སྨར་ཁམས་རིན་ཆེན་བཀྲ་ཤིས་ཀྱི་ལྷུག་རྩོམ་ཁག་གཉིས།
རྩོམ་པ་པོ།:སྨར་ཁམས་རིན་ཆེན་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-10-15
ཀློག་གྲངས།:
ཉི་ནུབ།
སྨར་ཁམས་རིན་ཆེན་བཀྲ་ཤིས།༼གཞིས་རྩེ།༽
ཉི་མ་ནུབ་རིར་ཡོལ་དུས་ཀྱི་ཕ་ཡུལ་ནི་ཧ་ཅང་སྙིང་དུ་སྡུག དེ་ནི་ཆུང་དུས་ཀྱི་ཕ་ཡུལ་བཞིན་ཕྱིར་མིག་གི་ཀློང་དུ་སྔར་ལས་གསེར་མདོག་གིས་འཚེར། དྲན་པ་ནི་དབྱར་དགུན་མེད་པ་ཞིག་ཀྱང་མ་རེད། མདོར་ན་དྲན་པ་ནི་སེམས་ཤིག་རེད། ཕ་ཡུལ་ཟེར་བ་ཡང་སེམས་ཤིག་རེད། ཡང་ན་བྱིས་དུས་ཀྱི་དྲན་པ་ཞིག་རེད། བྱིས་དུས་ལྟ་བུའི་ཕ་ཡུལ་ནི་ཉི་མ་རི་ལ་ནུབ་ཚུལ་ཡིན། ཕ་ཡུལ་གྱི་ཉི་ནུབ་ཁོ་ན་ལམ་ལ་མ་ཆས་སྔོན་གྱི་བསམ་གཞིག་གི་རྨུ་ཐག་ཅིག་རེད། ལམ་དུ་ཆས་པའི་གྱེས་བྲལ་གྱི་གདུང་བ་བཞིན། སྙིང་ལ་སྡུག་པའི་འཇིག་རྟེན་འདིའི་ཐུ་འོག་ན། གང་ཞིག་གིས་གཉོམ་དུངས་སེར། ཁྲ་ཀྲིག་གེར་ལྷག་པའི་ངའི་ཡ་ཆུང་སེམས་པ་འདི། ཕ་ཡུལ་དུ་ཚེས་པའི་དབྱར་ཟླ་འགོ་མ་ཞིག་རེད། གྱེས་བྲལ་ཟེར་བ་ཕ་ཡུལ་དྲན་བྱེད་ཀྱི་ལྡེ་མིག་ཅིག་ཡིན་ཨང་། ག་དུས་ཡིན་ཡང་དྲན་སྲིད་པ་ནི་བག་ཆགས་ཤིག་རེད། བག་ཆགས་དེའི་མིང་ལ་ཕ་ཡུལ་ཟེར། ལྷག་པར་དུ་བརྗོད་ཆོག་པ་ཡང་། དྲན་པ་ལ་མཐའ་མེད་པ་དེ་རེད། ལོ་ཟླ་ག་ཙམ་འགོར་ཡང་། སུན་སྣང་མེད་པར་དྲན་ངེས་པའི་དུངས་སེམས་ཤིག་རེད། རྣམ་རྟོག་གི་གཙང་བོའི་ཀོ་གྲུ་འདེད་ཞོར་ངས་རང་ཉིད་ཁེར་རྐྱང་གི་གླིང་ཕྲན་ཞིག་ཏུ་ཁྲིད། གླིང་ཕྲན་དེ་རུ་ངས་ཕ་ཡུལ་གྱི་ཉི་ནུབ་ལ་ཡང་ཡང་ལྟ་འདོད། ལྟ་འདོད་པ་ཁོ་ན་ཧམ་སེམས་ཤིག་ཏུ་གྱུར་སོང་། མདོར་ན་སེམས་ཁམས་ཤིག་ཏུ་གྱུར་སོང་།
བདག་གིར་མི་ཐུབ་པའི་སེམས་ཡན་འདི་ཉི་མ་རི་ལ་ནུབ་པའི་ཕང་སེམས་ཤིག དེ་ནི་སེར་ཧང་ཧང་གི་གནའ་བོའི་རྟོག་ལྗོངས་ཤིག་ཡིན་ཨང་། མ་རེད། ཉི་ནུབ་བདའ་ནས་བུད་སོང་བའི་བྱིས་པ་ཞིག་གི་གཏམ་རྒྱུད་ཡིན་ཟེར། རི་ཁའི་རྡེའུ་འབུམ་ཆུང་ངུ་དེ་དག་ལ་ཇི་འདྲའི་དུངས་ཀ་ལྷག་མ་ཞིག་ཡོད་ཨང་། འདི་ནས་བགད་མྱོང་བའི་འཛུམ་ཆུང་མཐའ་དག་སེམས་སྐྱ་མོ་ཐང་ལ་ལྷུང་བའི་གཞི་མ་རེད། སེམས་པའི་ལ་མོ་མང་པོ་བརྒལ་བའི་ཕྱི་ནང་དུ། ངས་ཕ་ཡུལ་ལྟ་བུའི་རྨི་ལམ་ཡང་ཡང་རྨིས། མདོར་ན། ཕྱིར་ཕ་ཡུལ་དུ་ལྡོག་པ་ནི་རྨི་ལམ་ཞིག་རེད། ང་ནི་ཕ་ཡུལ་གྱི་པང་བར་ལྡོག་པའི་བྱ་ཞིག་ཡིན་ན་བསམས་བྱུང་།
བློས་བསླངས་ཀྱི་འཇིག་རྟེན་འདི་གླུ་སྐད་མེད་པའི་གྲོང་ཁྱེར་གྱི་རྡོ་ཁང་བཞིན། ཡོད་ཚད་ནད་པར་གྱུར་འདུག ཡང་ན། འདི་ནི་འཕྲུལ་སྣང་ཞིག་ཡིན་ནམ། དྲན་གདུང་ཟེར་བ་མེད་དུས་ཤིག་ལ། ཕ་ཡུལ་ཟེར་བ་ཞིག་གང་ན་ཡོད། ར་བཟི་བའི་རྟོག་བཏགས་ཀྱི་རྒྱལ་ཁམས་འདིར་རློམ་སེམས་ཡེ་ནས་བྲལ། ངས་གདོད་མའི་རང་བྱུང་ཁམས་ལ་ལྟ་འདོད། རང་བྱུང་ཁམས་ཀྱི་ཉི་ནུབ་ལ་ལྟ་འདོད། ཕ་ཡུལ་གྱི་ཉི་ནུབ་ལ་སྔར་ལས་ལྟ་འདོད།
ཉི་ནུབ་དང་འབྲེལ་བ་ཡོད་པ་དག་ཡིད་ཀྱི་ཀོང་བུར་འདྲེས་དུས། དྲན་ཤེས་ཀྱི་རླུང་བུ་རི་མགོའི་སྨུག་སྤྲིན་བཞིན་ཡང་ཡང་འཐིབས། ནམ་ཞིག་གི་ཚེ་ང་ལ་དགོད་སྒྲ་དང་མིག་ཆུ་མེད་དུས། ང་རང་འགྱུར་ཚར་བ་ཡིན། ཡང་ན་འཇིག་རྟེན་འདིའི་ཡོད་ཚད་འགྱུར་ཚར་བ་ཡིན། ཡིན་ནའང་། ཆེས་བརྗེད་མི་སྲིད་པ་ནི་ཕ་ཡུལ་གྱི་ཉི་ནུབ་བཞིན། ཕ་ཡུལ་དྲན་ཚུལ་ཁོ་ནས་མཚོན། ལམ་ལ་ཆས་དུས། ངས་ཅི་ཞིག་གིས་ཟིལ་བ་ཁྲོམ་མེར་ཡོད་པའི་ཕ་ཡུལ་ཡང་ཡང་དྲན་བྱུང་།
རྒྱང་རིང་ནི་གྱེས་གདུང་ལས་བྱུང་ངམ། གང་ལྟར། བར་ཐག་གིས་ཆོད་པ་ནི་དྲན་གདུང་རིང་མོ་ཞིག་ཡིན་ངེས། ཕ་ཡུལ་དང་འབྲེལ་བའི་ཉི་ནུབ་ནི། ནང་སེམས་སུ་བྱིས་དུས་ལྟར་ཞེ་ལ་འདྲིས། ས་མཐའ་ལྟ་བུའི་གཏམ་རྒྱུད་ཀྱི་རྗེས་ཤུལ་ནི། སུན་སྣང་མེད་པའི་དྲན་ཤིང་ཞིག་ཡིན། དྲན་ཤིང་ནི་ཕ་ཡུལ་ལས་བཅུས་ཤིང་། སྡུག་གུར་བཞད་པའི་མེ་ཏོག་བཞིན་ཡིད་དུ་འོངས། གྱེས་བྲལ་གང་ཞིག་གི་སྔ་གཞུག་ཏུ། ཕ་ཡུལ་གྱི་ཉི་མ་ནུབ་ཚུལ་ཁོ་ན་བློས་མི་ཐོངས་པའི་གདུང་བ་ཞིག་ཡིན་ཨང་། འདུ་ཤེས་ཀྱི་ཁམས་སུ་ངས་གདུང་བ་དེ་དག་ཡིད་སེམས་ཀྱི་ཟབ་སར་བསྣམས་ནས་ཕ་ཡུལ་ལ་གྱེས་བརྡ་བཏང་། གྱེས་བརྡ་གཏོང་ཚུལ་ནི་མ་བྲིས་སེམས་ཀྱི་རི་མོ་ཁོ་ན། ཕ་ཡུལ་ལགས། ནང་སེམས་ཀྱི་ལོག་མལ་ཡ། ཁྱེད་རང་ངའི་སེམས་སུ་བཞུར་བའི་དྭངས་གསལ་གྱི་རྫ་ཆུ་ཞིག་ཡིན་ཨང་།
༢༠༡༩/༢/༢༦ཉིན་ཙོང་ཁ་ནས།
རྒྱང་བཞུད་ཀྱི་གཙང་བོ།
དབྱར་ཐོན་གྱིན་ཡོད་ནའང་། ཡོད་ཚད་དགུན་ཟླ་རིང་མོ་ཞིག་ཡིན་པའི་ངེས་ཤེས་སྐྱེས། སྐྱིད་ཆུའི་འགྲམ་གྱི་གྲམ་གཞུང་སྐམ་པོ་དེར་བསྐྱོད་པ་ནང་བཞིན། ང་ལ་ཅི་ཞིག་ལྷག་ཡོད་ཨང་། སྟོང་བསམ་གྱིས་བསླུས་པའི་ཟང་ཟིང་གི་འཇིག་རྟེན་འདི་དང་འདྲ་བར། ངལ་གསོའི་བདེ་བ་ཕྲན་ཙམ་ཡང་མི་སྟེར་བའི་སྐབས་སུ། ང་གྲམ་གཞུང་སྐམ་པོ་འདི་བརྒྱུད་ནས་ཡང་ཡང་སོང་། ཐ་ན་སེམས་པ་འདི་ཡང་གྲམ་གཞུང་སྐམ་པོ་ཞིག་དང་འདྲ་ཨང་།
བུམ་པ་རིའི་རྩེ་རུ་དར་ལྕེ་ལྷབ་ལྷུབ་དུ་བསྐྱོད་ཚུལ་ནི། ཐང་སྟོང་གི་རྨི་ལམ་ཉུལ་བའི་ལས་སྐལ་ཡིན་ནམ། འཁྱགས་ཤིར་ཐེབས་པའི་དུས་ཚོད་ཀྱི་སེམས་གཅོང་ཐུ་མོས། ཉིན་མཚན་ངེས་མེད་ལ་གདུང་དབྱངས་བླངས། ངས་ཀྱང་མཐོན་པོ་རི་ནས་རླུང་རྟ་ག་ལེར་བསྐྱོད་མྱོང་ལ། དམའ་མོ་ཐང་ནས་སྨོན་ལམ་ཡང་ཡང་བཏབས་མྱོང་། ཐ་ན་ལྷ་བསང་ལྟ་བུའི་ལྷག་བསམ་རེ་རེ་སྐྱིད་སྡུག་འདྲེས་མའི་སྙིང་གཏམ་དུ་སྨིན་མྱོང་བ་སུ་ཞིག་གིས་ཚོར་ཨང་། ཡིན་ཡང་། ཉི་མ་དང་ཁ་ཐག་ཆེས་ཉེ་བའི་བག་ཆགས་ཀྱི་ཞིང་ཁམས་འདི་ངའི་གཏན་གྱི་སྨོན་འདུན་ཡིན་པ་ལས། འགྲེལ་བཤད་ཅི་ཡང་རྒྱག་མི་འདོད། སྨོན་འདུན་རེ་རེའི་ནང་དུ་ངའི་རི་ཆུ་ནགས་གསུམ་གྱི་མིང་ཐོ་འབྲི་འདོད། རང་ཉིད་ཀྱི་སེམས་པ་འབྲི་འདོད།
ནམ་རྒྱུན་སུན་སྣང་གིས་དུབ་པའི་སྐབས་སུ། སྐྱིད་ཆུའི་ཕ་རོལ་གྱི་སྡུག་གིས་བཟུང་བའི་བུམ་པ་རིར་རྒྱང་ལྟ་བྱས་པ་ཡིན། མཚམས་ལན་རེར་ང་རང་རྒྱང་བཞུད་ཀྱི་གཙང་བོར་འདྲེས་ནས་རྒྱང་རིང་ཞིག་ཏུ་བུད་སོང་། རྒྱང་ཐག་རིང་བའི་གདོད་མའི་ཞིང་ཁམས་ཤིག་ཡིན་པ་འདྲ། ངས་རྒྱང་རིང་གི་ཞིང་ཁམས་དེ་རུ་ཐབ་རྡོ་ཆ་ཞིག་བཙུགས། སྨྲེང་སེམས་ཀྱི་འོ་ཇ་བསྐོལ་བཞིན་ཐོམ་བུས་ཡང་ཡང་དཀྲུགས་ཤིང་། བློས་བསླངས་ཀྱི་སེམས་པས་ཁེར་རྐྱང་ལ་ཕོ་བྲང་བཞེངས། ཡིན་ནའང་། བསམ་གཞིགས་ཀྱི་རླབས་རྒྱུན་ཞིག་གིས་ང་རང་འདུ་འཛུ་མང་པོའི་གསེབ་ཏུ་དེད། སྐབས་འདིར་ང་ལ་ཅི་ཡང་མི་འདུག ང་ལ་ཨ་ཅེ་གསེར་མོ་མཚོ་དང་དངུལ་མོ་མཚོའི་ཐོམ་བུ་ཆུ་ནང་ལྷུང་བ་ལྟ་བུའི་སྐྱོ་བ་ཞིག་ལས་ལྷག་མི་འདུག བདག་གི་ཞིང་ཁམས་ལགས། མཐར་མཇུག་གི་ལོག་མལ་གང་དུ་ཡོད།
རྒྱང་བཞུད་ཀྱི་གཙང་བོ་མུ་ནས་མུ་རུ་བཞུར་སོང་། ཨ་ལན་མེད་པའི་རི་བོ་དག་གིས་སྐད་ཆ་ཅི་ཡང་བཤད་རྩིས་མི་འདུག འདི་ནི་གཏམ་རྒྱུད་ཅིག་ཡིན་ནམ། གཏམ་རྒྱུད་ཅིག་ཡིན་མི་སྲིད་ཨང་། ངས་ཁེར་རྐྱང་གི་གྲམ་གཞུང་འདིར་རྡེའུ་ཡང་ཡང་སྒྲུགས་དུས། ངའི་སེམས་པ་འདི་རྡེའུ་འཁྱགས་པོ་ཞིག་ཏུ་གྱུར་སོང་།
ང་ལ་ཅི་ཡང་མ་འདྲི། ཁུ་སིམ་སིམ་གྱི་ལོ་ཟླ་འདི་ཁྲེལ་མེད་ཅིག་རེད། ཉི་འོད་ཀློང་གི་ཞིང་ཁམས་ལ་འདྲི་འདོད་པའི་སྐད་ཆ་དག ཉི་འོད་ཀྱི་ཞིང་ཁམས་ལ་དྲིས་ཤིག ངས་དུས་ཚོད་ཀྱི་གསལ་བཤད་ལ་བསྒུག་འདོད་གཏན་ནས་མེད། གལ་སྲིད་བསྒུག་དགོས་པའི་དབང་དུ་བཏང་ཡང་། དེ་ཡི་མིང་ལ་འཆི་བ་ཟེར་ངེས། འཆི་བ་ནི་ལོ་རྒྱུས་རེད། ངས་འཆི་བ་ལྟ་བུའི་ལོ་རྒྱུས་བཀླག་མི་འདོད།
རྒྱང་བཞུད་ཀྱི་གཙང་བོའི་མཐའ་རུ་གང་ཞིག་ལུས་འདུག་གམ། འདས་ཟིན་པའི་བྱ་ཚིག་དག་སྐྱོ་གར་གྱིས་ཁེངས་པས། ངས་ཅིས་ཀྱང་ད་ལྟ་བའི་ཡིག་ནོར་མཐོང་མི་འདོད། གྲམ་གཞུང་སྐམ་པོ་འདི་ནས། ངས་དྲན་གདུང་མཐའ་དག་གཞས་སུ་བཀུག་ནས་གདོད་མའི་གཙང་བོའི་གཞུང་དུ་སྐུར་ཞིང་། བྱིས་དུས་ཀྱི་རང་ཉིད་རྙེད་པའི་སྨོན་འདུན་བཅངས།
ལྷ་སའི་ཉི་འོད་ཇི་འདྲའི་དྲོ་ནའང་། ངའི་སེམས་པ་སྔར་བཞིན་འཁྱགས་པར་གྱུར། ལྷ་སའི་ནམ་མཁའ་ཇི་འདྲའི་གཡའ་དག་ནའང་། ངའི་སེམས་པ་སྔར་བཞིན་སྐྱོ་བར་གྱུར། ང་རང་ཁ་གཡང་ལྟ་བུ་ཞིག་གི་དབང་དུ་འཚོ་མི་འདོད། ཡོད་ཚད་ཁ་གཡང་ལྟ་བུའི་བསླུ་བྲིད་ཅིག་ཡིན་པས། ངས་གཏན་དུ་ངོ་འབག་གྱོན་འདོད་མ་བྱུང་ལ། ཁེར་རྐྱང་གི་གཙང་བོ་བཞིན་རྒྱང་རིང་དུ་བཞུར་ན་སྙམ་སོང་།
གང་ཞིག་ཏུ་གྱེས་སོང་བ་འདྲ་བོའི་རྒྱང་བཞུད་ཀྱི་གཙང་བོ་ལགས། ང་ལ་ཏོག་ཙམ་སྒུག་རོགས། ངས་ཁྱེད་ལ་ད་དུང་ཕ་ཡུལ་ལྟ་བུའི་འཕྲིན་པ་ཞིག་སྐུར་འདོད། ངས་འཕྲིན་ཆུང་ཞིག་ཡིག་ཤུབས་སུ་བཅུག་ཡོད། དེའི་ནང་དུ་ཨ་མའི་འཛུམ་མདངས་དང་ཨ་ཕའི་དགོད་སྒྲ་བྲིས་ཡོད་ལ། གཙང་བོ་ལྟ་བུའི་སེམས་པ་ཞིག་ཀྱང་བྲིས་ནས་རྒྱང་བཞུད་ཀྱི་གཙང་བོ་ཁྱེད་རང་ལ་སྐུར་ཡོད། གྲམ་གཞུང་སྐམ་པོ་འདི་ནས། ངས་རྒྱང་བཞུད་ཀྱི་གཙང་བོར་ཡང་ཡང་བལྟས། དཔེ་མི་སྲིད་པའི་སྨོན་པ་རེ་རེ། ངས་གཙང་བོ་ལྟ་བུའི་མི་རེ་རེ་ཕུལ་བའི་གསོལ་འདེབས་ཡིན་ཞིང་། རྡོ་བ་འཁྱགས་པོ་ལྟ་བུའི་རང་ཉིད་ལ་ཕུལ་བའི་དྲན་ཤིང་ཡང་ངོ་།།
༢༠༡༩/༤/༢༥ཉིན་ལྷ་ས་ནས།
སྨར་ཁམས་རིན་ཆེན་བཀྲ་ཤིས། བོད་མདོ་སྨད་ཁྲི་ཀའི་ཡུལ་གྱི་རྐང་ཚའི་སྨར་ཁམས་ཚོ་བའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས། ཕྱིས་སུ་བོད་ཁམས་ཀྱི་སློབ་གྲྭ་ཁ་ཤས་འགྲིམས་པའི་སྐལ་བ་བྱུང་ཞིང་། ༢༠༡༧ལོར་གྲོང་ཁྱེར་ལན་ཇུའི་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན། ༢༠༢༠ལོར་ཡུལ་དབུས་ལྷ་སའི་བོད་ལྗོངས་སློབ་ཆེན་ནས་སློབ་མཐར་ཕྱིན། ༢༠༡༩ལོར་ཨ་རུ་སི་ཏོལ་གྱི༼སྙན་ངག་རིག་པ༽དང་། ཧི་ར་སིའི༼སྙན་ངག་གི་སྒྱུ་རྩལ༽གཉིས་བོད་འགྱུར་གནང་། རྩོམ་རིག་བརྩམས་ཆོས་ཁ་ཤས༼སྦྲང་ཆར༽དང༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽ ༼མཚོ་སྔོན་བོད་ཡིག་གསར་འགྱུར༽ ༼གངས་རྒྱན་མེ་ཏོག༽ ༼གངས་ཀྱི་རོལ་དབྱངས༽ ༼ཟླ་ཟེར༽༼གངས་དཀར་རི་བོ༽ ༼ཁྲི་ཤོར་རྒྱལ་མོ༽ ༼བུམ་པ་རི༽༼ལྗོན་དབང༽ ༼འདབ་ལྡན༽ ༼སྤང་ལྗོངས༽ ༼ཤྭ་སྐྱ༽སོགས་བོད་ཀྱི་དུས་དེབ་དང་ཚགས་པར་སྟེང་བཀོད་མྱོང་ལ། ད་ལྟ་རི་བོ་ཇོ་མོ་གླང་མ་དང་ཐག་ཉེ་བའི་གྲོང་ཁྱེར། གཞིས་ཀ་བསམ་འགྲུབ་རྩེ་རུ་སྐད་ཡིག་དགེ་རྒན་དཀྱུས་མ་ཞིག་གི་ལས་ལ་གཞོལ་མུས་ཡིན།
འབྲེལ་ཡོད་འོས་སྦྱོར།