logo

རི་གྲོང་དང་བསམ་གཞིགས།

རྩོམ་པ་པོ།:སྐལ་རྒྱམ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-10-21 ཀློག་གྲངས།:
རི་གྲོང་དང་བསམ་གཞིགས།
                                            — གྲོང་ཚོར་བཅའ་སྡོད་ལས་དོན་སྐབས་ཀྱི་དྲན་སྣང་ཐན་ཐུན།
སྐལ་རྒྱམ།(ལྷ་ས)
        དགོས་དབང་ཞིག་གིས་ང་རང་ད་ལོ་ཡང་གོང་རིམ་སྲིད་གཞུང་གི་མངགས་བཀོད་ལྟར་བྱང་ཐང་སྦྲ་ཆེན་ཡུལ་གྱི་གྲོང་ཚོ་ཞིག་ཏུ་བཅའ་སྡོད་ལས་དོན་དུ་འགྲོ་དགོས་བྱུང་སོང་། ང་ཚོ་ཚང་མས་ཤེས་གསལ་ལྟར། བཅའ་སྡོད་ལས་དོན་ནི་ལོ་ངོ་བཅུ་ཕྲག་ལྷག་གི་སྔོན་ནས་མགོ་བརྩམས་པའི་རང་ལྗོངས་ཀྱི་དམངས་ཕན་སྲིད་ཇུས་ལེགས་པོ་ཞིག་ཡིན་ལ།  ལས་བྱེད་པ་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་ལམ་ཇེ་ཟབ་ཏུ་འགྲོ་བའི་ཐབས་ཤེས་ལེགས་པོ་ཞིག་ཀྱང་ཡིན། ང་རང་ནི་ད་ལོ་ཐེངས་གསུམ་པར་བཅའ་སྡོད་ལས་དོན་དུ་མངགས་པ་ཡིན་ཅིང་། དེ་སྔོན་སྔ་རྗེས་སུ་ཐེངས་གཉིས་ལ་སྟོད་མངའ་རིས་དགེ་རྒྱས་ཡུལ་གྱི་གྲོང་ཚོ་ཞིག་ཏུ་སོང་བ་ཡིན། རེད་ཡ། འགྲོ་ཐེངས་གསུམ་པོར་མཚོ་ངོས་ལས་མུས་བཞི་སྟོང་བདུན་བརྒྱ་ལྷག་གི་འབྲོག་ཁུལ་གྱི་གྲོང་ཚོ་གཉིས་ཡིན་པས་ས་མཐོའི་ན་ཚ་དང་། ཁ་ཐག་རིང་པ་སོགས་ཀྱི་དཀའ་ཁག་མང་པོར་འཕྲད་ནའང་། ཡུལ་ལུང་གང་དེའི་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་ལེགས་པོ་ཞིག་བྱུང་བ་མ་ཟད། རང་ནུས་ཅི་ལྕོགས་ཀྱིས་ས་གནས་མང་ཚོགས་ལ་རོགས་དང་རམ་འདེགས་ཅུང་ཙམ་རེ་བྱེད་ཐུབ་པ་བྱུང་བས་ཤིན་ཏུ་དོན་སྙིང་ལྡན་པར་འདོད།
        སྤྱིར་ང་རང་མ་གཞི་ནས་མདོ་སྨད་ཨ་མདོའི་མཚོ་སྔོན་པོའི་ཡུལ་ཕྱོགས་ཀྱི་འབྲོག་སྡེ་ཞིག་ནས་འཚར་ལོངས་བྱུང་བའི་འབྲོག་པ་དཀྱུས་མ་ཞིག་ཡིན་པས། འབྲོག་པའི་འཚོ་བ་ལ་ཧ་ཅང་ཆ་རྒྱུས་ཡོད་ཅིང་བརྩེ་བ་ཟབ་ལ། མདོ་དབུས་ཁམས་གསུམ་གང་ཡིན་རུང་འབྲོག་ཕྱོགས་ཀྱི་ས་ཆ་གང་དུ་སོང་ཡང་མང་ཚོགས་དང་མཉམ་བཟའ་མཉམ་འཐུང་གི་འཚོ་བ་བསྐྱལ་བར་དཀའ་ཁག་སྤུ་ཙམ་ཡང་མེད། སྤྱིར་སྟོད་མངའ་རིས་ཡུལ་གྱི་འབྲོག་པ་མང་ཚོགས་ཡིན་ནའང་འདྲ། བར་བྱང་ཐང་ཡུལ་གྱི་འབྲོག་པ་མང་ཚོགས་ཡིན་ནའང་འདྲ། སྨད་ཨ་མདོ་ཡུལ་གྱི་འབྲོག་པ་མང་ཚོགས་ཡིན་ནའང་འདྲ། ཚང་མར་གཅིག་མཐུན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། ཐོན་སྐྱེད་འཚོ་བའི་རྣམ་པ་ནི་གཅིག་མཚུངས་ཡིན་པ་སྟེ། དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་བག་དང་བསྟུན་ཏེ་ཕྱུགས་ཟོག་འཚོ་སྐྱོང་གི་ལས་ལ་གཞོལ་རྒྱུ་དང་། སྦྲ་ནག་སྐྱས་སྤོར་དང་བལ་རྩུད་འཁེལ་འཐག འོ་ཞོ་དཀྲུག་སྦྱོར་དང་མར་འཕྱུར་སྡུད་ལེན་སོགས་ཀྱི་འཚོ་བ་སྐྱེལ་སྟངས་ནི་མ་གྲོས་རང་མཐུན་གྱིས་འདྲ་མཚུངས་སུ་སྣང་བས་སོ། །ཡིན་ནའང་། ཡུལ་ཕྱོགས་སོ་སོའི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་དང་བསམ་བློའི་གོ་རྟོགས། རིག་གནས་ཆུ་ཚད། ཡུལ་སྲོལ་གོམས་གཤིས་སོགས་ལ་ཧེ་བག་འདུག་ལ། དེ་ནི་ས་གནས་སོ་སོའི་ས་བབ་ཆགས་ཚུལ་དང་གནམ་གཤིས་དྲོད་གྲང་། དཔལ་འབྱོར་ཐོན་ཁུངས་སོགས་ལ་ཐད་ཀར་འབྲེལ་བ་ཟབ་པ་ནི་གོར་མ་ཆག
        གང་ལྟར། ད་ལོ་རང་ཉིད་བྱང་ཐང་སྦྲ་ཆེན་ཡུལ་གྱི་འབྲོག་སྡེ་འདིར་ཡོང་སྟེ་ཟླ་ངོ་གསུམ་ལྷག་གི་འཚོ་བ་བསྐྱལ་མཐར། རང་ལ་ཆ་རྒྱུས་ཅུང་ཙམ་ཡོད་པའི་ཡུལ་ལུང་གསུམ་སྟེ། ཕན་ཚུན་བར་དུ་ལེ་དབར་སྟོང་ཕྲག་གིས་ཆོད་པའི་སྟོད་མངའ་རིས་དགེ་རྒྱས་ཡུལ་གྱི་འབྲོག་པ་མང་ཚོགས་དང་། བར་བྱང་ཐང་སྦྲ་ཆེན་ཡུལ་གྱི་འབྲོག་པ་མང་ཚོགས། སྨད་ཨ་མདོའི་མཚོ་སྔོན་པོའི་ཡུལ་ཕྱོགས་ཀྱི་འབྲོག་པ་མང་ཚོགས་ཀྱི་འཚོ་བར་འབྲེལ་འདྲིས་དང་ཟབ་ཞུགས་ཁྲོད་རང་ཉིད་ལ་བསམ་གཞིགས་ཀྱི་དྲན་སྣང་ཡང་ཐན་ཐུན་རེ་བྱུང་བ་སྟེ། ཡུལ་ལུང་འདི་དག་གི་སྤྱི་མཐུན་གྱི་ཐོན་སྐྱེད་འཚོ་བའི་རྣམ་པ་ནི་འབྲོག་ལས་ཡིན་ནའང་། སོ་སོའི་འཚོ་བའི་ཆ་རྐྱེན་དང་ཡུལ་སྲོལ་རིག་གནས། བསམ་བློའི་གོ་རྟོགས་སོགས་ཀྱི་ཐད་ནས་བར་ཁྱད་འདུག་ལ། ལྷག་པར་དུ་ས་ཁུལ་སོ་སོའི་དཔལ་འབྱོར་ཐོན་ཁུངས་དང་འཚོ་བའི་ཆ་རྐྱེན་ཐད་ཁྱད་པར་མངོན་གསལ་ཞིག་ལྡན་པ་སྟེ། བྱང་ཐང་སྦྲ་ཆེན་ཡུལ་གྱི་འབྲོག་པའི་དཔལ་འབྱོར་ཐོན་ཁུངས་ཕུན་སུམ་ཚོགས་པར་སྣང་བ་སྟེ། སྒོ་ཕྱུགས་ནོར་ནག་གཙོས་ཕྱུགས་རིགས་མང་ལ་རྩྭ་ཆུ་འཛོམས་པ་མ་ཟད། དབྱར་རྩྭ་དགུན་འབུ་གཙོ་བྱས་རང་བྱུང་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པས་མང་ཚོགས་སྤྱིའི་འཚོ་བའི་ཆ་རྐྱེན་ཅུང་བཟང་བར་སྣང་ལ། མདོ་སྨད་ཨ་མདོའི་མཚོ་སྔོན་པོའི་རྒྱུད་ཀྱི་འབྲོག་པ་མང་ཚོགས་ལ་མཚོན་ན། དཔལ་འབྱོར་ཐོན་ཁུངས་ཀྱི་ཆ་ནས་བྱང་ཐང་སྦྲ་ཆེན་ཡུལ་གྱི་འབྲོག་པར་བསྡུར་ན་ཞན་པར་སྣང་བ་སྟེ། སྒོ་ཕྱུགས་ནོར་ལུག་དང་རྩྭ་ཆུ་ཅུང་ཙམ་ལེགས་ནའང་དབྱར་རྩྭ་དགུན་འབུ་སོགས་ཀྱི་ཐོན་ཁུངས་མེད་པས་དཔལ་འབྱོར་ཐོན་ཁུངས་དེ་ཅུང་གཅིག་རྐྱང་གི་རྣམ་པར་ཆགས་འདུག ཡིན་ནའང་ལོ་འདི་འགར་ས་གནས་མང་ཚོགས་ཀྱི་བསམ་བློ་དང་རིག་གནས་ཆུ་ཚད་ཅུང་མཐོར་འདེགས་སུ་སོང་འདུག་པར་སྙམ་སྟེ། མང་ཚོགས་ཀྱི་ཁྲོད་དུ་ས་གནས་རང་གི་ཁྱད་ཆོས་དང་མཐུན་པའི་ཁེ་ལས་དང་ཚོང་ལས་སོགས་ཀྱི་ལས་ཀ་སྒྲུབ་མཁན་ཇེ་མང་དུ་འགྲོ་བཞིན་འདུག་པས། ས་གནས་དཔལ་འབྱོར་གྱི་ཐོན་ཁུངས་དེ་དེ་སྔའི་སྲོལ་རྒྱུན་འབྲོག་ལས་གྱི་རྣམ་པ་ནས་དེང་རབས་སྣ་མང་ཅན་དུ་འཕེལ་བཞིན་པའི་ཉམས་སྣང་ཞིག་འདུག སྟོད་མངའ་རིས་དགེ་རྒྱས་ཡུལ་གྱི་འབྲོག་པ་མང་ཚོགས་ལ་མཚོན་ན་དཔལ་འབྱོར་གྱི་ཐོན་ཁུངས་གོང་གསལ་ས་གནས་གཉིས་དང་བསྡུར་ན་ཅུང་ཞན་པར་སྣང་སྟེ། ནོར་ལུག་སོགས་སྒོ་ཕྱུག་ཉུང་ཙམ་ཡོད་ནའང་རང་བྱུང་རྩྭ་ཆུའི་མཐུན་རྐྱེན་ཅུང་ཞན་པ་མ་ཟད། དབྱར་རྩྭ་དགུན་འབུ་སོགས་ཀྱི་རང་བྱུང་དཔལ་འབྱོར་ཐོན་ཁུངས་ཀྱང་མེད་པས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རང་བཞིན་གྱིས་ཅུང་ཞན་པར་སྣང་། གང་ལྟར་ད་ལྟའི་ཏང་གི་སྲིད་ཇུས་བཟང་བའི་འོད་སྟོང་འོག་ཏུ་ས་གནས་གང་ཞིག་ཡིན་རུང་དུས་དང་རྣམ་པ་ཀུན་ཏུ་འཕེལ་འགྱུར་བྱུང་དང་འབྱུང་བཞིན་པ་ནི་གདོན་མི་ཟའོ། །
        སྔ་རྗེས་སུ་གྲོང་ཚོར་བཅའ་སྡོད་ལས་དོན་སྒྲུབ་པའི་གོ་རིམ་ཁྲོད་དུ་རང་ཉིད་དོན་དག་ཆེ་མ་ཆུང་གསུམ་མང་པོར་འཕྲད་མྱོང་ལ། དེ་དག་ལས་བག་ཆགས་ཟབ་ལ་བརྗེད་དུ་མེད་པའི་འདས་དོན་ཀྱང་འགའ་རེ་ཡོད་པ་སྟེ། དཔེར་ན་ང་རང་ཐེངས་དང་པོར་སྟོད་མངའ་རིས་དགེ་རྒྱས་ཡུལ་གྱི་གྲོང་ཚོ་ཞིག་ཏུ་བཅའ་སྡོད་བྱེད་སྐབས་བྱུང་བའི་དོན་ཕྲན་ཞིག་ད་ལྟའི་བར་དུ་སེམས་སུ་གསལ་གྱི་ལེར་འདུག དུས་དེར་ས་གནས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་ལ། འཚོ་བའི་ཡོང་འབབ་ཀྱི་ཐབས་ལམ་ཡང་ཤིན་ཏུ་ཚད་བཀག་ཆེ་བས་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོར་ཡོང་སྒོའི་ཐད་རོགས་དང་རམ་འདེགས་རེ་བྱེད་རྒྱུ་ནི་ང་ཚོ་བཅའ་སྡོད་ལས་དོན་གྱི་ཁ་ཚ་དགོས་གཏུག་གི་འོས་འགན་དུ་གྱུར། དེར་བརྟེན། ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་ཁོ་ཚོར་ཞབས་ཞུའི་རྣམ་གྲངས་ཆུང་ཆུང་རེ་བརྩོན་ལེན་བྱེད་རྒྱུ་དང་། དབུལ་སྐྱོར་ལས་དོན་འོས་འཚམ་རེ་བསྒྲུབ་རྒྱུ་ནི་རང་འཁྲིའི་འོས་འགན་གཙོ་བོར་བཟུང་པ་ཡིན། སྐབས་དེར་ང་ཚོའི་གྲོང་ཚོར་གྲོང་གསེབ་གཞུང་ལམ་ཉམས་གསོའི་ཐད་ཀྱི་རྣམ་གྲངས་ཆུང་ཆུང་ཞིག་རེག་ཅིང་། རྣམ་གྲངས་དེ་འབྲེལ་ཡོད་གོ་རིམ་ལྟར་ལག་བསྟར་བྱེད་སྐབས་ང་ཚོས་སྦྱིན་བདག་ལ་ལས་ཀ་འདི་ཁྱེད་ཚོས་བསྒྲུབ་པར་ཆེས་མ་མཐའི་ཆ་རྐྱེན་ཞིག་ཡོད་པ་ནི་ང་ཚོ་གྲོང་ཚོའི་ན་གཞོན་གྲོང་མི་ཉི་ཤུ་ལྷག་ཁྱེད་ཚོའི་ལས་མིའི་ཁྲོད་བསྡུ་ལེན་བྱ་དགོས་པ་མ་ཟད། ཉིན་རེའི་གླ་ཆའང་དམངས་སྒོར་བརྒྱ་དང་བརྒྱད་བཅུའི་ཡན་སྟེར་དགོས་ཚུལ་ལབ་པ་ཡིན། སྦྱིན་བདག་རྒྱ་རིགས་བློ་མཐུན་དེ་ཆ་རྐྱེན་དེར་ཧ་ཅང་མོས་མཐུན་མེད་ནའང་མཐར་ཐབས་ཟད་འུ་ཐུག་གིས་ང་ཚོའི་རེ་བ་དེ་དང་ལེན་བྱས་སོང་། ང་ཚོས་དེ་ལྟའི་ཆ་རྐྱེན་ཞིག་འདོན་དགོས་དོན་ནི་ས་གནས་མང་ཚོགས་ལ་གནས་སྐབས་ཀྱི་ཡོང་འབབ་ཐད་ནས་རམ་འདེགས་ཙམ་བྱེད་ཐུབ་པར་དམིགས་ཤིང་། གྲོང་ཚོའི་མགོ་ཁྲིད་ཚོ་དང་གྲོས་བསྡུར་བྱས་ཏེ་ན་གཞོན་ཕོ་མོ་ཉི་ཤུ་ལྷག་ལས་ཀ་དེར་བཅུག་པ་ཡིན། ཉིན་འགའི་རྗེས་སུ་རྒྱ་རིགས་སྦྱིན་བདག་དེས་ང་ཚོ་བཙལ་འོངས་ཏེ། ཁྱེད་ཅག་གྲོང་ཚོའི་གྲོང་མི་དག་ལས་ཀར་ཡོང་གི་མི་འདུག་པས་ང་ཚོས་ལས་མི་གཞན་ནས་འཚོལ་རྒྱུ་ཡིན་ཟེར། དེ་འཕྲལ་ངས་གྲོང་ཚོའི་མགོ་ཁྲིད་ལ་ཁ་པར་བཏང་སྟེ་རྒྱུ་མཚན་དྲིས་ཤིང་། གྲོང་ཚོའི་མགོ་ཁྲིད་ཀྱིས་འུ་ཐུག་ཐབས་ཟད་ཀྱིས་ང་ལ་གྲོང་མི་ཚོས་ལས་ཀ་དེར་དཀའ་ཁག་ཆེ་ཚུལ་སོགས་ཀྱི་རྒྱུ་མཚན་མང་པོ་ཞིག་བཤད་དེ་འགྲོ་འདོད་མི་འདུག་ཟེར། སྤྱིར་ལས་ཀ་དེ་ནི་གྲོང་ཚོའི་དབྱར་སར་འགྲོ་བའི་གཞུང་ལམ་སྟབས་བདེ་ཞིག་བཟོ་རྒྱུ་དེ་ཡིན་པས་དེ་འདྲའི་དཀའ་ཁག་ཅིག་ཡོད་པ་མ་རེད། གང་ལྟར་སྐབས་དེར་ང་ཚོར་ཡང་ཐབས་ཤེས་མེད་པས་རྒྱ་རིགས་སྦྱིན་བདག་གི་འདོད་ཐོག་ལ་མི་འཇོག་ག་མེད་བྱུང་། སྦྱིན་བདག་གིས་ང་ཚོ་ལ་བཀའ་དྲིན་ཡང་ཡང་ཞུ་ཞོར་ད་ནི་ངས་གཙང་ཕྱོགས་ཀྱི་ལས་མི་ཁ་ཤས་འཚོལ་རྒྱུ་ཡིན་ཟེར། དུས་དེར་ངས་ཁོ་ལ་དེའི་རྒྱུ་མཚན་ག་རེ་ཡིན་ན་ཞེས་དྲིས་པར། ཁོས་གད་མོ་དགོད་ཞོར་ང་ལ་མངའ་རིས་ཀྱི་མི་གཅིག་གིས་ཉིན་གསུམ་ལ་ལས་པའི་ལས་ཀ་དེ་གཙང་པའི་མི་གཅིག་གིས་ཉིན་གཅིག་ལ་ལས་ཚར་ནི་རེད་ཟེར། སྐབས་དེར་ང་ལ་རང་དབང་མེད་པར་ངུ་མ་དགོད་ཀྱི་ཚོར་སྣང་ཞིག་སྐྱེས་ཤིང་། སྦྱིན་བདག་དེས་མཐའ་གཅིག་ཏུ་ང་ཚོའི་གྲོང་ཚོའི་ལས་མི་མི་བསྡུ་བའི་རྒྱུ་མཚན་ཡང་གཞི་ནས་རྟོགས། དེ་ལས་ཀྱང་བསམ་གཞིག་བསྐྱེད་དགོས་པ་ཞིག་ལ། ས་གནས་ཤིག་གི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་དགོས་ན་གང་དེའི་མི་དམངས་མང་ཚོགས་རྣམས་ལས་ལ་བརྩོན་ཞིང་བསམ་བློའི་གོ་རྟོགས་སེལ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བར་སྙམ།  
        ཐེངས་འདིར་བྱང་ཐང་སྦྲ་ཆེན་ཡུལ་དུ་ཡོང་པ་ནས་འབྲོག་པ་མང་ཚོགས་ཀྱི་འཚོ་བར་རྒྱུས་ལོན་བྱ་ཆེད་དུད་ཚང་རེ་རེའི་སྒོ་ཉུལ་བྱས་ཏེ་རྟོག་དཔྱོད་དུ་སོང་བ་ཡིན་ལ། བརྒྱུད་རིམ་དེའི་ཁྲོད་དུ་ས་གནས་མང་ཚོགས་ཀྱི་འཚོ་བ་དང་རིག་གནས། གོམས་སྲོལ་སོགས་ལ་ཤེས་རྟོགས་མི་དམན་པ་བྱུང་བས་དངོས་ནས་དགའ་ཚོར་སྐྱེས། དེ་དང་ལྷན་དུ་དོགས་གཞི་དང་བསམ་གཞིགས་ཀྱི་གནས་ཀྱང་མང་པོ་ཞིག་བྱུང་བ་སྟེ། ས་གནས་འདིར་ཡང་ཁང་པ་གསར་བ་རྒྱག་པ་དང་ཁང་ཁྱིམ་མཛེས་སྤྲས་བྱེད་པ་སོགས་ཀྱི་ལས་ཀ་བྱེད་མཁན་ནི་དེ་སྔོན་གྱི་མངའ་རིས་ནང་བཞིན་ཁ་ཚང་གཙང་ཕྱོགས་ཀྱི་མང་ཚོགས་སམ་ཡང་ན་མཚོ་སྔོན་རྫ་སྟོད་ཡུལ་གྱི་མང་ཚོགས་ཡིན་ལ། ཁོ་ཚོའི་ཨར་ལས་དང་ཤིང་ལས། རྡོ་བརྩིགས། ཁང་ཁྱིམ་རྒྱན་སྤྲས་སོགས་ཀྱི་ལག་རྩལ་ཤིན་ཏུ་ལེགས་པོ་འདུག་པ་མ་ཟད། རང་ཉིད་ཀྱི་འབད་འབུངས་དང་ལག་ཤེས་ལ་བརྟེན་ཏེ་ཡོང་འབབ་ཀྱང་ལེགས་པོ་འཚོལ་གྱིན་འདུག འདིར་བསམ་གཞིགས་གཏོང་དགོས་པའི་གནད་ཅིག་ནི་ཅིའི་ཕྱིར་སྟོད་མངའ་རིས་དང་བར་བྱང་ཐང་གི་འབྲོག་ཁུལ་གང་དུ་སོང་ཡང་ཁང་པ་གསར་བསྐྲུན་སོགས་ཀྱི་ལས་ཀ་དེ་བསྒྲུབ་མཁན་ནི་གཙང་ཕྱོགས་ཀྱི་ཡིན་པ་དང་། ཅིའི་ཕྱིར་ས་གནས་རང་གི་མང་ཚོགས་ལ་ལས་རིགས་འདིའི་སྐོར་གྱི་ལག་ཤེས་དང་འཇོན་ཐང་མེད་པ་རེད། རེད་ཡ། སྦྲ་ཆེན་ཡུལ་གྱི་འབྲོག་པ་མང་ཚོགས་ལ་མཚོན་ན་དབྱར་རྩྭ་དགུན་འབུ་སོགས་ཀྱི་ཐོན་ཁུངས་ལེགས་པས་དཔལ་འབྱོར་གྱི་ཆ་རྐྱེན་བཟང་བའི་རྐྱེན་ཡིན་སྲིད་མོད། འོན་ཀྱང་ས་གནས་ཤིག་གི་དཔལ་འབྱོར་ཡོང་འབབ་དེ་རང་བྱུང་ཐོན་ཁུངས་ཁོ་ནར་བརྟེན་དགོས་པ་ནི་དུས་ཡུན་རིང་བའི་འཚོ་རྟེན་ཞིག་ཡིན་མིན་ལ་ང་ཚོས་ཅིས་ཀྱང་བསམ་བློ་གཏོང་དགོས་པར་སྙམ།
        སྤྱིར་ང་ཚོ་ཚང་མས་ཤེས་གསལ་ལྟར། རང་རྒྱལ་གྱི་ད་ལྟའི་དམངས་ཕན་སྲིད་ཇུས་བཟང་པོའི་མཐུན་རྐྱེན་འོག་ཏུ། རང་ཅག་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕེལ་འགྱུར་བྱུང་དང་འབྱུང་བཞིན་ཡོད་ལ། སྲིད་ཇུས་ལེགས་པོ་དེའི་གོམ་འགྲོས་དང་བསྟུན་ཏེ་ས་གནས་ཁག་གི་དབུལ་ཕོངས་ཁྱིམ་ཚང་སོགས་ལ་དབུལ་སྐྱོབ་ཀྱི་དངོས་ཟོག་དང་འགྲོ་དངུལ་ཡང་ལོ་རེར་མང་པོ་བཏང་དང་གཏོང་བཞིན་ཡོད་པ་རེད། ཡིན་ནའང་། གཞི་རིམ་དཔལ་འབྱོར་འཚོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་དབུལ་སྐྱོབ་ལས་གཞིའི་གོ་རིམ་ཁྲོད་དུ་ང་ཚོ་ལ་བསམ་གཞིག་དང་དོ་སྣང་བྱ་དགོས་པའི་གནད་དོན་ཡང་མང་པོ་ཞིག་ཡོད་པར་སྙམ་སྟེ། ས་གནས་ཤིག་གི་དཔལ་འབྱོར་འཚོ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས་ན་དངོས་ཟོག་དང་མ་དངུལ་གྱི་རམ་འདེགས་དེ་ཤིན་ཏུ་གཙོ་བ་ནི་སྨྲས་མ་དགོས་ལ། དེ་ལས་ཀྱང་གལ་ཆེ་བ་ནི་ས་གནས་གང་དེའི་མི་དམངས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་སྤྱི་ཁྱབ་ཀྱིས་མཐོར་འདེགས་སུ་གཏོང་རྒྱུ་དེ་ཡིན་པར་སྙམ་སྟེ། དེ་སྔ་མངའ་རིས་དགེ་རྒྱས་ཡུལ་དུ་གྲོང་ཚོར་བཅའ་སྡོད་བྱེད་སྐབས་ང་ཚོས་རྒྱ་བོད་ལོ་གསར་དང་རྒྱལ་སྟོན་དུས་ཆེན་སོགས་ཀྱི་གནས་བབ་དང་བསྟུན་ཏེ་དབུལ་ཕོངས་ཁྱིམ་ཚང་སོགས་ལ་འབྲེལ་ཡོད་སྲིད་ཇུས་ལྟར་བྲོ་ཕྱེ་དང་སྣུམ། འབྲས། རྩམ་པ་སོགས་འཚོ་བའི་མཁོ་ཆས་ཉོས་ཏེ་དབུལ་སྐྱོབ་འཚམས་འདྲའི་བྱ་འགུལ་རབས་དང་རིམ་པ་སྤེལ་བ་ཡིན། ཉིན་ཞིག་དབུལ་སྐྱོབ་གྲོང་མི་ཞིག་གིས་ང་ཚོར་རྗེས་ཕྱོགས་ཁོ་ཚོར་དངོས་ཟོག་སྤྲོད་རྒྱུ་ལས་དམངས་སྒོར་སྤྲད་ན་ཕན་ཐོགས་ཆེ་ཚུལ་གྱི་རྒྱུ་མཚན་མང་པོ་ཞིག་ལབ་སོང་། ང་ཚོས་ཀྱང་ཁོའི་བསམ་ཚུལ་དེར་གནས་ལུགས་འདུག་བསམ་སྟེ་ཐེངས་རྗེས་མར་ཁོ་ཚོ་དབུལ་ཕོངས་ཁྱིམ་ཚང་རེ་ལ་དམངས་སྒོར་ལྔ་བརྒྱ་རེའི་རོགས་དངུལ་སྤྲད་པ་ཡིན། ཉིན་དེའི་ཕྱི་དྲོར་ང་ཚོ་ཤང་ཐོག་གི་ཇ་ཁང་ཞིག་ཏུ་དགོང་ཟས་འཐུང་དུ་འགྲོ་སྐབས་ཉིན་གུང་རོགས་དངུལ་སྤྲད་པའི་གྲོང་མི་འགས་དེར་མཱ་ཅང་རྩེད་ཀྱིན་འདུག་ལ། ཁོ་ཚོའི་ཁྲོད་དུ་དེ་སྔོན་བསམ་འཆར་འདོན་མཁན་དེའང་ཡོད་པས། སྐབས་དེར་ང་རང་དངོས་ནས་ཁོང་ཁྲོ་ལངས་སྟབས་རང་དབང་མེད་པར་ཁོ་ཚོའི་གམ་དུ་སོང་སྟེ་ཁྱོད་ཚོས་དམངས་སྒོར་བྱིན་ན་ཕན་ཐོགས་ཆེ་ཟེར་བ་དེ་འདིར་བརྗོད་ཀྱིན་ཡོད་དམ་ཞེས་གཤེ་གཤེ་བཏང་བ་ཡིན། གང་ལྟར་དོན་དག་ཆུང་ཆུང་འདི་ལས་ང་ཚོར་དོགས་གཞི་མང་པོ་ཞིག་དྲངས་ཡོང་བ་སྟེ།  དབུལ་སྐྱོབ་རོགས་དངུལ་གྱི་ཆེས་མ་མཐའི་དམིགས་ཡུལ་ནི་དབུལ་ཕོངས་ཁྱིམ་ཚང་གང་དེའི་བཟའ་མི་ཡོངས་ཀྱི་ཁ་རྒྱབ་ཐད་རོགས་རམ་ཕྲན་ཙམ་བྱེད་རྒྱུ་དེ་ཡིན་ཡང་། དོན་དངོས་འཚོ་བའི་ཁྲོད་དམིགས་ཡུལ་གང་དེ་འགྲུབ་ཐུབ་མིན་ལ་ཐེ་ཚོམ་ཧ་ཅང་ཆེ། དེ་བཞིན་བརྩོན་སེམས་དང་ཡར་རྒྱས་མེད་པའི་གྲོང་མི་ལ་ལར་དབུལ་སྐྱོབ་གོ་རིམ་ཁྲོད་དུ་ངང་ངམ་ཤུགས་ཀྱིས་སྒྱིད་ལུག་དང་བག་གཡེང་གི་རང་གཤིས་ཤིག་བསྐྱེད་པའི་ཚོར་སྣང་ཡང་སྟེར་ཏེ། གྲོང་མི་སྒྱིད་ལུག་ཅན་ཁ་ཤས་ཀྱིས་གོང་རིམ་སྲིད་གཞུང་གི་དབུལ་སྐྱོབ་ཁོ་ནར་རེ་བསྒུག་བྱས་ཏེ་ཉི་མ་ཕུད་ཐབས་བྱེད་མཁན་ཡང་ཡོད་ཚོད་རེད།
        སྤྱིར་གྲོང་ཚོའི་བཅའ་སྡོད་ལས་དོན་ཞེས་པ་ནི་ལས་དོན་གང་དེའི་རྩ་བའི་དམིགས་ཡུལ་དུ་གསུངས་པ་ནང་བཞིན་མི་དམངས་མང་ཚོགས་དང་མཉམ་བཟའ་མཉམ་འཐུང་མཉམ་ལས་ཀྱི་དམིགས་ཡུལ་འགྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་ལ། དམིགས་ཡུལ་དེ་ལེགས་འགྲུབ་འབྱུང་པ་ལ་ཐོག་མར་བཅའ་སྡོད་མི་སྣ་གང་དེ་ལས་ཀ་དེར་སེམས་གཏིང་ནས་དགའ་མོས་ཡོད་རྒྱུ་ནི་གཙོ་བོ་རེད། རྨང་གཞི་དེའི་སྟེང་ནས་མི་དམངས་མང་ཚོགས་ལ་ལྷག་བསམ་དཀར་པོ་ཞིག་བཅངས་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་སྟེ། ས་གནས་མང་ཚོགས་ལ་དོན་དག་ཆེན་པོ་ཞིག་བསྒྲུབ་ཐུབ་མིན་ནི་མི་རེ་རེའི་འཇོན་ནུས་ལ་འབྲེལ་བས་ཚང་མས་བསྒྲུབ་ཐུབ་པའི་ངེས་པ་མེད་མོད། གང་ལྟར་རང་ཉིད་ཀྱི་ཀུན་སློང་གཙང་མ་དང་ལྷག་བསམ་རྣམ་དག་གིས་གྲོང་ཚོ་གང་དེར་རང་ནུས་ཅི་ལྕོགས་ཀྱིས་ལས་དོན་བསྒྲུབ་པ་ཡིན་ན་དེ་བཞིན་གྱི་ཕན་འབྲས་ཤིག་ཐོན་ཐག་ཆོད་ཡིན། དེར་བརྟེན། རང་ཉིད་ལ་མཚོན་ན་དུས་དང་རྣམ་པ་ཀུན་ཏུ་ལྷག་བསམ་དཀར་པོ་ཞིག་བཅངས་ཏེ་ལས་དོན་འདི་སྒྲུབ་ཁུལ་བྱས་པ་ཡིན་ལ། རྒྱུ་རྐྱེན་དེ་དབང་གིས་ཤ་ཚ་བའི་གཏམ་ལ་སྙན་མོ་མེད་ཟེར་བའི་དཔེ་ལྟར། ཁོ་ཚོའི་མི་འདང་ས་དང་བཅོས་བསྒྱུར་བྱ་དགོས་པའི་གནས་ལ་སྦ་གསང་མེད་པར་སྐྱོན་བརྗོད་ཀྱང་ཐེངས་མང་བྱས་མྱོང་སྟེ། དཔེར་ན། དེ་སྔོན་མངའ་རིས་ཡུལ་དུ་བཅའ་སྡོད་བྱེད་སྐབས་ཀྱི་ཉིན་ཞིག་ལ་ཆེད་དུ་གྲོང་ཚོ་དེའི་ཆེས་ཕྱུག་པོ་ཡིན་ཟེར་བའི་དུད་ཚང་ཞིག་ལ་རྒྱུས་ལོན་བྱེད་དུ་སོང་བ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ། ཧ་ཅང་ཕྱུག་པོ་ཡིན་ཟེར་བའི་དུད་ཚང་དེའི་ཁང་ཁྱིམ་དང་ཁྱིམ་ཆས། བཟའ་བཏུང་། གྱོན་གོས་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་དུད་ཚང་གཞན་དང་ལྷག་པའི་ཚོར་སྣང་ཞིག་ཡེ་ནས་བྱིན་མ་སོང་། དུས་དེར་ང་རང་དོགས་སྣང་དང་བཅས་དུད་ཚང་དེའི་ཁྱིམ་བདག་ལ་ལབ་གླེང་མང་པོ་བྱས་པ་ཡིན་ལ། མ་གཞི་ཁོ་ཚོའི་ཕྱུག་པོ་ཟེར་བ་ནི་སྒོ་ཁར་ཕྱུགས་ཟོག་གི་ཁ་གྲངས་མང་པ་དེར་གཞི་འཛིན་གྱི་ཡོད་པ་སྟེ། ཁོ་ཚང་ལ་ར་ལུག་བདུན་བརྒྱ་ལྷག་ཡོད་སྐད། ཡིན་ནའང་ཁོ་ཚོའི་གོམས་སྲོལ་ལམ་ཆོས་ལུགས་དད་མོས་ཀྱི་དབང་གིས་ཕྱུགས་ཟོག་རང་ཉིད་ཀྱིས་བཤས་ཏེ་ཤ་ཟ་བ་ཙམ་ལས་སྤྱིར་བཏང་དུ་ཕྱིར་བཙོང་མི་བྱེད་པར་ལབ། སྐབས་དེར་ངས་ཁོ་ཚོར་ཕྱུག་པོ་ཟེར་བ་ནི་སྒོ་ཕྱུགས་ཀྱི་ཁ་གྲངས་མང་བ་ཙམ་མ་ཡིན་པར། སྡོད་ཁང་གི་སྤུས་ཚད་མཐོར་འདེགས་དང་དེང་རབས་ཅན་གྱི་ཁྱིམ་ཆས་བཀོལ་སྤྱོད། དེ་བཞིན་བཟའ་བཏུང་དང་གྱོན་གོས་སོགས་ཕྱོགས་གང་ཐད་ནས་འཕེལ་འགྱུར་གཏོང་དགོས་ལ། དེ་ལྟར་གཏོང་བར་རང་ཉིད་ཀྱིས་དཀའ་སྤྱད་འབད་འབུངས་ཀྱིས་འཚོ་སྐྱོང་བྱས་ཡོང་པའི་སྒོ་ཟོག་དེ་ལས་ལོ་རེར་ཉུང་ཙམ་ཕར་བཙོང་སྟེ་དངུལ་ལོར་བརྗེ་དགོས་ཚུལ་དང་། ངའི་ཕ་ཡུལ་ཨ་མདོའི་མཚོ་སྔོན་པོའི་རྒྱུད་དུའང་དེ་སྔོན་ད་ལྟའི་ཁྱོད་ཚོ་ལྟར་ཡིན་ཡང་མིག་སྔར་ཕྱོགས་ཡོངས་ནས་བསམ་བློར་འགྱུར་ལྡོག་བྱུང་ཡོད་ཚུལ། རང་ཅག་བོད་མིའི་དགེ་བསྒྲུབ་ཀྱི་ལས་དེ་ཧ་ཅང་རླབས་ཆེན་ཡིན་ཡང་། འཇིག་རྟེན་ཁྱིམ་པ་ཞིག་ལ་མཚོན་ན་གནའ་ནས་ད་ལྟའི་བར་དུ་འཚོ་རྟེན་སྒོ་ཟོག་ལ་བརྟེན་ཏེ་འཚོ་བ་བསྐྱལ་འོང་བས། རང་ཉིད་ཀྱི་ཁ་རྒྱབ་དང་ཁྱིམ་ཚང་གི་འཚོ་བའི་ཆེད་དུ་ཉོ་འཚོང་ཅུང་ཙམ་བྱས་ཏེ་དངུལ་ལོར་འཁོར་རྒྱུག་བྱས་ན་འཇིག་རྟེན་ཆོས་ཉིད་དང་མཐུན་ཚུལ། རང་ཁྱིམ་གྱི་སྒོ་ཟོག་ནོར་ལུག་དང་ཁང་ཁྱིམ་སྒྲིག་ཆས།  ཁྱིམ་མིའི་བདེ་ཐང་སོགས་ཕྱོགས་ཡོངས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་སོང་ན་ད་གཟོད་དོན་དངོས་ཀྱི་བདེ་སྐྱིད་འཚོ་བ་ཡིན་ཚུལ་སོགས་རང་ཉིད་ཀྱི་དྲན་ཚུལ་ངོ་མ་ལྷག་བསམ་རྣམ་དག་གིས་ཞིབ་བརྗོད་བྱས་པ་ཡིན་ལ། སྣང་ཚུལ་འདིའི་རིགས་ནི་ད་ལྟའི་སྦྲ་ཆེན་ཡུལ་གྱི་གྲོང་ཚོ་ལ་ལར་ཡང་འདུག་པས་ཡིད་སེམས་ལ་སྐྱོ་སྣང་ཅུང་ཙམ་བྱུང་སྟེ། ས་གནས་ཤིག་གི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་དགོས་ན་གནད་དོན་འདིའི་རིགས་ལ་ཅིས་ཀྱང་མནོ་བསམ་གཏོང་དགོས་ཏེ། མི་དམངས་མང་ཚོགས་ཀྱི་ཕྱུག་འགྱུར་གྱི་ལྟ་སྟངས་དང་བསམ་བློའི་ཆུ་ཚད་དེ་ཇེ་མཐོར་བཏང་ན་ས་གནས་མང་ཚོགས་ཀྱི་འཚོ་བ་དེ་རང་བཞིན་གྱིས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྙམ་མོ། །
        རེད་ཡ། སྔ་གཞུག་ཏུ་གྲོང་ཚོ་འགར་བཅའ་སྡོད་བྱས་པའི་བརྒྱུད་རིམ་ཁྲོད་ས་གནས་གང་དེའི་སྐད་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཐད་ནས་ཀྱང་དོགས་གནད་དང་བློ་བསྐྱེད་མང་པོ་བྱུང་སྟེ། ང་རང་ཐོག་དང་པོར་མངའ་རིས་དགེ་རྒྱས་ཡུལ་དུ་བཅའ་སྡོད་བྱེད་སྐབས། དུས་རྒྱུན་སྲིད་ཇུས་དང་ཡིག་ཆའི་དགོངས་དོན་དྲིལ་སྒྲོག་སོགས་བྱེད་དུས་རང་ནུས་ཅི་ལྕོགས་ཀྱིས་ལྷ་སའི་སྐད་ཀྱིས་ལབ་ཁུལ་བྱས་པ་ཡིན་ལ། ཉིན་ཞིག་གྲོང་ཚོའི་མང་ཚོགས་འགའ་དང་ཁ་བརྡ་བྱེད་སྐབས་ཁོ་ཚོས་ང་ལ་ཁྱེད་ཀྱིས་བཤད་པའི་སྐད་ཆ་དེ་ང་ཚོས་གོ་སླ་པོ་འདུག འོན་ཀྱང་ཁྱེད་ཀྱི་ལས་གྲོགས་ལྷ་སའི་ཨ་ཅག་ལགས་ཀྱི་སྐད་ཆ་དེ་གསལ་པོ་གོ་གི་མི་འདུག་ཟེར། དུས་དེར་ང་ལ་དངོས་ནས་མཚར་སྣང་ཞིག་གམ་དོགས་གཞི་ཞིག་སྐྱེས་པ་སྟེ། ཁོ་ཚོས་ལྷ་སའི་ཡུལ་སྐད་རྣལ་མ་དེ་མི་གོ་བར་ངའི་སྐད་དེ་ཨམ་སྐད་དང་ལྷ་སའི་སྐད་འདྲེས་མ་དེ་གོ་བའི་རྒྱུ་མཚན་གང་ཡིན་ནམ་སྙམ། དུས་དེ་ནས་ངས་ཆེད་དུ་མངའ་རིས་དགེ་རྒྱས་ཡུལ་གྱི་ཁ་སྐད་དང་ཨ་མདོའི་མཚོ་སྔོན་པོའི་རྒྱུད་ཀྱི་སྐད་ཆའི་བར་ལ་འབྲེལ་བ་ག་འདྲ་ཡོད་པར་མཉམ་འཇོག་བྱས་ཤིང་། དག་དག་ཡུལ་ལུང་འདི་གཉིས་ཀྱི་སྐད་ཆའི་སྒྲ་གདངས་དང་བརྡ་སྤྲོད་ལུགས་ཐད་འདྲ་མཚུངས་ཀྱི་ཆ་ཅུང་མང་པ་མ་ཟད། ཁ་སྐད་ཁྲོད་ཀྱི་རྒྱུན་བཀོལ་ཐ་སྙད་མང་པོ་ཞིག་ཀྱང་གཅིག་མཐུན་དུ་སྣང་ལ། ལྷག་པར་དུ་བག་ཆགས་ཧ་ཅང་ཟབ་པ་ཞིག་ལ་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་འབྲོག་པའི་ཁ་སྐད་ཁྲོད་ཀྱི་པན་ཧྲི་ཡིག་སྐད་ཀྱི་ཆུ་མོག་གམ་རྒྱའི་སྐད་ཀྱི་ཅའོ་ཙི་“饺子ལ་མངའ་རིས་དགེ་རྒྱས་ཡུལ་གྱི་ཁ་སྐད་དུའང་པན་ཧྲི་ཟེར། སྤྱིར་པན་ཧྲི་ཞེས་པའི་ཐ་སྙད་འདི་ནི་སོག་སྐད་ཅིག་ཡིན་ཚོད་འདུག་ལ། ལོ་རྒྱུས་ཀྱི་རྐྱེན་དབང་དུ་མས་ང་ཚོའི་ཕ་ཡུལ་གྱི་ཡུལ་སྐད་དུ་སོག་པོའི་ཐ་སྙད་མང་པོ་ཡོད་པ་རེད། ཡ་མཚར་བ་ཞིག་ལ་མདོ་སྨད་མཚོ་སྔོན་པོའི་རྒྱུད་ཀྱི་མང་ཚོགས་ཀྱི་ཁ་སྐད་ཁྲོད་ཀྱི་ཕྱི་ཡོང་ཐ་སྙད་འདིའི་རིགས་ཀྱང་ཕན་ཚུན་བར་ཐག་ལེ་དབར་སྟོང་ཕྲག་བཞི་ལྷག་གིས་ཆོད་པའི་སྟོད་མངའ་རིས་དགེ་རྒྱས་ཡུལ་གྱི་མང་ཚོགས་ཀྱི་ཁ་སྐད་དུའང་ཡོད་པ་དེ་རེད། དེར་བརྟེན། འབྲེལ་ཡོད་སྐད་བརྡ་རིག་པ་དང་མི་རིགས་རིག་པའི་ཆེད་མཁས་དག་ལ་མཚོན་ན་སྣང་ཚུལ་འདིའི་རིགས་ལ་ཞིབ་འཇུག་གི་རིན་ཐང་ལྡན་པར་སྙམ་པས་འདིར་གསལ་འདེབས་ཀྱི་ཚུལ་དུ་ཕྱོགས་ཙམ་བསྟན་པ་ཡིན། 
        དེ་སྔོན་བདག་གིས་ཧི་མ་ལ་ཡའི་བོད་རིགས་སྤྱི་ཚོགས་ཀྱི་དུད་ཚང་དང་གཉེན་སྒྲིག་ཞིབ་འཇུག》(《喜马拉雅藏族社会家庭与婚姻研究》由青海民族出版社出版)ཅེས་པའི་དཔེ་དེབ་ཅིག་ལས་ཧི་མ་ལ་ཡའི་ཉེ་འདབས་ཀྱི་བོད་རིགས་གྲོང་ཚོ་དག་གི་དུད་ཚང་གི་ཐོན་སྐྱེད་རྣམ་པ་དང་གཉེན་སྒྲིག་ལམ་ལུགས་སོགས་ལ་ཞིབ་འཇུག་ཡག་པོ་ཞིག་བྱས་འདུག་པ་མཐོང་ལ། དེ་ལས་བག་ཆགས་ཆེས་ཟབ་པ་ནི་ཤུག་གཅིག་ཁྱོ་མང་(一妻多夫)གི་གཉེན་སྒྲིག་ལམ་ལུགས་དེ་རེད། དེའི་རྗེས་ཆེད་དུ་དེའི་ཕྱོགས་ལ་བསམ་གཞིགས་དང་རྒྱུས་ལོན་བྱས་མྱོང་ལ། ལམ་ལུགས་དེ་ཧི་མ་ལ་ཡའི་འདབས་རོལ་གྱི་བོད་རིགས་སྤྱི་ཚོགས་ལས་གཞན་རང་ཅག་མཐོ་དབུས་མཐོ་སྒང་གི་ས་གནས་གཞན་དག་ནའང་འདུག་པ་སྟེ། བོད་ལྗོངས་གཅིག་པར་ཆ་བཞག་ནའང་ཆབ་མདོ་དང་ནག་ཆུ། གཞིས་ཀ་རྩེ་སོགས་ཀྱི་ཡུལ་ལུང་ཁ་ཤས་སུ་སྣང་ཚུལ་དེ་ཡོད་སྐད། སྤྱིར་བོད་ཀྱི་ལོ་རྒྱུས་རིག་གནས་འཕེལ་འགྱུར་ཁྲོད་རིམ་བཞིན་བྱུང་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་འདིའི་རིགས་ནི་མི་རིགས་དང་རྒྱལ་ཁབ་གང་ཡིན་ཡང་ཡོད་ངེས་པས་མཚར་སྣང་སྐྱེས་དགོས་པ་ཞིག་མ་ཡིན་མོད། དཔེ་དེབ་དང་དྲ་ལམ་ལ་ལར་བོད་པའི་ཤུག་གཅིག་ཁྱོ་མང་གི་གཉེན་སྒྲིག་ལམ་ལུགས་ལ་མཚར་སྣང་ཆེ་ཚུལ་དང་རྗེས་ལུས་ཡིན་ཚུལ་སོགས་ཀྱི་འུར་བརྗོད་ཀྱང་མང་བས་རང་ཉིད་ལ་ཆེད་དུ་དེའི་ཕྱོགས་ལ་ཡུལ་དངོས་རྟོག་དཔྱོད་ཅིག་བྱ་འདོད་ཀྱི་འདུན་པ་སྐྱེས་མྱོང་། སྟབས་ལེགས་པ་ཞིག་ལ། ད་རེས་བཅའ་སྡོད་བྱེད་སའི་སྦྲ་ཆེན་ཡུལ་གྱི་གྲོང་ཚོ་འདིར་ཡང་གཉེན་སྒྲིག་སྣང་ཚུལ་དེ་འདུག་པས་ཆེད་དུ་དེའི་སྐོར་ལ་རྒྱུས་ལོན་ཅུང་ཙམ་བྱས་པ་ཡིན། སྤྱིར་གཉེན་སྒྲིག་གོམས་སྲོལ་འདི་ནི་བོད་མིའི་དུས་ཡུན་རིང་བའི་ལོ་རྒྱུས་ཁྲོད་ཐོན་སྐྱེད་འཚོ་བའི་དགོས་དབང་དང་ཡུལ་སྲོལ་གོམས་གཤིས་རིག་གནས་ཀྱི་རང་བྱུང་བསྐྱེད་འབྲས་ཤིག་ཡིན་འདུག་ལ། ཡུལ་ལུང་གང་དེར་གནའ་ནས་ད་ལྟའི་བར་འགྲོ་མིའི་སྐྱེ་རྒ་ན་འཆིའི་ཆོས་ཉིད་ཇི་བཞིན་ངང་ངམ་ཤུགས་ཀྱིས་བྱུང་བའི་ཆེས་རྒྱུན་ལྡན་གྱི་ཡུལ་སྲོལ་གོམས་གཤིས་ཤིག་གམ་འཚོ་བའི་ཆོས་ཉིད་ཅིག་ཏུ་ཆགས་འདུག་ཅིང་། ལམ་ལུགས་གང་དེ་རང་ཉིད་ལ་རང་ཉིད་ཀྱི་འཚོ་གནས་དང་རྒྱུན་འཇགས་ཀྱི་གནས་ལུགས་ངེས་ཅན་ཞིག་ཀྱང་འདུག་སྟེ། གྲོང་ཚོ་འདིའི་རྒན་རབས་པ་དང་ད་ལྟའི་ཤུག་གཅིག་ཁྱོ་མང་གི་དུད་ཚང་འགར་རྒྱུས་ལོན་བྱས་པ་ལྟར་ན། གཅིག་ནས་ཁྱིམ་རྒྱུད་ཀྱི་གཏན་འཇགས་དང་སྲུང་སྐྱོང་ལ་ཁེ་ཕན་ཤིན་ཏུ་ཆེ་པ་དང་། གཉིས་ནས་ཁྱིམ་ཚང་གི་རྒྱུ་ནོར་གོང་བུ་གཅིག་གྱུར་གྱིས་ཡུན་རིང་ལ་ཁ་འཐོར་དུ་མི་འགྲོ་བར་མ་ཟད། ལོ་ཟླའི་འཁོར་འགྲོས་དང་བསྟུན་ཏེ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ཐུབ་པ། གསུམ་ནས་ཁྱིམ་མིའི་མཐུན་སྒྲིལ་དང་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་བ་མ་ཟད། ཁྱིམ་མི་དག་གི་འབད་བརྩོན་གྱི་དམིགས་འབེན་ཕྱོགས་གཅིག་ཏུ་འབབ་ཐུབ་པ་སོགས་ཀྱི་དགེ་མཚན་མང་བར་བརྗོད་ལ། ཁོ་ཚོའི་དོན་དངོས་ཀྱི་འཚོ་བའི་ཁྲོད་དུའང་བཟང་ཆ་དེ་དག་ངང་ངམ་ཤུགས་ཀྱིས་ར་སྤྲོད་བྱེད་ཐུབ་པར་སྙམ། ཡིན་ནའང་ད་ལྟའི་དུས་རབས་གསར་བའི་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བུད་མེད་ཚོའི་སྤྱི་ཚོགས་གནས་བབ་ལས་འཕྲོས་ཏེ་མནོ་བསམ་བསྐྱེད་ན་ཞན་ཆ་ཅི་ཡང་མེད་པ་ཞིག་ཀྱང་མིན་པར་སྙམ་པས་འདིའི་ཕྱོགས་ལ་སྤྲོ་བ་ཡོད་པའི་ཆེད་མཁས་དག་གིས་སྣང་ཚུལ་འདིའི་རིགས་ལ་དོ་སྣང་ཡོང་བར་ཤོག གཞན་ཡང་སྦྲ་ཆེན་ཡུལ་གྱི་ཆོས་ལུགས་དད་མོས་དང་། དེས་བསྐྱེད་པའི་ཆོས་ལུགས་ཆོ་ག་སྣ་ཚོགས། དམངས་སྲོལ་རིག་གནས་སོགས་ལའང་ས་གནས་གཞན་དང་མ་འདྲ་བའི་ཐུན་མིན་གྱི་ཆ་མང་ཡང་ད་རེས་ཚིག་ཉོག་ལ་དོགས་པས་ཞིབ་ཏུ་མི་གླེང་བར་བྱའོ། །
༡༠
        མདོར་ན། རང་ཉིད་སྔ་རྗེས་སུ་ཐེངས་གསུམ་ལ་གྲོང་ཚོར་བཅའ་སྡོད་ལས་དོན་སྒྲུབ་ཏུ་སོང་ཞིང་། འགྲོ་ཐེངས་རེ་རེར་ཟླ་ངོ་བདུན་ལྷག་ལ་གྲོང་ཚོ་གང་དེར་ས་གནས་མང་ཚོགས་དང་དཔུང་བ་མཉམ་གཤིབ་ཀྱིས་གཞི་རིམ་ལས་དོན་སྣ་ཚོགས་བསྒྲུབས་ཁུལ་བྱས་པ་ཡིན་ལ། བརྒྱུད་རིམ་དེའི་ཁྲོད་དུ་ས་གནས་ཏང་ཨུ་དང་སྲིད་གཞུང་། མངགས་གཏོང་ལས་ཁུངས་སོགས་ཀྱི་འབྲེལ་ཡོད་དབུ་ཁྲིད་དང་། བཅའ་སྡོད་ལས་གྲོགས་དང་ས་གནས་མང་ཚོགས་སོགས་ཀྱི་ཐུགས་འཁུར་དང་རྒྱབ་སྐྱོར་འོག་ས་ཆུའི་ཚོད་ཀྱི་རི་དྭགས་ཞེས་པའི་ཁ་དཔེ་ལྟར་རྒྱ་ཆེ་མང་ཚོགས་ལ་ཕན་འབྲས་ཀྱང་ཅུང་ཙམ་བླངས་པས་ཡིད་སེམས་སྤྲོ་བས་བརྟས། ཡིན་ནའང་། བཅའ་སྡོད་ལས་དོན་གྱི་གོ་རིམ་ཁྲོད་དུ་རང་ཉིད་ལ་གཟུགས་གཞིའི་བདེ་ཐང་དང་། འཚོ་བའི་གེགས་རྐྱེན་སོགས་ཀྱི་དཀའ་ཁག་མང་པོར་འཕྲད་ཀྱང་། རང་ངོས་ནས་ལྷག་བསམ་རྣམ་དག་དང་འབད་འབུངས་ཆེར་བསྐྱེད་ཀྱིས་རང་འཁྲིའི་འོས་འགན་དེ་ཇི་བཞིན་ལེགས་འགྲུབ་བྱེད་པའི་ཆོད་སེམས་དང་ནུས་ཤུགས་ལ་ནམ་ཡང་བཏང་ལྷོད་ཤོར་མ་མྱོང་། ལྷག་པར་དུ་བཅའ་སྡོད་ལས་དོན་གྱི་མཐུན་རྐྱེན་འོག་ཏུ་སྟོད་མངའ་རིས་དང་བར་བྱང་ཐང་ཡུལ་གྱི་འབྲོག་ཁུལ་གཙོ་བྱས་པའི་དབུས་གཙང་ཕྱོགས་ཀྱི་ཡུལ་ལུང་དང་གནའ་ཤུལ་མང་པོ་ཞིག་ལ་རྟོག་ཞིབ་ཀྱི་སྐལ་པ་བྱུང་བ་མ་ཟད། བཅའ་སྡོད་བྱེད་སའི་ཡུལ་ལུང་གང་དེའི་ཤུལ་བཞག་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། དམངས་མིའི་འཚོ་ཚིས། ཐོན་སྐྱེད་ལག་རྩལ། རི་ཆུའི་ཡུལ་ལྗོངས་སོགས་ལ་ཅུང་ཞིབ་མཇལ་དང་རྒྱུས་ལོན་བྱེད་པའི་གོ་སྐབས་ལེགས་པོ་ཞིག་བྱུང་བས་རང་གཞན་གང་ཐད་དུ་བསམ་བློ་བཏང་ཡང་ཧ་ཅང་དོན་སྙིང་ལྡན་པར་འདོད་ཅིང་། ད་རེས་འདིར་ཆེད་དུ་ཐེངས་འགའི་གྲོང་ཚོའི་བཅའ་སྡོད་ལས་དོན་བརྒྱུད་རིམ་ཁྲོད་བྱུང་བའི་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་འགའ་དམིགས་སུ་བཀར་ཏེ་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་ཀློག་མཁན་ལྷན་རྒྱས་ལ་བགྲོ་གླེང་ཙམ་བྱས་པར་དགོངས་འགལ་མེད་པར་ཤོག། །།
སྤྱི་ལོ་2021ལོའི་ཟླ་7པའི་ཚེས་13ཉིན་བྱང་ཐང་སྦྲ་ཆེན་ཡུལ་གྱི་དུང་གཞོང་ལྐོག་གྲོང་ཚོར་བྲིས། 
སྐལ་རྒྱམ། དུས་རབས་ཉི་ཤུའི་ལོ་རབས་བདུན་བཅུའི་དུས་སྨད་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་སྒོ་མེ་ཚོ་བར་སྐྱེས་ཤིང་། ཕ་མ་བཟང་བོའི་སྐུ་དྲིན་དུ་སྔ་གཞུག་ཏུ་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་། ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་འགྲིམས་ཤིང་། སྤྱི་ལོ2006ལོར་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས་ཏེ་བོད་ལྗོངས་ཡིག་ཚགས་ཁང་དུ་བྱ་བར་ཞུགས། ད་ལྟ་ལས་ཁུངས་དེ་གའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཡིན་ལ། གཙོ་བོ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་དང་ཞིབ་འཇུག་གི་བྱ་བ་གཉེར་གྱིན་ཡོད། 1996ལོ་ནས་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་ད་ལྟའི་བར་དུཀྲུང་གོའི་བོད་རིག་པདངབོད་ལྗོངས་ཞིབ་འཇུག》《མཚོ་སྔོན་སྤྱི་ཚོགས་ཚན་རིག》《སྦྲང་ཆར》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《གངས་རྒྱན་མེ་ཏོགསོགས་ཀྱི་སྟེང་དུ་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷག་དང་ལྷུག་རྩོམ་གཙོ་བྱས་པའི་སྒྱུ་རྩལ་རྩོམ་རིགས་མང་ཙམ་སྤེལ། རྩོམ་ཡིག་ཁ་ཤས་ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་མྱོང་། དཔྱད་རྩོམ་དང་ལྷུག་རྩོམ་ཁ་ཤས་མི་རིགས་དཔེ་སྐྲུན་ཁང་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་སོགས་ཀྱིས་པར་སྐྲུན་བྱས་པའི་འབྲེལ་ཡོད་བསྡུས་རྩོམ་དེབ་ཏུ་བདམས་ཡོད།
འབྲེལ་ཡོད་འོས་སྦྱོར།