logo

༄༅།།མི་འགྱུར་གླིང་ག

རྩོམ་པ་པོ།:མཛེས་སེ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-10-14 ཀློག་གྲངས།:
༄༅།།མི་འགྱུར་གླིང་ག
མཛེས་སེ།

རི་གསུམ་མཐོ་དམའ་ཡོད་མེད།།
ཁ་བའི་གཤོག་པས་ཤེས་ཡོང་།།
མི་ཡི་ཡག་བཙོག་ཟེར་བ།།
མིག་གིས་མཐོང་ས་མ་རེད།།
 
ང་ཡི་ཕ་རོལ་དེ་ཡང་།།
ཁྱོད་ཀྱི་ཚུར་ངོགས་ཡིན་པ།།
གཡས་ནས་མདུན་དུ་སྐྱོད་དུས།།
གཡོན་ནི་རྒྱབ་གཟུགས་ཁེར་ཧྲེང་།།
 
རླུང་བུའི་དབུ་སྐྲ་དཀར་པོ།།
གཙང་པོ་ལས་ཀྱང་ཞེང་ཆེ།།
ཁྱོད་ཀྱི་འཛུམ་མདངས་མེད་ཚེ།།
ང་ཡི་ཤིང་གྲུ་འཐོར་སྲིད།།
 
སེམས་འདི་སྤྲིན་ལ་མ་ཆགས།།
ནམ་མཁའི་བྱ་ཡིས་ཁྲིད་ཆོག།
ཕྱི་དྲོའི་སྒེའུ་ཁུང་འགྲམ་དུ།།
ཁྱོད་རང་ལན་དགུར་དྲན་བྱུང་།།
 
དུས་ཚིགས་ཟེར་བའི་ལྷམ་ཆུང་།།
གང་སར་རྐང་རྗེས་ཕབ་འདུག།
རྨི་ལམ་ནང་གི་དགོད་སྒྲ།།
དངོས་སུ་ཐོས་ན་སྐྱིད་ཨང་།།
 
འདོགས་སའི་ཀ་རིང་མེད་ཀྱང་།།
ཉི་ཟླ་ལོ་ལས་རིང་བས།།
སྙིང་གཏམ་ཁོག་ལ་བསྒྲིགས་ནས།།
མི་འགྱུར་གླིང་ག་བསྐོར་ཡོད།།

                                                 ༢༠༢༡ལོའི་ཟླ༡༠ཚེས༡༢ཉིན་ཟི་ལིང་དུ་བྲིས།
ལྷོ་པ་འགྱུར་མེད་རྡོ་རྗེ། སྨྱུག་མིང་ལ་མཛེས་སེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཁོངས་ཀྱི་སྒོ་མེ་བར་མ་སྟེ་ལ་ཟེ་བ་གྲོང་རྡལ་གྱི་རྫོང་མགོ་གྲོང་སྡེ་རུ་སྐྱེས་ཤིང་། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་སུ་ལས་ཀ་སྒྲུབ་ཀྱིན་མཆིས། རྩོམ་རིག་གསར་རྩོམ་དང་ཡིག་སྒྱུར་ལ་ཞུགས་ནས་ད་བར་དུ་བོད་ཡིག་གི་ལྷུག་རྩོམ་དེབ༼གླིང་སྣེའི་ཁ་བ༽དང༼གྲོགས་པོ་འཁོར་ལོ་ལ་སྤྲིངས་པའིའཕྲིན༽ཞེས་པ་དང་། རྒྱ་ཡིག་གི་ལྷུག་རྩོམ་དེབ༼འགྱུར་མེད་རྡོ་རྗེའི་ལྷུག་རྩོམ༽དང༼ཕ་ཡུལ་དང་རྒྱང་རིང༽ཞེས་པ། བོད་རྒྱ་ཤན་སྦྱར་གྱི་སྙན་དེབ༼རྐང་ཐང་པ་ཞིག་གི་རྨི་བཤད༽ཅེས་པ་དང་། གཞན་ཡང་བསྒྱུར་རྩོམ་གྱི་དེབ་སོགས་དཔེ་དེབ་ཉི་ཤུ་ལྷག་ཙམ་པར་དུ་བསྐྲུན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཨུ་ཡོན་དང་དྲུང་ཆེ་གཞོན་པ་སོགས་ཀྱི་མིང་ཁུར་ཡོད། སྔ་རྗེས་སུ་སྦྲང་ཆར་གྱི་སྨྱུག་གསར་བྱ་དགའ་དང་ཟླ་ཟེར་གྱི་ལྷུག་རྩོམ་བྱ་དགའ། མཚོ་སྔོན་འབྲོང་རྩོམ་རིག་ལོ་ཙཱའི་བྱ་དགའ། ཐེན་ཅིན་གྱི་སུན་ལིས་ལྷུག་རྩོམ་བྱ་དགའ། རྒྱལ་ཡོངས་གངས་ཅན་བུམ་པའི་རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ། རྒྱལ་ཡོངས་རྟ་མཆོག་བྱ་དགའ་སོགས་ཐོབ་མྱོང་།
འབྲེལ་ཡོད་འོས་སྦྱོར།