སྒྲོན་མེར་བསྙེགས་བཞིན་ཟླ་འོད་འོག་གི་འགྲོ་ལམ་དུ་བརྒྱུགས་བཞིན། སྤྱི་ཁོག་རབ་རིབ་ཙམ་མཐོང་ཐུབ་པའི་པཱ་ལུང་གྲོང་བརྡལ་བསྙེགས་ནས་བརྒྱུགས།
ཨ་དབྱི་བརྒྱུགས་ནས་པཱ་ལུང་གྲོང་བརྡལ་དུ་བསླེབས་དུས། གསེར་མདོག་གི་ཉི་མ་ད་དུང་ཤར་མེད་ཀྱང་། མཚར་སྡུག་གི་མཚམས་སྤྲིན་གྱིས་རྡོ་སྔོན་པོ་བཏིངས་བའི་སྲང་ལམ་གསལ་འདུག སྲང་ལམ་དུ་དལ་ཅག་གེར་འདུག་ཅིང་། འགྲོ་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག སྲང་ལམ་གཞོགས་གཉིས་ཀྱི་ཚོང་ཁང་ཐམས་ཅད་ཀྱིས་སྒོ་བརྒྱབ་འདུག མཚན་མོའི་ཟིལ་བས་བྲན་པའི་ཆང་དར་དེས་ཉོབ་མདོག་ཆེན་པོ་ཞིག་བསྟན་ཏེ་ཆང་ཁང་གི་སྒོ་མདུན་དུ་དཔྱངས་འདུག་ལ། གཅེར་བུར་ཕུད་པའི་སྤུས་ཞན་མོ་ཐྲོལ་དེས་གྱོན་ཆས་ཚོང་ཁང་གི་བཀྲམ་དངོས་ཤེལ་སྒྲོམ་དུ་སྐྱོ་མདོག་གིས་སྨིན་མ་བསྡུས་འདུག ཨ་དབྱིས་རང་ཉིད་ཀྱི་རྐང་པ་རྗེན་མ་དེ་བརླན་ཤིག་ཤིག་གི་སྲང་ལམ་གྱི་རྡོ་གཅལ་སྟེང་སྤོས་པ་ལས་གྲག་འོངས་བའི་ཅལ་སྒྲ་དེ་ཐོས་བྱུང་། ཁོས་རྐང་པ་མཐོན་པོར་བཀྱགས་ནས་ག་ལེར་མར་བཞག སེམས་ཆུང་ནེམ་ཆུང་ངང་། མི་གཞན་གྱི་རྨི་ལམ་དཀྲོག་པར་སྐྲག་པ་དང་མཚུངས།
སྨན་ཚོང་ཁང་གི་སྒོ་དམ་པོར་བརྒྱབ་འདུག་ལ། ནང་དུ་སྒྲ་ཅི་ཡང་གྲག་རྒྱུ་མི་འདུག ཨ་དབྱི་སྒོ་མདུན་གྱི་རྡོ་སྐས་སུ་ཙོག་པུར་བསྡད་ནས། ངང་རྒྱུད་རིང་པོས་སྒུག ཁོ་ཐང་ཆད་ཅིང་ཕོ་བ་ཧ་ཅང་ལྟོགས་པའི་ཚོར་སྣང་བྱུང་། ཡིན་ཡང་སྨན་ལམ་སེང་ལེན་ཐུབ་པ་ཡིད་ལ་འཁོར་དུས་བློ་བདེ་རུ་བབས། ཙོག་ནས་ཅུང་ཙམ་བསྡད་པ་ན། རྐང་པ་ན་བྱུང་བས་རྐུབ་རྡོ་སྐས་སུ་བཞག་ནས་བསྡད། ཁོའི་མིག་ཟུང་ག་ལེར་རབ་རིབ་ཏུ་གྱུར། འཁོར་ལོ་ཕྲ་བའི་ཤིང་རྟ་ཆུང་ཆུང་ཞིག་སྲང་ལམ་གྱི་ཤར་ཕྱོགས་ནས་བསླེབས་བྱུང་། ཤིང་རྟ་འདྲུད་མཁན་ནི་མེ་ལྟར་དམར་བའི་རྟ་ཕྲུག་ཅིག་ཡིན་ལ། འདེད་མཁན་ནི་བུད་མེད་རྒྱགས་པ་ཞིག་རེད། རྨིག་སྒྲ་གསལ་ཞིང་འཁོར་སྒྲ་ཐྲིག་ཐྲིག་གྲག རྟ་ཕྲུག་གི་མིག་མདངས་དྭངས་ཤིང་གཙང་བས་ཡིད་དུ་འོང་བའི་གཞོན་ནུ་ཞིག་དང་འདྲ། བུད་མེད་དེས་གཉིད་མིག་རབ་རིབ་ངང་འཛེམ་དོགས་ཅི་ཡང་མེད་པར་ཁ་གདངས་ནས་ཨ་སྟོང་རྒྱག སྨན་ཚོང་ཁང་གི་སྒོ་མདུན་དུ། ཤིང་རྟ་ཁ་བཀག་བྱུང་། བུད་མེད་དེས་ཤིང་རྟ་ལས་འོ་མ་དམ་བུ་གཉིས་བླངས་ཤིང་ཚུར་འོངས་ནས་ཨ་དབྱི་ལ་བལྟས་ཏེ་བཤད་རྒྱུར། “ཕར་སོང་། འདྲེ་ཕྲུག ཁྱི་བཟང་བོ་སྒོ་ཁར་མི་ཉལ”ཟེར། ཨ་དབྱི་མགྱོགས་པོར་སྒོའི་གཞོགས་ཤིག་ཏུ་ཐོན་ཏེ། བུད་མེད་དེས་འོ་མའི་དམ་བུ་སྒོ་མདུན་གྱི་རྡོ་སྐས་སུ་བཞག་པར་བལྟས་ནས་བསྡད། མོའི་ལུས་ཀྱི་ཕྱེད་ཙམ་ལས་བཏུམས་མེད་པའི་ལྭ་ཆེན་དེ་ལས་ཚ་སོབ་སོབ་ཀྱི་མཁའ་དབུགས་རེ་འགའ་སྤོབས་པ་ཆེར་བསྐྱེད་ཀྱིས་ཕྱིར་ཐོན་ཡོང་། “འདྲེ་ཕྲུག བརྐུས་ནས་བཏུང་མི་ཆོག” མོས་སྐད་ཆ་བཤད་ཞོར་དུ་ཤིང་རྟའི་འགྲམ་དུ་ལོག་སྟེ་མདུན་ཕྱོགས་སུ་བུད་སོང་། ཨ་དབྱིས་བློ་རྩེ་སྒྲིམ་ནས་བརླན་ཤིག་ཤིག་གི་འོ་མའི་དམ་བུ་དེ་གཉིས་ལ་ཅེར་ཞིང་། ཕོ་བ་ནས་ལྟོགས་སྐད་བར་མེད་དུ་གྲག་འོངས། འོ་དྲི་དེ་ཞོགས་པའི་མཁའ་དབུགས་ཁྲོད་ཁྱབ་ཡོང་སྟེ། ཁོའི་མདུན་ནས་ཡུན་རིང་ཞིག་ལ་དཀྲིས་བརྒྱབ་པས། ཁོ་དབང་མེད་དུ་ཁ་ཆུ་ཤོར་བཅུག ཁོས་གྲོག་མ་ནག་པོ་ཞིག་འོ་མ་དམ་བུའི་ཁ་གཅོད་སྟེང་འགོས་ནས། རེག་རྭ་འགུལ་བཞིན་འོ་མ་འཇིབ་ཀྱིན་འདུག འཇིབ་སྒྲ་དེ་ཤིན་ཏུ་གསལ་བས་ངང་བ་རྒྱགས་པ་ཞིག་གིས་ཆུ་ནང་ན་ཟས་འཚོལ་བ་དང་ཤིན་ཏུ་མཚུངས།
སྨན་ཚོང་ཁང་གི་སྒོས་སྐད་ཡ་མཚན་ཞིག་སྒྲོག་ཙ་ན། སྒོ་གཡབ་ཕྱེད་ཀ་ཕྱེ་བྱུང་། སྤྱི་གཙུག་ཕྱེད་ཀ་ཐེར་བའི་སྐྱེས་པ་ཞིག་གིས་ལུས་ཕྱེད་ཕྱི་རུ་བསྲིངས་ནས་ལག་པ་ནི་སྐམ་པ་ཞིག་དང་འདྲ་བར་འོ་མ་དམ་བུ་དེ་གཉིས་ཁྱེར་སོང་། ཨ་དབྱི་ལ་གཉིད་འཐིབ་ཏུ་འཇུག་པའི་འོ་མའི་འཇིབ་སྒྲ་དེའི་མཚམས་ཆད་སོང་། ཁོས་མཆིལ་མ་ཁམ་གང་མིད་ནས། ལུས་པོ་འཁུམ་བཞིན་མགོ་བོ་སྒོ་སྲུབ་ཏུ་འཛུལ། ཁོས་སྐྱེས་པ་སྤྱི་ཐེར་དེས་ཚོང་ཁང་ནང་ན་གདོང་བཀྲུ་བཞིན་པ་དང་། ཞི་མི་ཞིག་གིས་གྱང་ཟུར་དུ་སྤུངས་བའི་སྨན་ཐུམ་སྒང་ལངས་ནས་སྒྱིད་ལུག་ངང་སྐེད་པ་བསྒྱིངས་པ། ཞི་མིའི་ལུས་འོག་ན་ཞིམ་ཕྲུག་འགའ་ད་དུང་གཉིད་དུ་ཡུར་འདུག་པ་བཅས་མཐོང་། སྐྱེས་པས་ངོ་གདོང་བཀྲུས་རྗེས། ཀ་ཏོ་ར་བཟུང་ནས་ཕྱིར་ཐོན་བྱུང་། ཨ་དབྱི་ལམ་སེང་གཞོགས་ཤིག་ཏུ་གཟུར་བ་ན། འཕོས་ཡོང་བའི་ཆུས་བར་སྣང་ནས་ཡོལ་བ་ཞིག་འཐེན་རྗེས། སྲང་ལམ་གྱི་རྡོ་གཅལ་སྟེང་ཤག་སེར་ལྷུང་སོང་། ཨ་དབྱིས་གོ་སྐབས་དམ་འཛིན་བྱས་ཏེ་སྐྱེས་པ་དེའི་མདུན་དུ་སོང་ནས་ཞུ་བ་འཐེན་བཞིན། “ཨ་ཁུ། ངའི་ཨ་མ་ནད་ལོག་བརྒྱབ་སོང་བས། ངས་སྨན་ལེན་དགོས” ཞེས་བཤད། སྐྱེས་པ་སྤྱི་ཐེར་དེས་རྣམ་འགྱུར་གྲང་ཤུར་ཤུར་ངང་། “སྒོའི་ཕྱི་ལོགས་ནས་སྒུག་སྡོད། ཆུ་ཚོད་བརྒྱད་པའི་སྟེང་ད་གཟོད་ལས་ཀ་མགོ་གཟུགས་རྒྱུ་རེད”ཟེར། ཨ་དབྱིས་ནག་ཀྲིག་ཀྲིག་གི་མིག་ཟུང་གིས་སྐྱེས་པ་དེའི་ཁམ་མདོག་གི་མིག་རིལ་ལ་བལྟ་བཞིན། བབ་བསྟུན་གྱིས་པུས་མོ་ས་ལ་བཙུགས་ནས་བཤད་རྒྱུར། “ཨ་ཁུ། སྐུ་མཁྱེན། ངའི་ཨ་མ་ན་བཞིན་འདུག གལ་ཏེ་མོ་ཤི་སོང་ན། ང་དྭ་ཕྲུག་ཏུ་གྱུར་བ་རེད”ཅེས་ཞུ་བ་འཐེན། སྐྱེས་པ་དེས་ལབ་བེ་ལོབ་བེར་“མ་ཤེས་མིན་ཁྱོད་བུ་ཕྲུག་སྲི་ཞུ་ཅན་ཞིག་རེད། སྨན་ཐོ་གང་ན་ཡོད ”ཟེར། ཨ་དབྱིས་ལམ་སེང་སྐྲ་འཛེར་དང་སྨན་ཐོ་ཕར་སྤྲད། སྐྱེས་པ་དེས་“འདི་མི་ཆོག སྨན་ཚོང་ཁང་ལ་དངུལ་སྨར་དགོས། ཁྱོད་ཀྱིས་སྔོན་ལ་སྐྲ་འཛེར་དེ་དངུལ་སྨར་དུ་བརྗེ་དགོས”ཟེར། ཨ་དབྱིས་རང་གི་ཐོད་པ་རྡོ་གཅལ་ཐོག་ཤུགས་ཀྱིས་གཏུགས་རྗེས། མགོ་བཀྱགས་ནས་ “ཨ་ཁུ། ངའི་ཨ་མས་ཁྲག་བསྐྱུགས་སོང་……གལ་ཏེ་མོ་ཤི་སོང་ན། ང་རང་དྭ་ཕྲུག་ཏུ་གྱུར་བ་རེད”ཟེར།
གཉིས།
ཉིས་བརྩེགས་སུ་བསྡམས་པའི་སྨན་ཐུམ་ལག་ཏུ་བཟུང་བ་ནི་ཨ་མའི་ཚེ་སྲོག་ལག་ཏུ་བཟུང་བ་དང་མཚུངས། ཨ་དབྱི་བརྒྱུགས་བཞིན་པཱ་ལུང་གྲོང་བརྡལ་ནས་ཐོན། གསེར་མདོག་གི་ཉི་མས་ཁོའི་ངོ་གདོང་བསུས་ནས་ག་ལེར་ཡར་འཕགས་བྱུང་ལ། བྱམས་བརྩེས་ཁེངས་བའི་གདོང་དམར་སྐྱེད་ཡུམ་ཞིག་དང་གཉིས་སུ་མེད། འགྲོ་ལམ་ནི་ཀྱག་ཀྱོག་གི་མཱ་སང་ཆུ་བོ་བརྒྱུད་ནས་མདུན་དུ་བསྲིངས་ཏེ། ནམ་ཡང་མཐའ་རུ་བསླེབས་རྒྱུ་མེད་པ་ལྟརསྣང་། མགྱོགས་པོར་བརྒྱུགས། དལ་མོར་བརྒྱུགས། ཅུང་ཙམ་བརྒྱུགས། བརྒྱུགས། བརྒྱུགས། བརྒྱུགས། ཕོ་བ་ཧ་ཅང་ལྟོགས་ཀྱང་། སེམས་པ་སྐྱིད་ཀྱིས་ཁེངས་ཡོད། ཆུ་བོའི་འགྲམ་གཉིས་ནི་མུ་མཐའ་མེད་པའི་གྲོ་ཞིང་རེད། ལམ་འགྲམ་གྱི་རྩྭ་ལྡུམ་གྱིས་ཟིལ་བ་འཁུར་ཞིང་། རྩྭ་ལྗང་གི་དྲི་མ་ནི་ཧ་ཅང་སླ་པོ་ཞིག་ཡིན་རུང་། གྲོའི་དྲི་མ་ཤིན་ཏུ་སྟུག ཁོས་རྩ་སྨན་སྣ་ཁར་ཁྱེར་ནས་ཡང་ཡང་སྣོམ། དྲི་ཞིམ་ནི་གུག་གུག་ཁྱོག་ཁྱོག་ཅིག་ཡིན་པས། འབུ་ཆུང་ཞིག་དང་འདྲ་བར་ཁོའི་སེམས་དབུས་སུ་འཛུལ། ཁོས་མགོ་བོ་བཀྱགས་པ་ན། ལྷོ་རླུང་འཇམ་པོ་ནི་དར་གོས་ཤིག་དང་འདྲ་བར་གཡབ་མོ་བྱེད་པ་མཐོང་ལ། མགོ་བོ་སྒུར་བ་ན། འོད་འཚེར་བའི་མཁའ་དབྱིངས་ན་ལྡིང་སྐོར་རྒྱག་བཞིན་པའི་རི་བྱའི་སྐད་སྒྲ་ཐོས་བྱུང་། བརྒྱུགས་ནས་ཧན་ལིན་དུར་ཁྲོད་དུ་བསླེབས་དུས། ཆུ་བོའི་ཕར་ཁ་ནས་སྐད་གསེང་མཐོན་པོས་འབོད་སྒྲ་མཆེད་འོངས། ཁོས་མདོག་སྨུག་སྐྱའི་ལམ་ཆེན་སྟེང་། གསེར་འོད་ལམ་ལམ་འཕྲོ་བའི་བ་གླང་ཁྱུ་གཅིག་མཆོང་རྒྱུགས་བྱེད་ཅིང་། གཟུགས་རིང་ཞིང་སྐམ་པའི་སྐྱེས་པ་ཞིག་གིས་གླང་ལྕག་དྲུད་དེ་གླང་ཁྱུའི་རྗེས་ན་བརྒྱུགས་བཞིན་པ་མཐོང་། རྒྱུགས་ཡ་རྒྱུགས། རྒྱུགས་ནས་ཁྱིམ་དུ་བསླེབས་ཚེ། སྔོན་ལ་ཨ་ནེ་ཝང་ཚང་ལ་སྨན་གདུ་བྱེད་ཀྱི་རྫ་སྣོད་གཡར་དུ་འགྲོ། ཁོས་སྨན་གདུ་བའི་དྲི་ཞིམ་དེ་སྣོམ་ཐུབ་བྱུང་། ཁོས་སླར་ཡང་འུག་པ་དེ་དྲན་པས་དབང་མེད་དུ་མགོ་དཀྱོགས་ནས་ཤུག་སྡོང་དེར་བལྟས། ཁོས་ཤུག་སྡོང་གི་པུར་དབྱིབས་སྡོང་མགོ་དེ་གཅུས་ནས་ཡར་མཆོང་བཞིན་པའི་གསེར་མདོག་གི་མེ་ཕུང་ཞིག་ཏུ་གྱུར་ཞིང་། སྡོང་འོག་གི་རྡོའི་གསོལ་ཅོག་སྟེང་མི་གཉིས་བསྡད་ཡོད་པ་མཐོང་། ཁོས་ཡང་བསྐྱར་ཕྱིར་འཁོར་ནས་བལྟས་པ་ན། རྡོའི་གསོལ་ཅོག་སྟེང་དངོས་གནས་མི་གཉིས་བསྡད་འདུག
“ཝེ། བྱིས་པ། ཁྱོད་སྡོད་དང་།”
ཨ་དབྱིས་འགྲོ་མཚམས་བཞག “ཁྱོད་ཚུར་ཤོག” ཁོས་རྡོའི་གསོལ་ཅོག་སྟེང་གི་མིས་སྐད་བརྒྱབ་པ་ཐོས་བྱུང་ལ། མི་དེས་ལག་པ་ཡ་གཅིག་མཐོན་པོར་བཀྱགས་འདུག་པ་ཡང་མཐོང་བྱུང་། ཨ་དབྱི་སྐྲག་ཞོར་དུ་ཕར་ཕྱིན། དུས་འདིར་ཁོས་རྡོའི་གསོལ་ཅོག་སྟེང་གི་མི་ནི་སྐྱེས་པ་ཞིག་དང་བུད་མེད་ཅིག་ཡིན་པ་གསལ་བོར་མཐོང་བྱུང་། སྐྱེས་པ་དེའི་མགོ་སྐྲ་དུང་ལྟར་དཀར་ཞིང་། མདོག་སྨུག་སྐྱའི་ངོ་གདོང་དུ་ཁམ་མདོག་གི་ཁྲ་ཐིག་གིས་བཀང་འདུག ཁོའི་སྨུག་གདོག་གི་ཁ་ཤ་དམ་པོར་བཙུམས་འདུག་པས། གྲི་ཁ་རྣོན་པོ་ཞིག་དང་མཚུངས། ཁོའི་མིག་མདངས་ནི་སྙུང་བུ་ཞིག་དང་འདྲ་བར་ཚུར་གཙགས་ཡོང་། བུད་མེད་དེ་ལོ་ན་ཤིན་ཏུ་གཞོན་ཏེ། དཀར་ཞིང་སྒོར་བའི་ངོ་གདོང་དུ་དཀྱུས་རིང་ལ་འཛུམ་དམུལ་དམུལ་བྱེད་པའི་མིག་ཟུང་ཆ་གཅིག་འདུག སྐྱེས་པ་དེས་གཟབ་ནན་ངང་འདྲི་རྒྱུར། “འདྲེ་ཕྲུག ཁྱོད་ཀྱིས་རྐུན་མིག་ལོང་ལོང་གིས་ཅི་ཞིག་ལྐོག་ལྟ་བྱེད་བཞིན་ཡོད” ཟེར། ཨ་དབྱི་སོམ་ཉིའི་དྲ་བར་ཚུད་ནས་མགོ་བོ་གཡུགས་ཙམ་བྱས། “ཁྱོད་ཀྱི་ཨ་ཕའི་མིང་ལ་ཅི་ཟེར།” སྐྱེས་པས་སྐད་མགོ་ཇེ་མཐོར་བཏང་ནས་བརྗིད་ཉམས་ངང་དྲིས། ཨ་དབྱིས་ངག་ལྐུགས་བཞིན། “ང་ལ……ཨ་ཕ་མེད……” ཅེས་ལན་བཏབ། སྐྱེས་པ་དེ་ཅུང་ཙམ་ལ་ཧད་རྗེས། མགོ་བོ་དགྱེ་ནས་ལྷུག་ལྷུག་ཏུ་དགོད་བཞིན། “ཧ་ཧ། ཁྱོད་ཀྱིས་གོ་སོང་ངམ། ཁོས་ཁོར་ཨ་ཕ་མེད་ཟེར། བསམ་ཡུལ་ལས་འདས་པར་ཁོས་རང་ཉིད་ལ་ཨ་ཕ་མེད་ཟེར། ”བུད་མེད་དེས་སྐྱེས་པ་དེར་ཁ་ཡ་མི་བྱེད་པར། གཅིག་པུས་མཆེ་བ་གཙིགས་ནས་མེ་ལོང་ནར་མོ་ཞིག་ལ་བལྟ་བཞིན་མོའི་མཆུ་ཏོ་མཛེས་བཟོ་བྱེད། ཨ་དབྱིའི་ཁོག་པའི་ནང་རྩ་འཁུམ་པ་ལྟར་ན་བྱུང་ལ། གཅིན་པ་སྦོས་ནས་བཟོད་ཐབས་བྲལ། དོར་མའི་ནང་གཅིན་པ་མི་ཤོར་ཆེད། ཁོས་རྐང་པ་གཉིས་དམ་པོར་བསྡམས་པས། སྐེད་པ་རང་བཞིན་དུ་དྲང་མོར་གྱུར། ཁོས་སྐྱེས་པ་དེས་ལྭ་བའི་ཁུག་མ་ནས་མདོག་དཀར་སྐྱའི་དམ་བུ་ཆུང་ཆུང་ཞིག་བླངས་ནས་ཁ་ལ་གཏད་དེ་ལན་འགའ་གཏོར་རྗེས། འགྲམ་གྱི་བུད་མེད་དེར་ཕྱོགས་ནས་བཤད་རྒྱུར། “ནལ་བུ་འདི”ཟེར། བུད་མེད་དེ་སྒྱིད་ལུག་ངང་ཡར་ལངས་ནས། ཉི་མར་ཕྱོགས་ཏེ་ཧབ་སྦྲིད་ཅིག་བརྒྱབ། མོས་ཧབ་སྦྲིད་རྒྱག་དུས་དབང་བོ་ལྔ་པོ་ཕྱོགས་གཅིག་ཏུ་བསྡུས་པས། རྣམ་པ་ནི་ཧ་ཅང་ཁྱད་མཚར་ཞིག་རེད། ཧབ་སྦྲིད་བརྒྱབ་ཚར་རྗེས། མོའི་མིག་ཟུང་དུ་མཆི་མ་ཀོ་རོ་རོ་འཁྱིལ་འདུག མོས་མདོག་སྨུག་སྐྱའི་སྨད་གཡོགས་གཉེར་མ་ཅན་ཞིག་གྱོན་ཞིང་། ཕྲ་ཞིང་རིང་ལ་ཁྲོ་བའི་གཉེར་མ་བསྡུས་པའི་པུས་མོ་ཕྱིར་མངོན་འདུག བུད་མེད་དེས་རྒྱབ་ཤོག་ལྗང་ཁུ་ཡིན་པའི་དཔེ་དེབ་ཆུང་ཆུང་ཞིག་རྡོའི་གསོལ་ཅོག་སྟེང་གཡུགས་རྗེས། རྐུབ་རྡེབ་ཙམ་བྱས་ནས་ཅི་ཡང་མི་བཤད་པར་གྲོ་ཞིང་དུ་བུད་སོང་། སྐྱེས་པ་དེ་ཡར་ལངས་པ་ན། རུས་པའི་ལྷུ་ཚིགས་ལས“ཐྲག་སྒྲ”གྲགས་བྱུང་། ཨ་དབྱིས་ཁོའི་མཐོ་ཞིང་ཆེ་ལ་རུལ་སུངས་ཅན་གྱི་གཟུགས་པོ་དེ་ཉི་མར་རྒྱབ་གཏད་ནས་ཚུར་བསྙེས་བྱུང་བ་མཐོང་། ཁོ་འབྲོ་འདོད་ཀྱང་། རྐང་པ་ཟུང་ནི་རྩ་བ་ས་ནང་དུ་ཚུགས་པ་བཞིན་འགུལ་རྒྱུ་མི་འདུག སྐྱེས་པས་ལག་པ་ཆེན་པོ་དེ་བསྲིངས་ནས་ཨ་དབྱིའི་ཤིན་ཏུ་ཕྲ་བའི་མཁྲིག་མ་བཟུང་། ཨ་དབྱིས་ལག་པ་ཆེན་པོ་དེ་མཚན་མོའི་ཟིལ་བས་བྲན་པའི་རྣོ་ལྕགས་བཞིན་སྲ་ཞིང་འཁྱག་པ་ཚོར་བྱུང་། ཁོས་འཕག་འཚག་བརྒྱབ་ནས། མཁྲིག་མ་མི་དེའི་ལག་ཆེན་ལས་ཐར་རྩིས་བྱས། ཡིན་ཡང་མི་དེས་ཤུགས་ཀྱིས་ཐེངས་གཅིག་བསྡམས་པ་ན། ཁོའི་མཁྲིག་མ་སྐད་ཅིག་ཉིད་ལ་སྦྲིད་ནས་ན་ཟུག་སྐྱེས་བྱུང་བས། ལག་གི་སྨན་ཐུམ་ས་ལ་ལྷུང་སོང་། ཁོས་སྐད་གསེང་མཐོན་པོས“ངའི་སྨན……ངའི་ཨ་མའི་སྨན……”ཞེས་སྐད་ཅོར་བརྒྱབ། ཡིན་ཡང་སྐྱེས་པ་དེ་ནི་འོན་པ་ཞིག་དང་འདྲ་བར། ཁོས་སྐད་ཅོར་བརྒྱབ་པར་ཁ་ཡ་མི་བྱེད་པར། ཁོ་དྲུད་ནས་མདུན་དུ་འགྲོ། དྲུད་ནས་ཤུག་སྡོང་དེའི་འོག་བསླེབས་སྐབས། སྐྱེས་པ་དེས་ཁོའི་ལག་པ་ཆ་ཡ་དེ་བཟུང་ནས་ཤུགས་ཀྱིས་འཐེན་པས། ཨ་དབྱིའི་སྣ་སྡོང་ཤུན་རྩུབ་པོ་དེའི་སྟེང་བརྡབས་ཤིང་། མིག་ཟུང་མཆི་མས་བསྒྲིབས་ནས་རབ་རིབ་ཏུ་གྱུར། ཁོས་རང་ཉིད་ཀྱིས་ཤུག་སྡོང་པང་པར་བཏབ་ཡོད་པ་མཐོང་། སྐྱེས་པ་དེས་ལག་པ་ཡ་གཅིག་གིས་ཁོའི་མཁྲིག་མ་གཉིས་ཀ་བཟུང་ཞིང་། ལག་པ་ཅིག་ཤོས་དེས་དོར་མའི་ཁུག་མ་ལས་འོད་ཆེམ་ཆེམ་འཕྲོ་བའི་དངོས་པོ་ཆུང་ཆུང་ཞིག་བླངས་ནས། ཉི་འོད་འོག་རྡེབ་ཙམ་བྱས་པ་ན། རྣ་བར་སྙན་པའི་སྒྲ་གསལ་པོ་ཞིག་གྲག་བྱུང་། “འདྲེ་ཕྲུག ངས་ཁྱོད་ལ་ལམ་དུ་འགྲོ་དུས་ཡར་ལྟ་མར་ལྟ་བྱས་ན་ཆད་པ་ག་འདྲ་ཞིག་ཕོག་དགོས་པ་ཤེས་སུ་འཇུག” ཨ་དབྱིས་སྐྱེས་པ་དེས་ཤུག་སྡོང་གི་ལྟག་རྒྱབ་ནས་གྲང་ཤུར་ཤུར་ངང་འདི་ལྟར་བཤད་པ་ཐོས་བྱུང་བ་དང་ཆབས་ཅིག ཨ་ལོང་གྲང་མོ་ཞིག་ལག་གཡས་པའི་མཐེ་བོང་མགོར་སྐོན་ཞིང་། དེར་མཐུད་ནས། ལག་གཡོན་པའི་མཐེ་བོང་མགོར་ཡང་སྐོན་པ་ཚོར་བྱུང་། ཨ་དབྱིས་ངུ་འབོད་བྱེད་བཞིན། “དཔོན་ཆེན་ལགས……ངས་ཅི་ཡང་མ་མཐོང་ཡ……དཔོན་ཆེན་ལགས། སྐུ་མཁྱེན་ང་གློད་རོགས……”ཞེས་ཞུ་བ་འཐེན། སྐྱེས་པ་དེ་ཚུར་འཁོར་ནས། ལྕགས་ལེབ་ཅིག་དང་མཚུངས་བའི་ཐལ་ལྕག་གིས་ཨ་དབྱིའི་མགོ་བོར་རྡེབ་ཙམ་བྱས་ནས། དགོད་བཞིན་དུ།“ ཁ་ལ་ཉོན། འདི་ལྟར་བྱས་ན་ཁྱོད་ལ་ཕན་ཐོགས་ཡོད”ཟེར། བཤད་ཚར་མ་ཐག ཁོ་གྲོ་ཞིང་དུ་བུད་མེད་དེའི་རྗེས་བསྙེགས་སུ་བུད་སོང་། ཉི་འོད་དང་སྙེ་རླབས་ཁོའི་བླ་ན་མེད་པའི་གྲིབ་གཟུགས་ཀྱིས་ཁག་གཉིས་སུ་བགོས་ནས། ཤུལ་དུ་གྲུ་ཆུང་ཞིག་ཆུ་ངོས་སུ་བསྐྱོད་པ་ལྟར་གྱི་རྗེས་ཤུལ་གསལ་པོ་ཞིག་བཞག་སོང་།
ཨ་དབྱིས་ཁོ་ཚོའི་རྒྱབ་གཟུགས་དང་གསེར་མདོག་གི་གྲོ་ཞིང་གཉིས་གཞི་གཅིག་ཏུ་འདྲེས་རག་བར་མིག་སྐྱེལ་བྱས། ཐག་རིང་ནས་བསིལ་རླུང་ལྡང་འོངས་བས། གྲོ་ཞིང་དུ་རླབས་རྒྱུན་འཁྲུགས། ཁྱུ་རུ་བསྒྲིགས་པའི་བྱ་ཚོགས་ནི་སྨུག་མདོག་གི་སྤྲིན་ཕུང་ཞིག་དང་འདྲ་བར་བཞུད་སོང་ལ། ཐོག་མར་ཤུལ་དུ་ལུས་པ་ནི་ཟང་ཟིང་གི་སྐད་ཅོར་དང་ཡང་སིར་སིར་གྱི་སྒྲོ་སྤུ་རེད་ལ། དེ་རྗེས་མཐའ་མེད་ཀྱི་ལྷིང་འཇགས་རེད།
ཨ་དབྱིའི་ཀླད་པ་ཉག་ཉོག་ཏུ་གྱུར་ཞིང་། ད་ཅི་བྱུང་བའི་དོན་དག་དེ་ནི་རྨི་ལམ་ཞིག་དང་འདྲ། ཁོས་མགོ་བོ་གཡུག་ཙམ་བྱས་ནས། འཇིགས་སུ་རུང་ལ་རབ་རིབ་ཡིན་པའི་ཚོར་བ་འདི་ཕར་སྐྲོད་རྒྱུར་ཚོད་ལྟ་བྱས། ཁོས་ཨ་མ་དྲན་བྱུང་ལ། སྨན་ཡང་དྲན་བྱུང་། ཁོ་འགྲོ་འདོད་ནའང་། རང་ཉིད་ལ་སྔ་མོ་ནས་རང་དབང་ཤོར་བ་ཤེས། ཁོས་འཕག་འཚག་བརྒྱབ། ཐོག་མར་ཤུགས་ཀྱིས་དཔུང་པ་ཕྱིར་འཐེན་ལ། དེ་ནས་ཡར་མཆོང་མར་མཆོང་བྱས་ཏེ་སྐད་ཅོར་བརྒྱབ་པས། ནགས་ཚལ་བཟུང་མ་ཐག་པའི་སྤྲེའུ་ཞིག་དང་མཚུངས། མཐར་ཁོ་ཐང་ཆད་སོང་། ཁོས་མགོ་བོ་སྡོང་ཤུན་ལ་གཏད་ནས། ངུ་ཤུམ་བརྒྱབ་བྱུང་། མིག་ཆུ་མར་ལུད་པ་དང་བསྟུན་ནས། སེམས་ཁོང་གི་ཁོང་ཁྲོ་ཡང་ག་ལེར་ཞི་འཇགས་སུ་སོང་། ཁོས་སྡོང་བོའི་གཞོགས་ཤིག་ནས་མགོ་བོ་མདུན་དུ་བསྲིངས་ཏེ་བལྟས་པ་ན། དམ་པོར་སྦྲེལ་བའི་ལྕགས་སྒྲོག་ལས་མིག་ལ་གཟན་པའི་འོད་འཕྲོ་བཞིན་འདུག་ལ། དེ་ཚོ་མཐེ་བོང་གི་རྩར་དམ་པོར་སྐོན་ཡོད་པས། མཐེ་བོང་གཉིས་ཀ་བཙིར་ནས་ཁྲག་རྒྱུག་མ་ཐུབ་པར་དམར་པོར་གྱུར་ཏེ། འགུལ་ཙམ་བྱས་ཀྱང་ཟུག་རྔུ་དྲག་པོ་སྐྱེས་བྱུང་།
ཁོས་སེམས་ཆུང་ངང་ལག་པ་བརྐྱངས་ཏེ། ལུས་པོས་སྡོང་བོར་སྐོར་བ་གཅིག་བརྒྱབ་ནས། མཱ་སང་ཆུ་བོ་དང་ཆུ་འགྲམ་གྱི་འགྲོ་ལམ་ལ་ཁ་ཕྱོགས་ནས་ལངས། འོད་ཀྱུག་ཀྱུག་གི་ཁུག་རྟ་བཅུ་གྲངས་ཤིག་ཆུ་ངོས་དང་ཐུག་ཙམ་བྱས་ནས་འཕུར་ལྡིང་བྱེད། དམར་ནག་གི་གྲོད་ཁོག་གིས་ཆུ་ངོས་ལ་ཡང་ཡང་བརྡབ་སྐྱོན་བཏང་ནས། རླབས་ཕྲེང་ཆུང་ངུ་རེ་འཕྱུར་རུ་འཇུག ཆུ་བོའི་ཕ་རོལ་ཡང་མུ་སྦྲེལ་བའི་གྲོ་ཞིང་ཡིན། གྲོ་ཞིང་གི་མཐའ་རུ་བབ་ཅིང་བརླིང་བའི་གྲོང་ཚོ་འགའ་འདུག་ལ། གྲོང་ཚོའི་མཁའ་དབྱིངས་སུ་སྦོས་ཤིང་ལྷོད་པའི་དུད་སྤྲིན་གཡོགས་འདུག ཁོས་མགོ་སྒུར་བ་ན། སྨན་ཐུམ་དེ་གཉིས་རྩྭ་གསེང་དུ་ལྷུང་འདུག་པ་མཐོང་ལ། ཨ་མའི་འཁུན་སྒྲ་དེ་མ་ཐག་ཁོའི་རྣ་བར་འབྲུག་སྒྲ་ལྡིར་བ་ལྟར་གྲག་བྱུང་། ཁོའི་སྣ་སྐྱུར་བྲེང་བྲེང་བྱས་པ་དང་མཆི་མ་ཉིལ་བྱུང་། ཁོས་ཐེངས་འདིའི་མཆི་མ་ནི་འབྱར་བག་ཅན་ཡིན་པས། གསོམ་སྡོང་སྟེང་ན་བཞུར་བའི་སྣུམ་ཚིལ་དང་འདྲ་བ་ཚོར་བྱུང་།
གསུམ།
རྗེས་ཀྱི་དུས་ཚོད་ནང་། སྐབས་ལ་ལར་ལག་ཏུ་ཟོར་བ་ཁྱེར་བའི་ཞིང་པ་ཆུ་འགྲམ་གྱི་རྐང་ལམ་བརྒྱུད་ནས་འགྲོ། ཁོ་ཚོ་ཚང་མ་བྲེལ་བ་ཚབ་ཚུབ་ངང་། མགོ་བོ་སྒུར་ནས། མིག་གིས་གསེག་ལྟ་ཙམ་ཡང་མི་བྱེད། ཨ་དབྱིའི་སྐད་ཅོར་དང་ངུ་འབོད་ཚང་མ་གྲིས་ཆུ་གཤགས་པ་ལྟར་ཕན་པ་ཅི་ཡང་མ་བྱུང་། མི་ཚང་མ་འོན་པ་དང་འདྲ། སྐབས་འགར་མི་ཞིག་གིས་མིག་མདངས་འཁྱག་པ་ཚུར་འཕོས་ཀྱང་། བྲེལ་འཚུབ་ཀྱི་གོམ་པ་མཚམས་མི་འཇོགཁོས་སྡུག་བསྲན་བྱས་ནས་ཉིན་གུང་ལོན། ཤར་ལྷོའི་མཚམས་སུ་བཀལ་བའི་ཉི་མ་ནི་མདོག་ཡལ་ནས་མིག་ལ་གཟན་པའི་དཀར་འོད་དུ་གྱུར་འདུག་ལ། གྲོ་ཞིང་ནང་གི་ལང་ལོང་དུ་རྒྱུ་མྱོང་བའི་སྨུག་པ་སྲབ་མོ་དེ་ཡང་གཙང་མར་ཡལ་འདུག ནུབ་ལྷོའི་རླུང་སྐམ་པོ་དེ་གཅིག་རྗེས་གཅིག་གིས་སྐུལ་ནས་གཡུགས་ཡོང་། སྨིན་ཐག་ཆོད་པའི་གྲོ་ཡིས་ལྗིད་ཏིག་ཏིག་གི་སྙེ་མ་ཕར་གཡོ་ཚུར་གཡོ་བྱེད། གྲ་མ་འཕྲེད་གཞུང་དུ་བསྣོལ་བ་དང་། གཞུང་རྟ་དང་ལོ་མ་རྩུབ་བརྡར་ཡང་ཡང་བྱས་ནས། འབྲུ་རྡོག་རེ་རེ་དར་འབུའི་སྐྱག་པ་བཞིན་ས་ལ་ལྷུང་། ཞིང་ཁ་རུ་མི་སེམས་ལ་ཟ་འཕྲུག་སློང་ནས་བཟོད་དཀའ་བར་བྱེད་པའི་སྒྲ་ཡིས་བཀང་། མཁའ་དབུགས་ཁྲོད་ལོ་ཏོག་སྨིན་པའི་དྲི་ཞིམ་དང་བློ་བརྣངས་བར་བྱེད་པའི་ཐལ་རྡུལ་ཁྱབ་འདུག རྔུལ་ཆུ་ནི་འགྱིག་སྣུམ་དང་འདྲ་བར་ཁོའི་མགོ་ནས་བཞུར་ཡོང་། ཁོ་ཁ་སྐོམ་ནས་བཟོད་ཐབས་བྲལ། ཕོ་བའི་ནང་ལྷབ་ལྷབ་ཏུ་འབར་བའི་མེ་ཕུང་ཞིག་ཡོད་པ་བཞིན། སྣ་ཁུང་ནས་ཕྱིར་བཏང་བའི་དབུགས་ནི་དུ་བ་བཞིན་ཚ་པོ་རེད། མཐེ་བོང་གི་རུས་པ་གས་ཆག་བྱུང་བ་ལྟར་ན་ཟུག་སྐྱེས་ཀྱང་ཨུ་ཚུགས་ཀྱིས་བསྲན་ནས། ཁོས་ཡང་བསྐྱར་འཕག་འཚག་བརྒྱབ། ཁོས་རྐང་པ་དང་གསུས་པའི་སྟོབས་ཤུགས་ལ་བརྟེན་ནས་སྡོང་བོའི་མཐོ་སར་འགོས་ཏེ། སྡོང་མགོ་དེ་པང་པ་ནས་ཤུད་རྗེས་རང་ཉིད་ལ་རང་དབང་འཐོབ་པར་སྟོང་བསམ་བཅངས། ཡིན་ཡང་ཁོའི་མགོ་བོ་གསོམ་སྡོང་གི་ཡལ་ག་སྟུག་པོར་ཐོགས་པ་དང་སྟོང་བསམ་ཆག་ཧྲུག་ཏུ་གྱུར། ཁོས་ཤ་ལྷོད་མ་ཐག སྡོང་བོའི་མཐོ་ས་ནས་ས་རུ་ཤུད་སོང་། སྡོང་ཤུན་རྩུབ་པོས་ཁོའི་གསུས་པ་དང་གསུས་ཆུང་དྲེད་ནས་ཁྲག་གིས་སྦག་འདུག་ཅིང་། སྒྲོག་གིས་བཅིངས་བའི་མཛུབ་མོ་ནི་གས་འགྲོ་བ་ལྟར་ན་ཟུག་ལངས་བྱུང་། ཁོས་སྐད་ཅོར་ཅིག་བརྒྱབ་པ་དང་དྲན་པ་འཐོར་སོང་།
དུས་ཡུན་ཇི་ཙམ་འགོར་བ་མི་ཤེས་མོད། རྣ་བ་འོན་པར་བྱེད་པའི་འཕྲུལ་ཆས་ཀྱི་སྒྲ་ཞིག་གིས་ཁོ་སད་དུ་བཅུག ཁོས་ཧུར་ཐག་ངང་མིག་སྐྱག་གིས་སྒྲིབ་པའི་མིག་གཉིས་ཕྱེ། མིག་ཕྱེ་དུས་ཁོས་རྫི་མ་ཡིས་མིག་ལྕིབས་ཁ་བཀར་བའི་སག་སག་གི་སྒྲ་ཐོས་བྱུང་། མཆི་མས་མིག་ཟུང་བསྒྲིབས་པས། ངོ་གདོང་སྡོང་ཤུན་སྟེང་དྲད་ཙམ་བྱས། ཁོས་ཞོགས་པར་བརྒྱུགས་སའི་ལམ་བུ་དེའི་སྟེང་། འདྲུད་འཐེན་འཁོར་ལོ་དམར་པོ་ཞིག་ཚུར་ཡོང་བཞིན་པ་མཐོང་། འགྲོ་ལམ་ཀྱག་ཀྱོག་ཡིན་པས། འདྲུད་འཐེན་འཁོར་ལོ་ནི་བཏུལ་མ་ཐུབ་པའི་རྟེའུ་ཕྲུག་ཞིག་དང་མཚུངས་བར་ས་ལྡིང་གནམ་ལྡིང་བྱེད། འདྲུད་འཐེན་འཁོར་ལོ་གཏོང་མཁན་གྱི་མི་དེའི་མགོ་སྐྲ་ཟང་ཟིང་ཡིན་ལ། ཤེལ་མིག་ནག་པོ་ཞིག་གྱོན་ཞིང་། རྐེད་པ་དྲང་མོར་ཁ་ལོ་བའི་སྡོད་གནས་སུ་བསྡད་ཡོད་པས་རྡོ་སྐུ་ཞིག་དང་གཉིས་སུ་མ་མཆིས། སྐྱ་མདོག་གི་འདྲུད་སྒམ་དུ་མི་གསུམ་འདུག ཁོ་ཚོའི་ངོ་གདོང་གསལ་བོ་མི་མཐོང་རུང་། ཁོ་ཚོས་སྨྱོ་ཧམ་ངང་གཞས་གཏོང་བ་ཐོས་ཐུབ། ཁོས་དཔུང་བ་གཉིས་ཀྱིས་སྡོང་བོའི་གཞུང་རྟ་བཙིར་ནས་དཀའ་ཚེགས་ངང་ཡར་ལངས། ཁོས་ཤུགས་ཡོད་ཚད་བཏོན་ནས་སྐད་བརྒྱབ། “ང་སྐྱོབ་རོགས……ང་ཅིག་སྐྱོབ་རོགས།”
འབྲེལ་ཡོད་འོས་སྦྱོར།