བདག་གི་རྫི་རོགས།
རྩོམ་པ་པོ།:འཕན་ཕྲུག་ཆོས་འཕེལ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-10-25
ཀློག་གྲངས།:
བདག་གི་རྫི་རོགས།
—གྲོགས་གཙང་དྲག་ཆར་ལ་བྲིས་པ།
འཕན་ཕྲུག་ཆོས་འཕེལ།(ལྷ་ས)
དུས་ཚོད་ཀྱི་གཙང་པོ་མི་རྟག་པའི་རོང་སར་བཞུརཁྱེད་དང་ངའི་སྐྲ་ལོ སྨྲ་ར་དང་ངོ་གདོང
རྦ་རླབས་ཀྱི་ནང་ནས་མངོན་ཙམ་འཇགས་ཙམ
གཡོ་ཙམ་འགུལ་ཙམ་གྱིས་སེམས་ལ་ཧ་ཅང་གཟན
བསྐྱར་ཟློས་ཀྱི་འཚོ་བ་ནི་འུ་ཚོའི་མ་འོངས་ཡིན་ལ
དྲན་པས་བསྐྱུར་བའི་དུས་ཚིགས་ཀྱི་གསང་བ་དག
འབྲི་བཞིན་པའི་སྙན་ངག་དང་བརྩེ་འདང་གི་རྡོག་སྒྲ
ཚོར་བའི་གཤོག་རླབས་དང་ཁུ་སིམ་སིམ་གྱི་མཆོད་པ
ཡང་ན མཛེས་སྡུག་གི་འགྲུལ་བཞུད་ལ་དགའ་བའི
འཁོར་བའི་མགྲོན་པོ་ཞིག་གི་སྐད་ཆ་ཚིག་གསུམ་དང་འདྲ་བས
མི་ཚེ་ནི དྲན་པས་བརྫིས་ཤིང་རྐང་པས་མ་སླེབས་པའི་མུ་མེད་མཐའ་མེད་ཀྱི་བྱང་སྟོང་ཞིག
མི་ཡུལ་འདི ཁྱེད་དང་ངའི་བབས་ཚིགས་ཤིག་སྟེ
ཆ་མི་མཚུངས་པའི་རྐང་རྗེས་རེ་རེ
ལམ་གྱི་སྐྱིད་སྡུག་མཚོན་པའི་རྨ་ཤུལ་རེ་རེ་དང
བྱེ་ཕུང་གི་བྲང་ལ་ཚེར་མ་བཞིན་འཛིང་པའི་དགའ་སྐྱོ་ཆགས་སྡང
རྔུལ་ཆུ་དང་འཛུམ་མདངས་ཀྱིས་བསྙལ་བའི་འཚོ་བའི་དཀར་ཆག་རེད
ཁྱོད་ཀྱིས་བྲིས་པའི་སྙན་ངག་ནི
ལྷབ་ལྷུབ་ཏུ་འཕུར་བའི་ཁ་བའི་འདབ་མ་བཞིན
ངའི་འཇིག་རྟེན་གྱི་སྟོང་ཆར་ཁ་གསབ་བྱེད་ལ
ཁྱོད་ཀྱིས་འཆར་ཡན་ལས་བཏེགས་པའི་ཕོ་བྲང
འཕངས་སེམས་ལས་མཆེད་པའི་ཤུགས་རིང
དྲན་གདུང ལ་རྒྱ བཟོད་པ རྒྱང་རིང
ཐ་སྙད་དེ་དག་རེ་རེ་བཞིན རེ་རེ་བཞིན ངའི་དབུགས་རྒྱུན་དུ་འདྲེས་ཡོང
དོ་ནུབ པར་རྙིང་བ་ཞིག་ལས་ཁྱོད་རང་དྲན
ཁ་བ་འབབ་པའི་མཚན་མོ་ཞིག་ལ་ཁྱོད་རང་ལྷག་ཏུ་དྲན
དུས་ཚོད་དཔྱིད་ཀར་ཐོན་ཡང ངའི་འཇིག་རྟེན་ནི་ད་རུང་སྐྱ་ཐིང་ངེར་ལུས
ཚོར་བའི་དམའ་སར་འཁྱིལ་འོང་བའི་སྐད་ཆའི་ཆུ་ཐིགས
དོ་ནུབ་ཀྱི་ས་གཞི་དང་ནམ་མཁའ
མུན་པ་དང་དྲན་གདུང་གི་ཕྱི་ནང་ལ་སིམས་པར་བྱས་ཏེ
ཐ་སྙད་ཀྱིས་གསོ་མ་ཐུབ་པའི་ལྷ་སའི་པང་ནས
ཁྱེད་ཀྱིས་བྲེགས་ཟིན་པའི་སྐྲ་ལོ་རྐང་རེ་རེ་བཞིན་མཐུད་འདོད
འགྱུར་བ་མེད་པའི་ཁྱེད་ཀྱི་རང་བཞིན་བྲག་རྡོ་འདྲ་བ
དབྱར་ཁའི་ཆར་ཟིམ་ཀློང་ནས་མངོན་བྱུང
སྟོན་ཁའི་རྩི་ཏོག་ནང་ནས་ཚོར་བྱུང
དགུན་ཁའི་གངས་འཁྱགས་འཁྲོད་ནས་རྙེད་བྱུང
དཔྱིད་ཀའི་རྣང་ཞིང་བར་ནས་གསལ་བྱུང
འགྱུར་བ་མེད་པ་ནི་རྟག་བརྟན་ཞིག་མ་ཡིན་ཡང
བྲག་རྡོ་ནི་སྲ་ཞིང་འཐས
ཁྱོད་ཀྱིས“ཚེ་ཡི་ཉི་མ། ལས་ཀྱི་རི་མགོ་ནས་མ་ནུབ་ན"ཟེར
ནམ་ཞིག་ལ འུ་ཚོ་སུ་ཞིག་གི་ཉི་མ
ལས་ཀྱི་རི་མགོ་བརྒལ་སོང་ན
སྐྱིད་ཆུའི་རབ་ཁ་ནས་སྙན་ངག་ཅིག་གྱེར་རྒྱུ
གདབ་ཆོག་པའི་སྨོན་ལམ་འདིའོ
༢༠༢༡/༥/༡༡
འབྲེལ་ཡོད་འོས་སྦྱོར།