ས་དམར་གྲགས་པའི་སྙན་ངག་ཚན་པ་དགུ།
རྩོམ་པ་པོ།:ས་དམར་གྲགས་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-10-18
ཀློག་གྲངས།:
བླ་མ་མ་ཎི།
ས་དམར་གྲགས་པ།༼ལྷ་ས།༽
དགུན་དུས་ཀྱི་ཞོགས་པ་དེར།ཁང་པའི་ནང་གི་ཚ་དྲོ་མ་ལུས་ཤེལ་དྲའི་ངོས་སུ་འབྱར།
རི་དང་གཙང་བོ་ཡོད་ཚད་ཀྱང་ཤེལ་དྲའི་ངོས་སུ་བཙངས།
ཧད་དེ་བསྡད་པའི་ཉི་འོད་ཀྱི་ལག་པ་ཁོ་ནས།
རླངས་པ་ཕྱིས་ཏེ་གྲིབ་མ་འཛིན།
ལྷ་ཐེ་བོང་འདྲ་ཞིག་སེམས་ལ་བསྒོམས་རྗེས།
ཆོས་ཀྱི་ཆོ་ག་གང་དེའི་མགོ་མཇུག་དབར་གསུམ་པོ།
རང་ཁོ་ནར་དབང་བའི་དག་སྣང་གིས།
ལྷ་སྐུ་དེར་ཁ་མིག་ལྷ་མ་ཞིག་བྲིས།
ཀ་ཏོ་རའི་ནང་གི་གདོང་དང་སྙིགས་ཆུ་གཉི་ག་བཤོས་རྗེས།
ས་འོག་གི་སྦུ་གུའི་ནང་ནས་རང་ཉིད་འཚོལ་དོན་ག་རེ་ཡིན་ན།
རྡོ་བའི་ཁོག་གི་འོད་ཟེར་རུལ་སོང་བ་དེའང་།
རླངས་པར་གྱུར་དོན་ག་རེ་ཡིན་ན།
ལྷ་སའི་རུམ་ཁ་ནས་འོད་ཟེར་འཁྲུངས་ཀྱང་།
ཁ་གྲགས་དུས་རྫིག་ཉམས་ཆེ་བའི་སྐུ་ཞབས་ཁོང་གིས་ཀྱང་།
གྱད་མིའི་ཚུགས་ཀ་ཤོར།
བླ་མ་མ་ཎིའི་ངག་གི་གཤོག་པ་ལས་རྒྱ་ཡན་དུ་ཤོར་བ།
སངས་རྒྱས་ཁོ་ནས་མཐོང་བའི་ལྷ་སའི་ས་ཁྲ་ཡིན་ནམ།
མཆོད་ཁང་དགོན་པར་བཅོལ་ཡོད།
ལྷ་ཁང་སྲུང་མཁན་ཨེ་ཡོད།
ཁ་རླངས་ཀྱི་ནུས་པ་ཟད་རྗེས།
ཀོ་ཐུམ་བརྒྱབ་པའི་སྐད་གདངས་ཆ་མེད་དེ།
སྒྲ་ཡི་སྣེ་མོར་འཇུས་ཏེ་ང་ཡི་སེམས་རྩ་དྲུད།
འོད་ལ་ཞེད་པའི་རྣམ་ཤེས་ཤིག
ལུས་ཀྱི་དཀྱིལ་འཁོར་ལས་ཕྱིར་བུད།
གྲིབ་མས་དྲུད་པའི་རླུང་བུ་ཞིག་གིས།
ལས་ཀྱི་སླེ་བོ་ལས་རྡོ་བ་ཞིག་ས་རུ་ཕོག
ངལ་བས་ལུས་པོ་སྦྲིད་ཀྱང་།
སེམས་གཅོང་གནང་དོན་མི་འདུག
རྡོ་བར་སེམས་པ་མེད་ཀྱང་།
ལས་ཀྱི་གྲུ་ཁ་ལྟ་བུའི་ཚེ་ཡི་མཐུད་མཚམས་འདི་ནས།
བྱ་རྡོ་ལམ་ནས་ཕྲད་པ་ལྟར།
གྲིབ་མའི་གྲིབ་མ་དེ་ཡིས།
བྲང་གི་སྒྲོག་གུ་གྲོལ་ལོ།།
༢༠༡༧།༩།༢༥། ལྷ་ས།
ཚེས་རིས།
མཆིན་པས་ནང་ཁོག་ཏུ་གཙེས་པའི་ཚ་བ་ཆེ་རུ་ཕྱིན་སོང་ངམ།ཁ་འདོན་གྱི་མཚམས་དེ་གང་ལ་ཐུག་སོང་།
དོ་ནུབ་ང་རང་གཞི་ནས་གྲང་བ་ཚོར་བྱུང་།
ཁྱོད་ཀྱི་ཤ་ཁྲག་གི་ཚ་དྲོད་ལ་ང་ཡིས་སེམས་པ་སྦྱར་མྱོང་བས།
རུས་པའི་གཏིང་ནས་གྲང་བྱུང་།
སྡིག་པའི་ནང་ནས་སྐྱེས་པའི་ངས།
ཁྱོད་རང་སེམས་སུ་མེ་སྒོང་ལྟར་དུ་བརྒྱབ།
ཚ་བེར་བེར་གྱི་ལག་པ་དེ་ལས་ཡལ་སོང་བའི།
རྡོ་བ་གྲང་མོར་ཆགས་སོང་སྐད།
ཁོ་མོའི་གྲོད་ཁོག་ནང་གི་མེ་ཚ་མོ་དེ།
ཁ་རླངས་བཞིན་དུ་གྲང་རྗེས།
སུ་ཞིག་གིས་ཁྱོད་ཀྱི་སྐུ་ཚབ་བྱས་ཏེ།
ཁོ་མོའི་ལག་པ་དྲོའམ།
དོ་ནུབ་ང་རང་གཞི་ནས་གྲང་བ་ཚོར་བྱུང་།
ཁ་འདོན་གྱི་མཚམས་དེ་གང་ལ་ཐུག་སོང་།
ཚེ་ཡི་ལ་མོ་བརྒལ་རུང་།
མིག་གིས་ཕར་ལ་གཟིགས་དང་།
མཆོད་མེ་བརྒྱ་རྩ་དེ་ཡིས།
ཨ་མའི་རུམ་ཁ་རྙེད་ཡོང་།
༢༠༡༧།༨།༢༧། ལྷ་ས།
འཁོར་བ་འཚེམ་དྲུབས་མ།
སངས་རྒྱས་ནི་འཁོར་བའི་ནང་གི་མི་ཞིག་ཏེ།བློས་བསླངས་ལ་ཤིན་ཏུ་མཁས་པའི་འཇིག་རྟེན་བ་ཞིག་གོ།
དམྱལ་བར་བྱུགས་པའི་དྲི་མ་དེ།
བདེ་བ་ཅན་གྱི་གཏམ་དང་ལྷན།
དྲ་བ་གཅོད་པའི་རལ་གྲི་བཞིན།
ངར་གྱིས་ནུས་ན་བདེ་བ་རྙེད།
རྒྱུ་འབྲས་ཁ་ཡིག་གསལ་ན།
འཁོར་བ་རང་ལ་དབང་།
༢༠༡༧། ལྷ་ས།
སྒྲ་ཡི་གོང་བ།
ང་ནི་མིང་ཚིག་གིས་བཞུས་པའི་འཇའ་ཡི་ཁང་པ་ཞིག་སྟེ།དབུལ་ཕོངས་ལས་རྟེན་འབྲེལ་གྱི་མིག་སྣེ་གསེད།
ཆུ་ལ་ལྷུང་བའི་ཟླ་བ་དེ།
འུར་ཆའི་སྒྲ་ཡིས་ཧྲག་གེར་བཅག
ས་དང་རྡོ་ལས་གྲུབ་པའི་རི་དང་ལུང་པའི་བརྡ་སྤྲོད།
སེན་མོས་བཤུས་པའི་སེམས་ཀྱི་པགས་པ།
འཆི་བ་བོར་བའི་རྟ་ཕོ་ཞིག་གིས་རླུང་གི་གཤོག་པ་བཅད།
མེ་ཏོག་པདྨའི་ཡལ་ག་དག་ལས་རྡོ་བ་འབུས།
སྨུག་པ་རི་རྩེར་ཞོན་པའི་རྟ་པ་འདྲ།
རླུང་བུས་སྲབ་མདའ་ཇི་ལྟར་ཀློད་ཀྱང་རུང་།
མཚན་མོའི་གཙང་བོ་དཀར་པོ་དེ།
དགུན་གྱི་ཁ་བ་བཞིན་ང་ཡི་སྙིང་གི་རྫ་ལ་ཆགས།
སོ་ཡིས་བསྣུན་པའི་སྣང་བའི་རྨི་ལམ་ཡང་།
ཇི་ལྟ་ཇི་སྙེད་གང་དེ་མ་ལུས་པ།
དབྱིག་ནོར་ཁང་གི་རྫས་སུ་གྱུར།
ཤ་དང་པགས་པའི་གསེང་དུ་འཛུལ་བའི་ལག་པ།
མེ་བཙའ་རུས་ལ་ཟུག་པ་ལྟར་ང་ཡི་སྙིང་གི་རུས་པ་གས།
མེ་ཏོག་གི་ལོ་མ་ལས་མཆི་མ་འཁྲུངས།
བྲང་ངོར་ཟུག་པའི་དྲན་པ་དཀར་པོ།
ཚོན་གྱིས་མ་གྲུབ་གཟུགས་ལས་འདས་པས།
བསུབས་པའི་འོད་ལ་གྲིབ་མ་མེད་ཀྱང་།
ཚིག་གི་བརྡ་ལ་སྒྲ་ཡིས་རྒྱན་ནོ།།
༢༠༡༧།༩།༣། གཡོས་ཁང་།
མུན་པར་བྱུགས་པའི་འོད།
སྡིག་པའི་ཝ་མོ་རྒོད་ཚུལ་ག་ལེར་གསུང་དང་།ལག་པའི་རི་མོས་བཞེངས་པའི་ལྷ་ཁང་དེ་ཡང་།
མིག་ཚེ་ནང་གི་སྒམ་དུ་བཅུག་པ།
གསང་བའི་མགུར་ལ་བརྒྱུས་པའི་གཡུ་ཆུང་འདྲ་ལེ།
ཚིག་གི་ཁན་དས་སྦྱར་བའི་སེམས་ཀྱི་རི་མོ།
ཁང་གསར་དག་པའི་ཞིང་དུ་ཡིད་གཞུངས་འཁྱིལ་འདྲ།
རུས་པའི་ངལ་བ་ངག་གིས་གསོལ་ཏེ།
ཁྲུང་བཞེས་གནང་དང་།
མུན་པའི་གསེབ་ཏུ་སྐྱེས་པའི་གཟི་འོད་དྭངས་མོ།
ཕ་ལམ་ས་ལ་ཐོར་བའི་མགུལ་རྒྱན་འདྲ་ལེ།
སྲོག་ལ་གླན་པའི་ལྷན་པ།
སྐར་ཆུང་སྒྲོག་གུ་འདྲ་བྱུང་།
ལེགས་ཚོགས་འཛོམས་པོ་བྱུང་ན།
ཤི་རུང་དམྱལ་བར་ཅི་སྐྲག
༢༠༡༧། གཡོས་ཁང་།
ཚིག་གིས་མེ་ཁ་གསོས་པ།
ཚེ་སྲོག་གི་ལོངས་སྤྱོད་ལས་མ་སྨིན་པའི་རྡོ་བ་དེ།ས་དང་རྡོ་ཡིས་བརྩིགས་པའི་སྙིང་སྲོ་བྱེད་ཀྱི་ཐབ་ཀ་དེའོ།།
རྩེ་སྐོར་གྱི་མི་ཚོགས་ནི་ཁབ་དང་སྐུད་པ་འདྲ་ལེ།
ཞོལ་དང་ཀླུ་ཁང་གཉིས་པོ་འཚེམ་བཞིན་གདའ།
ལག་སྣེར་འཇུས་པའི་རླུང་བུ་འདི་ཡང་།
ས་ཡི་རླངས་པར་ཆགས་པའི་མེ་ཏོག་གི་འདབ་མ་འདྲ།
སེམས་ཀྱི་མ་རིག་པ་མང་པོའི་མཐོང་སྣེ་བསྡོགས་ཏེ།
ཚེ་རབས་འདིར་ཚིག་གིས་མེ་ཁ་གསོ།
ལག་སྣེ་ཕར་ལ་བསྲིངས་པས།
གཡུ་ཐོག་ཟམ་པར་རེག་བྱུང་།
སེམས་པ་དེ་རུ་སྦས་ཀྱང་།
ཆང་མ་ལགས་དང་མ་མཇལ།
ཆང་ལ་མིག་ཆུ་ཡོད་ན།
མིག་མཐའ་སེམས་ཀྱིས་དབྱི་ཆོག
ང་ནི་མ་གཞི་ནས་རྡོ་ཡི་ཁང་སྟོང་ཞིག་སྟེ།
སྒོ་དང་སྒེའུ་ཁུང་གཉི་ཀ་མེད་པའི།
ལྷ་ཁང་སྟོང་པ་དེའོ།།
༢༠༡༧། ལྷ་ས།
འཆི་བའི་རོལ་དབྱངས།
___ཨ་རི་ལ་ཕུལ་བའི་སྙན་ངག
བརྙན་འཕྲིན་གྱི་འཆར་ངོས་ནས་ཡར་བའི་མིག་ཆུ་གཅིག་གིས།
དབྱངས་ཀྱི་སྐུད་པ་ང་དྲུག་ཧད་ཀྱིས་བཅད།
འཆི་བའི་ཞེད་སྣང་ལས་ཐར་བ་ཐོབ་པའི་ཡུལ་འདིས།
ཡུལ་དེའི་འཆི་བ་འགོག་མ་ནུས།
ང་རང་ཤན་པ་ལ་མི་སྐྲག
གྲི་རྡུང་མཁན་གྱི་མགར་བ་ལ་སྐྲག
རང་དབང་གི་ནམ་མཁའ་ནས་བབས་པའི་མདེའུ་དེ།
གལ་སྲིད་ཁ་བ་ཡིན་ན།
ནམ་མཁའ་དཀར་པོའི་ངག་ནས།
ཁྲག་གི་དབྱངས་གྱེར་མི་སྲིད།
༢༠༡༧།༡༠།༣། གཡོས་ཁང་།
འཆི་བའི་རི་མོ།
དུ་བའི་གོས་ཐང་ངོས་ཀྱི་ཉི་འོད་དེ་སྐམ་སོང་།ལག་རས་གསར་པའི་ཁུག་གི་ཆུ་ཐིགས་ཤིག་དང་འདྲ་བར།
སྐུད་པས་མ་ཟོས་པར་རྡུལ་ལ་ཐིམ།
ཁ་རླངས་ཀྱིས་བསྲོས་པའི་རྡོ་བ་དེ།
བྱ་རྒོད་ཀྱི་གཤོག་པར་འཇུས་ཏེ་རྒྱང་ནས་རྒྱང་དུ་ཡལ།
དུ་བའི་སྐུད་པ་ཕྲ་ཞིང་ཕྲ་བ་དག
ཡི་གེའི་ངག་ལ་བརྒྱུས།
རི་མོ་ལས་ལྷ་འབབ་སའི་སྐས་འཛེག་བཙལ་མཁན་གྱི་མི་དེ།
ཤན་པ་ཞིག་གི་སྒོ་ཁ་ནས་སངས་རྒྱས།
ཤིང་ལེབ་ངོས་ཀྱི་ཟླ་བར་གསེར་གྱི་མིག་གཉིས་ཕུལ་ན་ཡང་།
མུན་པའི་གསེང་གི་སྒྲོག་གུ་དེ་སྐར་ཚོགས་ཀྱིས་ང་ལ་གནང་།
འོད་ལ་རེ་བའི་ལུས་པོ་འགུལ་ཙམ་གྱིས།
ངག་གི་ཕྱུ་བ་ཐལ་བས་མནན།
གའུའི་ནང་གི་ལྷ་སྐུ་སྐྱ་ཐིག་ཅན་དེ།
གཙང་བོའི་རླབས་ལས་ཡར་ཡར་འཕག་ཀྱང་།
རྒྱུ་སྣེ་རྣག་གིས་ཟིན་པས།
དབུགས་ཆད་དོ།།
༢༠༡༧།༡༠།༡༠། གཡོས་ཁང་།
ཁ་རླངས།
སྒྲུང་གི་ཤང་རྟ་ལས་བབས་པའི་མགྲོན་པོ་སྐོར་ཞིག་ང་ཡི་རུམ་ཁར་འབྱོར།གོས་ཆེན་ལྗང་སེར་གྱོན་པའི་བུ་མོ་དེ་གནས་མ་ཞིག་རེད་བཞག
མེ་ཏོག་གི་མཆུ་སྒྲོས་ལ་འགོས་པའི་ཟིལ་བ་རླུང་གིས་ཁྱེར་རྗེས།
ང་ཡི་བྲང་རུས་ལ་གས་ཀ་ཤོར།
ར་སའི་སྤྱི་གཙུག་ཏུ་བབས་པའི་ན་རོ་དེ་ནམ་མཁར་གཤེགས་པ་ནས།
འདི་གའི་རྒྱ་མཚོའི་ངོས་ཀྱི་རླངས་པ་སྐམ།
ཡི་གེ་དག་རེ་རེ་བཞིན་ངག་མི་སྨྲ་བར།
ཁ་རླངས་ཀྱི་གསེང་དུ་འཛུལ།
འཁོར་བའི་ངོ་བོ་ལྟར་གྲུབ་པའི་ང་ཡི་ལག་པ་ཡ་གཅིག
གཟུགས་འདས་ཀྱི་ངལ་བས་བསྒུལ།
གྲོགས་པོ་ཚོས་རང་རང་གི་འཇུར་སྒྲོག་གི་སྣེ་མོར་འཇུས་ཏེ།
ཉི་མའི་འོད་ཟེར་གྱིས་དེད་པའི་ཆུ་རིས་འགམས།
འཁོར་བ་ལས་བྲོས་ནས་ཐར་བའི་རྟ་བ་དེ།
ང་ཡི་རྨི་ལམ་དུ་ཕེབས།
འདབ་མའི་སྟེང་གི་ཟིལ་བ་ཁོ་ནས།
ནམ་མཁའ་སྲུང་ནས་བསྡད།
༢༠༡༧།༡༠།༡༥། གཡོས་ཁང་།
ས་དམར་གྲགས་པ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ལོ་རབས་བརྒྱད་བཅུ་པའི་ནང་སྐྱེས། རྩོམ་རིག་གི་བྱས་འབྲས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་དུས་དེབ་དང་ཚགས་ཤོག་སྟེང་སྙན་ངག་གཙོ་བོས་བརྩམས་ཆོས་དྲུག་བརྒྱ་ལྷག་བཀོད། སྔ་རྗེས་སུ་སྐབས་གསུམ་པའི་ཟླ་ཟེར་རྩོམ་རིག་བྱ་དགའ་དང་། རྒྱལ་ཡོངས་སྐབས་དང་པོའི༼ཐུ་བྷོད་སྙན་ངག་མཁན་པོའི༽མཚན་སྙན་བྱ་དགའ་དང་། ༢༠༢༠ལོའི་དབྱི་ཐ་ལིའི”རྒྱལ་སྤྱིའི་གསེར་སྨྱུག་བྱ་དགའ”སོགས་ཐོབ། ལྷུག་རྩོམ་སྙན་ངག་དེབ༼སེམས་ཚེགས༽དང་། སྙན་ངག་དེབ༼རྨི་ལམ་ནང་གི་འོད་ཁང་༽དང་། ༼གཡོས་ཁང་གི་མདོ༽དང་། རྒྱ་ཡིག་གི་སྙན་ངག་དེབ༼འོད་ཀྱི་སྒྲོག་གུ༽སོགས་དེབ་བཞི་པར་དུ་བསྐྲུན། བརྩམས་ཆོས་རེ་འགའ་ཨིན་སྐད་དང་། དབྱི་ཐ་ལིའི་སྐད། སུར་པཱན་གྱི་སྐད་སོགས་ཡིག་རིགས་བདུན་ལ་བསྒྱུར་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།