logo

ང་ལ་བྱ་དགའི་རྟགས་མ་རེ་རག་རྒྱུ་ནི་རྨོ་མོའི་འཛུམ་མདངས་ཀྱི་ཆེད་དུ་ཡིན།   

རྩོམ་པ་པོ།:རྩྭ་ཕྲན། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-10-26 ཀློག་གྲངས།:
ང་ལ་བྱ་དགའི་རྟགས་མ་རེ་རག་རྒྱུ་ནི་རྨོ་མོའི་འཛུམ་མདངས་ཀྱི་ཆེད་དུ་ཡིན།        
རྩྭ་ཕྲན།

        ལོ་དེའི་སྟོན་ཁར་ང་རང་སློབ་ཞུགས་ཀྱི་ལོ་ཚད་ལོང་བས་སྡེ་དཔོན་གྱིས་ངེད་ཚང་ལ་ངའི་སློབ་ཞུགས་བརྡ་ཐོ་འབྱོར། ང་རང་སློབ་ཞུགས་མ་བྱས་པའི་ཡར་སྔོན་གྱི་ཉིན་མོ་དེར་རྨོ་མོ་དང་ངེད་གཉིས་ཁྱིམ་མཚེས་ཚང་ལ་རུ་ཉུལ་དུ་སོང་བ་ཡིན། ཁྱིམ་མཚེས་ཚང་དང་ངེད་ཚང་བར་ལ་ཕལ་ཆེར་སྤྱི་ལེ་གཅིག་དང་ཕྱེད་ཀ་ཙམ་ཡོད། ང་ནམ་རྒྱུན་ཁྱིམ་མཚེས་ཚང་ལ་འགྲོ་དུས་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་ཞིག་ནམ་ཡང་སྟེར་གྱིན་འདུག ང་ནམ་རྒྱུན་རུ་ཉུལ་དུ་འགྲོ་རྒྱུར་ཡེ་ནས་དགའ་བོ་མེད། ཡིན་ཡང་ཁོ་ཚང་ལ་དམིགས་བསལ་གྱིས་འགྲོ་འདོད་སྐྱེས་ལ་ལན་རེར་སུན་སྣང་ཡང་མང་པོ་ཞིག་སྐྱེས་མྱོང་། དགའ་བ་ནི་ང་ནམ་རྒྱུན་ཁོ་ཚང་ལ་སོང་ནས་ཨ་ཅེ་ཕུར་བུ་མཚམས་གཅོད་ལས་གླིང་སྒྲུང་ཉན་རྒྱུ་དེ་ཡིན། ཨ་ཅེ་ཕུར་བུ་མཚམས་གཅོད་ལགས་ནི་ཁོ་ཚང་གི་བུ་མོ་འབྲིང་བ་དེ་ཡིན་ལ་སློབ་གྲྭ་འགྲོ་མཁན་གཅིག་པུ་དེའང་ཡིན། ལོ་དེ་ལ་ཕལ་ཆེར་མོ་ལོ་རིམ་བཞི་བར་ཐོན་འདུག ང་ཁོང་ཚང་ལ་རུ་ཉུལ་བྱེད་ཐེངས་རེར་ཁོ་མོ་དང་ངེད་གཉིས་ཧ་ཅང་འགྲིག་ཅིང་མཐུན་ལ་ངས་ཀྱང་མོ་རང་ཨ་ཅེ་ལྟ་བུར་བཀུར་བ་ཡིན། ང་རྨོ་མོ་ལགས་ཀྱི་ཤུགས་རྐྱེན་ལས་ནམ་རྒྱུན་གླིང་སྒྲུང་ལ་དགའ་བས་ནམ་རྒྱུན་ཡི་གེ་ཤེས་མཁན་རེ་ཡོད་ཚེ་གླིང་སྒྲུང་རེ་བཤད་པར་རེ་བ་བཏོན་པ་ཡིན། ཨ་ཅེ་ཕུར་བུ་མཚམས་གཅོད་ལགས་ཀྱང་དེའི་ནང་གི་མི་སྣ་གཙོ་གྲས་ཞིག་ཡིན། ཁོ་མོ་གཞུང་རྒྱུད་ཧ་ཅང་དྲང་བས་ངས་མོ་ལ་གླིང་སྒྲུང་སྐོར་གྱི་རེ་བ་བཏོན་ཐེངས་རེར་ཁོ་མོས་ངའི་རེ་བ་མ་སྐོང་བ་གཅིག་ཀྱང་མེད། ཁོ་མོའི་ཀློག་འདོན་གྱི་ནུས་པ་དེ་ཙམ་ལེགས་པོ་མིན་ཡང་ཁོ་མོས་ཀློག་པ་ཙམ་གྱིས་གོ་ཐུབ་པ་ཞིག་ཡིན། ངས་དེ་རིང་ཡང་ངེད་ཚང་གི་དོ་ཆའི་གསེང་གི་ཧོར་གླིང་གཡུལ་འགྱེད་ཀྱི་སྨད་ཆ་ཁྱེར་ནས་འགྲོ་བཞིན་ཡོད། རེད་ཡ། ཡིན་ཡང་སེམས་ཁྲལ་བྱེད་དགོས་ས་གཅིག་ཡོད་པ་ནི་ཨ་ཅེ་ཚང་གི་ཨ་མ་ལགས་ཡིན། ཁོ་མོས་ནམ་རྒྱུན་ཕུར་བུ་མཚམས་གཅོད་“འདི་ལས། ཀན་ལས། དཀར་ཡོལ་ཁྲུས། ཐབ་ལ་མེ་སྣོན། ཁྱེད་གཉིས་སོང་ལ་ཅིག་ཅིག་ཉུག་ཉུག་ལས་ཞེས་”ཚར་རྒྱུ་མེད་པའི་ལས་ཀ་ཞིག་གི་ཆ་རྐྱེན་འདོན་ལ་ང་ཡང་ཁོ་མོའི་ཞོར་ནས་ལས་རྒྱུ་རྫོགས་མེད་ཅིག་བཅོལ་གྱིན་ཡོད། གཅིག་ནས་གླིང་སྒྲུང་ཉན་པའི་གོ་སྐབས་བཟང་བོ་འཕྲོག་ལ་དང་གཉིས་ནས་ལས་ཀ་མང་པོ་ཞིག་ལས་དགོས་པས་ནམ་རྒྱུན་སུན་སྣང་ཞིག་གིས་ཁོ་ཚང་ལ་འགྲོ་འདོད་ཡེ་ནས་མེད། ཡིན་ཡང་དེ་རིང་དམིགས་བསལ་ཞིག་ཡིན་པས་མི་འགྲོ་ཀ་མེད་བྱུང་སོང་། རྨོ་མོ་ལགས་ཀྱིས་གསུང་རྒྱུར་སང་ཉིན་ཁྱེད་རང་སློབ་གྲྭར་འགྲོ་དགོས་པས་ཕུར་བུ་མཚམས་གཅོད་ལ་ཁྱེད་ལ་ཁ་བལྟ་མིག་བལྟ་ཞིག་བྱེད་པར་རེ་བཅོལ་བྱ་དགོས་ཟེར། ཧ་ཅང་བདེ་བོ་མེད་པའི་ལམ་འགྲམ་དུ་ངའི་སེམས་སུ་ཧོར་གླིང་གཡུལ་འགྱེད་ཀྱི་སྨད་ཆའི་ནང་དོན་ལ་བསམ་གཞིག་མང་པོ་བྱས་པ་ཡིན། གེ་སར་གློ་བུར་དུ་ཕེབས་ཐུབ་བམ། ཡང་ན་འབྲུག་མོ་ག་རེ་བྱེད་ཀྱིན་ཡོད་དམ། སེང་སྟག་གི་རྟ་མཆོག་སྟོང་རི་དར་དཀར་ཕྱིར་གླིང་ལ་ཤོར་ཡོད་དམ། རྒྱ་ཚ་བཞུད་ཤུལ་ནས་གླིང་ལ་དོན་དག་ཅི་ཞིག་བྱུང་ངམ། འདི་འདྲའི་ཅི་བ་མང་པོ་ཞིག་གིས་ངའི་གོམ་འགྲོས་སྔོན་ལ་འདེད་ཀྱིན་ཡོད་པ་དང་འདྲ། ཉིན་གུང་གི་ཉི་འོད་ལྷོད་གྱི་ལེར་འཛུམ་ཡོད་ལ་རྩྭ་ཐང་གི་སྟོན་དུས་ཀྱི་ཉིན་གུང་ཁུ་སིམ་མེར་གནས་ཡོད། ཤར་ཕྱོགས་ཀྱི་གནས་རི་མཐོན་པོ་ལྷ་བཙུན་སྐྱེས་རི་དམར་ཡག་གི་རི་རྒྱུད་སྔར་ལ་མཐོ་ལ་གསེར་མདོག་གི་གོས་ཆེན་སེར་པོ་ཞིག་བེར་རྐྱང་དུ་མནབས་པ་དང་ཀུན་ནས་མཚུངས། རི་སྐེད་ན་བག་ཡངས་རྒྱུ་བའི་གཡང་དཀར་ལུག་རྒྱུ་ནི་གསེར་མདོག་གི་དར་ཟབ་ཞིག་ལ་མུ་ཏིག་གི་ཕྲ་བཏབ་པ་གཉིས་སུ་མེད། གཡུ་འབྲུག་གི་འཁྱུག་འགྲོས་ངོམས་པ་ལྟ་བུའི་བྱ་དར་ཆུ་བོ་ནི་དལ་གྱིས་རྒྱུ་ལ་ཤག་ཤག་གི་བཞུར་སྒྲ་སྙན་མོ་ཞིག་མཐའ་ཡས་པའི་རྩེ་གཞོང་རྩྭ་ཐང་གི་མུ་མཐའ་མེད་པའི་ཁོར་ཡུག་ཀུན་ན་བག་ཡངས་རྒྱུ། སྤྲིན་དཀར་གྱི་འདུ་འགོད་མེད་པའི་ཨ་སྔོན་གྱི་མཁའ་དབྱིངས་ནི་སྔར་ལས་སྔོ་ལ་སྔར་ལས་དྭངས་བ་ཞིག་གི་ཚོར་བ་དབང་མེད་སྟེར། ཕྲེང་བསྒྲིགས་པའི་ཁྲུང་ཁྲུང་གི་ཁྱུ་ཚོགས་དང་མིང་མི་ཐོགས་པའི་བྱ་ཁྱུ་མང་པོ་ཞིག་ལྷོ་རུ་འཕུར་བཞིན་ཡོད། སྐབས་དེའི་གནས་ཚུལ་ནི་མཁས་དབང་དགེ་ཆོས་ལགས་ཀྱི་གསུང་རྩོམ་ལ།
དྭངས་གསལ་དྲི་མ་མེད་པའི་རྒྱ་མཚོ་ན། །
ངང་པའི་བུ་མོ་དལ་གྱིས་རྒྱུ་བ་འདིས། །
སྤྲིན་བྲལ་སྟོན་གྱི་ནམ་མཁའ་དྭངས་པ་ལ། །
ཉ་གང་ཟླ་བ་བགྲོད་པའི་མཛེས་སྡུག་འཕྲོག །
        ཅེས་པའི་ཚིགས་བཅད་དེའི་འཚོ་བ་དང་ཅི་འདྲའི་ཉེ་བ་ཞིག་ཚོར་སོང་། བསམ་གཞིག་དང་རོལ་མྱོང་ཁྲོད་ནས་རྨོ་མོ་ངེད་གཉིས་གློ་བུར་དུ་ཁྱིམ་མཚེས་ཚང་གི་སྒོ་དྲུངས་ལ་སླེབས་འདུག ནམ་རྒྱུན་གོམས་ལོབས་སུ་གྱུར་བའི་སྒོ་ཁྱི་རྒྱ་བོས་ང་ལ་མིག་གིས་ལྟ་ཙམ་ཡང་མི་བྱེད་པར་གཉིད་དུ་ཡུར་འདུག ཁྱིམ་མཚེས་ཚང་གི་ཁྱིམ་མི་ཚང་མ་གཅིག་རྗེས་གཉིས་མཐུད་ཀྱིས་ངེད་གཉིས་སྔོན་བསུ་བྱས། ཨ་ཅེ་ཕུར་བུ་མཚམས་གཅོད་ལགས་ཀྱང་ཕེབས་བྱུང་། ངས་དེ་མུར་རུམ་ནས་ཧོར་གླིང་གཡུལ་འགྱེད་ཀྱི་དཔེ་ཆ་དེ་སྟོན་ཙམ་བྱས་པ་ན་ཁོ་མོས་ཀྱང་འཛུམ་མུལ་མུལ་བྱེད། རྨོ་མོ་དང་ངེད་གཉིས་ཁོ་ཚང་དུ་སླེབས་ནས་ཐོག་མར་གུང་ཇ་འཐུང་རྗེས་རྨོ་མོས་ང་རང་སློབ་གྲྭ་སྐྱེལ་དགོས་ཚུལ་དང་ཨ་ཅེ་ཕུར་བུ་མཚམས་གཅོད་ལགས་ལ་ང་རང་བཅོལ་དམ་ཡང་ཡང་བྱས། དེ་རིང་ཁོང་ཚང་གི་ཨ་མ་ལགས་ཀྱིས་ཀྱང་མང་པོ་ཞིག་མི་བཤད་ལ་ལས་རྒྱུའང་བལྟས་བཅོས་ཀྱིས་མེད་པར་སྙམ་སོང་། སྐབས་དེར་ཁོང་ཚང་གི་ཨ་མ་ལགས་ཀྱིས་དོ་ཆའི་གསེང་གི་སྒམ་སེར་པོ་དེ་ལས་ཤོག་བུ་ཞིག་བླངས་ནས་རྨོ་མོ་དང་ངེད་གཉིས་ལ་བསྟན། ཤོག་བུ་དེ་གྲུ་བཞི་ནར་མོ་ཞིག་ཡིན་ལ་ཕལ་ཆེར་སྲིད་ལ་ལི་སྨི་ཉི་ཤུ་དང་ཞེང་ལ་ལི་སྨི་སུམ་ཅུ་ཡོད་པའི་གསེར་མདོག་ཅན་གྱི་ཤོག་བུ་ཞིག་རེད། ཤོག་བུའི་ངོས་སུ་སྐར་མ་ལྟ་བུ་ཆེ་བ་ཞིག་མགོ་ན་འདུག་ལ་དཀར་ཤ་གཉིས་ཉིས་གཤིབ་བྱས་ནས་ཤོག་བུའི་མཐའ་གཉིས་སུ་གྱེས་ཡོད། ཤོག་བུའི་དཀྱིལ་དབུས་ཡིག་འབྲུ་ཆེ་བ་བཞི་འདུག ངས་ཡིག་འབྲུ་ཆེས་མཐའ་མ་དེ་མ་གཏོགས་འདོན་མ་ཐུབ། དེ་ནི་མ་ཡིན། སྐབས་དེར་ངས་གསལ་བཤད་སུམ་ཅུ་སྤོ་ལོ་ལགས་ལས་ཀློག་ཐུབ་པ་ཙམ་ལས་འབྲི་གཏན་ནས་མི་ཤེས། ཡི་གེ་ཆེ་བ་བཞི་བོའི་རྗེས་སུ་ཐིག་ཤར་གསུམ་ཙམ་བྲིས་ཡོད། ཆེས་རྗེས་མར་གོར་ཐིག་དམར་པོ་ཞིག་རྒྱབ་འདུག་ལ་དེ་ནི་ཕལ་ཆེར་སྡེ་དཔོན་གྱིས་ཞལ་འདེབས་དང་དཔྱ་ཁྲལ་སྤྲོད་དུས་མིང་ཐོགས་ལ་གནོན་པའི་མཛུབ་ཐེལ་ཟེར་བ་དེ་མིན་ནམ་སྙམ། ཡང་མི་གཅིག་པ་ཞིག་ལ་དེ་མཛུབ་ཐེལ་དང་མི་འདྲ་བར་དཀྱིལ་དུ་ཨ་ལོང་ལྟ་བུ་ཡིན་ལ་ད་དུང་ནང་ལ་ཡི་གེའང་མང་པོ་ཡོད་པ་ཞིག་རེད། གསེར་མདོག་གི་ཤོག་བུ། གྲལ་འགྲིག་པའི་ཡི་གེ དམར་མདངས་བཀྲ་བའི་སྐར་མ། ངའི་ཡིད་སེམས་ཅིག་ཅེར་དུ་འཕྲོག་སོང་། ངས་དེ་མུར་ཨ་ཅེ་འདི་ཅི་རེད་ཅེས་བཤད་པ་ཡིན། སྐབས་དེར་ཁོང་ཚང་གི་ཨ་མས་གསལ་བཤད་བྱས་སོང་། འདི་ནི་བྱ་དགའི་རྟགས་མ་རེད། ཨ་ཅེ་ཕུར་བུ་མཚམས་གཅོད་ལགས་ལ་བྱ་དགར་སྤྲད་པ་རེད། རྗེས་སོར་ཁྱེད་ཀྱིས་ཀྱང་སློབ་སྦྱོང་ལ་འབད་པ་བྱོས་དང་བྱ་དགའི་རྟགས་མ་སྟེར་ནི་རེད་ཟེར། སྐབས་དེར་རྨོ་མོས་གློ་བུར་དུ་ཨ་ལ་ལ་ཅི་འདྲའི་ཡག་པོ་ཞིག་རེད་ཨང་། དངོས་གནས་བུ་མོ་ངར་བ་ཞིག་རེད་ཟེར། དུས་དེར་ཨ་ཅེ་ཕུར་བུ་མཚམས་གཅོད་ལགས་ཀྱི་གདོང་ལ་སྔར་མེད་ཀྱི་སྤོབས་པ་ཞིག་གིས་ཡོངས་སུ་ཁེངས་ཡོད། ང་ཁོ་མོར་ཡིད་སྨོན་ཞིག་ཀྱང་ངང་གིས་སྐྱེས་སོ། །
        ལོ་ཟླ་ནི་ལྡོག་མེད་ཀྱི་གཙང་བོ་བཞིན་མུ་ནས་མུ་རུ་བཞུད།
        ང་རང་སློབ་གྲྭར་ཞུགས་ནས་ཟླ་བ་བཞི་ལྷག་འགོར་ནས་ཕྱིར་ཕ་ཡུལ་ལ་གནང་བ་སྟེར་བའི་ཉིན་མོར་ཁེལ་སོང་། ཉིན་མོ་དེར་མཇུག་རྒྱུགས་ཀྱི་བྱ་བ་ཡོངས་སུ་ལེགས་གྲུབ་བྱུང་བས་བྱ་དགའ་གནང་བའི་འཚོགས་འདི་འཚོག་བྱུང་། སློབ་སྟོན་ཀྲུའུ་རིན་ལགས་ཀྱིས་འཛིན་གྲྭ་དག་ལས་ཨང་དང་པོ་ནས་གསུམ་པ་བར་དུ་བྱ་དགའ་གནང་བྱུང་། ཐོག་མར་ཨང་དང་པོ་དག་བོས་བྱུང་། ལོ་རིམ་དང་པོའི་སློབ་གྲོགས་ཞེས་ངའི་མིང་བོས་མ་ཐག་ང་དགའ་སྤྲོའི་ངང་ནས་དགེ་རྒན་ལགས་ཀྱི་གམ་ལ་བཅར་བ་ཡིན། དགེ་རྒན་ལགས་ཀྱིས་མི་དྲུག་པོའི་མིང་ཐོ་བསྒྲགས་རྗེས་བྱ་དགའ་གནང་བྱུང་། སྐབས་དེར་ངའི་སེམས་སུ་མཚར་སྡུག་ལྡན་པའི་གསེར་མདོག་ཅན་གྱི་བྱ་དགའི་རྟགས་མ་ཞིག་གི་སྣང་བརྙན་ཡིད་ལ་ཡང་ཡང་འཁོར་བར་བྱེད། ཡིན་ཡང་ཡིད་སྐྱོ་བ་ཞིག་ལ་ཨང་དང་པོ་ལ་ཞ་སྨྱུག་སུམ་ཅུ་ལས་གང་ཡང་མི་འདུག ངའི་མིག་ཆུ་རྡོག་པོ་འགའ་ངོ་གདོང་ནས་ཤམ་ཤུམ་བཞུར་ལ་ངག་གང་ཡང་འཁྲོལ་མ་སོང་། ད་ནི་ང་ལ་བྱ་དགའི་རྟགས་མ་མེད་ལ་རྨོ་མོར་ཁས་ལེན་བྱས་པའི་དམ་བཅའ་དང་པོ་དེར་འགལ་སོང་། ང་རང་སློབ་གྲྭར་འགྲོ་ཁར་རྨོ་མོའི་སྐེ་ལ་འཐམས་ནས་འོ་ཞིག་བྱས་ནས་ང་ད་ཐེངས་ཕྱིར་ཡུལ་ལ་ཡོང་ཁར་བྱ་དགའི་རྟགས་མ་ཁྱེར་ནས་ཡོང་རྒྱུ་ཡིན་ཞེས་པའི་སྐད་ཆ་དེ་ཡང་ཡང་དྲན་ལ་མིག་ཆུ་སྔར་ལས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་། ཆོས་ཉིད་ཀྱི་མདུན་ནས་ངས་ཐོག་མར་མགོ་སྒུར་དགོས་བྱུང་སོང་། འདི་ནི་ངའི་མི་ཚེའི་སྟེང་ཐེངས་དང་པོར་ཁས་ལེན་བྱས་པའི་བྱ་བ་ལེགས་འགྲུབ་འབྱུང་མ་ཐུབ་པ་གཅིག་པུ་དེ་ཡིན། ལོ་དེའི་ཕྱིར་ལོའི་མཇུག་རྒྱུགས་ཁྲོད་ངས་ད་གཟོད་བྱ་དགའི་རྟགས་མ་དེ་རག་སོང་། དེ་ནི་ཨ་ཅེ་ཕུར་བུ་མཚམས་གཅོད་ལགས་ཀྱི་བྱ་དགའི་རྟགས་མ་ནང་བཞིན་གསེར་མདོག་མེད་ལ་ཆེས་ཡིད་དབང་འཕྲོག་པ་ཞིག་ཀྱང་མིན་ལ་ཆེས་སྤྱིར་བཏང་ཞིག་རེད། ངས་བྱ་དགའི་རྟགས་མ་དེ་ཁྱེར་ནས་རྨོ་མོ་ལ་སྤྲད་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་རྨོ་མོའི་གདོང་ལ་སྔར་མེད་ཀྱི་འཛུམ་མདངས་ཞིག་རྒྱས་ལ་མིག་ཆུ་རྡོག་པོ་འགའ་ཡང་ཞོར་ནས་བཞུར། ཁོ་མོས་གསུང་རྒྱུར་གཅེས་ཕྲུག་དངོས་གནས་ཡག་པོ་རེད། འདི་ནི་ཕུར་བུ་མཚམས་གཅོད་ཀྱི་བྱ་དགའི་རྟགས་མ་ལས་ཀྱང་ཆེས་མཛེས་སྡུག་ལྡན་པ་ཞིག་རེད། འུ་ཚང་ལ་བྱ་དགའི་རྟགས་མ་ལེན་མཁན་ཞིག་ཡོད་སོང་ཟེར་ནས་དགའ་འབོད་བཏང་སོང་། དུས་དེ་ནས་བཟུང་ངའི་སེམས་ལ་དྲོད་ཁོལ་གྱི་བརྩེ་བ་ཞིག་གིས་ཡོངས་སུ་ཁྱབ་སོང་། དུས་དེ་ནས་བཟུང་ངས་མི་ལོ་བཅུ་གསུམ་ཙམ་ལ་བྱ་དགའི་རྟགས་མ་བརྩོན་ལེན་བྱས་པ་ཡིན། བྱ་དགའི་རྟགས་མ་རེ་རེའི་རྗེས་སུ་རྨོ་མོའི་འཛུམ་མདངས་རེ་ཡོད་པ་བསམ་ཚེ་ངའི་ཡ་ཆུང་ཁོག་ལ་དྲོད་ཁོལ་གྱི་བརྩེ་བ་ཞིག་གིས་ཡོངས་སུ་ཁྱབ་འགྲོ། ཁོ་མོའི་དགའ་འབོད་དང་མིག་མཐར་འཁྱིལ་བའི་བརྩེ་བའི་མིག་ཆུ་རྡོག་པོ་རེ་རེ་ང་ཁོ་ནས་ཆེད་དུ་བཞུར་ལ་ང་ཁོ་ནའི་ཆེད་དུ་ཕུལ། མི་སུ་ལའང་འཇིག་རྟེན་སྟེང་ཆེས་སྙིང་ཉེ་ཤོས་ཀྱི་མི་རེ་ཡོད་ལ་སེམས་ཀྱི་དྲོད་ཁོལ་རེ་ཡོད་སྲིད། ང་ཡང་ཆོས་ཉིད་དེ་ལས་ག་ལ་འདས། ང་ལ་ཆེས་འདང་ཆེ་ཤོས་དེ་རྨོ་མོ་ལགས་ཡིན། ད་ནི་ང་རང་ཕོ་ལོ་ཉི་ཤུར་སོན་པའི་སྟག་ཤར་ཞིག་ཡིན་ཡང་ང་རང་སློབ་གྲྭར་འགྲོ་ཁར་རྨོ་མོའི་བརྩེ་འདང་གི་མིག་ཆུ་རེ་རེ་ངས་ཕྱིར་རྟོགས་བྱེད་མི་འདོད་པའི་དད་འདུན་ཞིག་ཡིན། སྐུ་ལུས་འཁྱོར་བའི་རྒན་མོ་ཞིག སྐྲ་ལོ་དཀར་བའི་རྒན་མོ་ཞིག གཉེར་མའི་ཁེངས་བའི་རྒན་མོ་ཞིག ད་དུང་མིག་ཆུ་དང་སྐྱོ་གདུང་ཁྲོད་ན་ཡོད། ངའི་རྨོ་མོ། རླབས་ཆེ་བའི་སེམས་ཀྱི་ལྷ་མོ། ད་ལྟ་ངས་ཁྱེད་ལ་དྲིན་ལན་རེ་མཇལ་རྒྱུ་ནི་བྱ་དགའི་རྟགས་མ་ལས་འཕྲོས་པའི་འཛུམ་མདངས་དེ་ཡིན།ངས་མི་ལོ་བཅུ་གསུམ་ལྷག་ལ་འཛུམ་མདངས་དེ་རུམ་པ་ཡིན། འཛུམ་མདངས་དེ་ངའི་སེམས་ཀྱི་དྲོད་ཁོལ་དང་ངའི་རེ་བའི་རྨི་ལམ་ཡིན། བརྩེ་བའི་མ་མ། ཁྱེད་ཀྱིས་ང་ཁོ་ནའི་བྱ་དགའི་རྟགས་མར་བལྟས་པས་ག་ལ་ཆོག ད་དུང་འུ་ཚང་གི་མ་འོངས་བ་དག་གི་བྱ་དགའི་རྟགས་མ་ལའང་ཁྱེད་ཀྱི་འཛུམ་མདངས་མཁོ་ལགས། ཁྱེད་ཉིད་སྐུ་ཚེ་རྟག་བརྟན་ཤོག།
        ངས་ནམ་རྒྱུན་བྱ་དགའི་རྟགས་མ་རེ་རག་ཐེངས་རེར་ཐོག་མར་དྲན་པ་ནི་རྨོ་མོའི་འཛུམ་མདངས་ཡིན། འཛུམ་མདངས་དེའི་ང་ལ་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་སྟོབས་ཤུགས་ཞིག་སྟེར་ཐུབ། ད་ལོར་ངས་བྱ་དགའི་རྟགས་མ་ཞིག་ཁྱེར་ནས་རྨོ་མོ་ལགས་ལ་ཕུལ་བ་ཡིན། རྨོ་མོ་ལགས་ཀྱི་ད་ནི་དངོས་གནས་ཡག་སོང་། བྱ་དགའི་རྟགས་མ་ལྔ་བཅུ་ལས་བརྒལ་སོང་ཟེར་བཞིན་དཀར་ལ་ཉུང་བའི་སྐྲ་ལོ་དག་ནི་གཡག་རྔ་ཟད་པོ་བཞིན་ཧ་ཅང་ཉུལ། སྐྱིབས་མོ་མོད་པའི་ངོ་གདོང་ཡང་སྔར་ལས་ཀྱང་རྒས་འདུག་ལ་དུང་སོ་སུམ་ཅུའི་གྲལ་རྐང་ཡང་ཁ་ཐོར་དུ་གྱུར་འདུག ཟུངས་ཟད་པའི་སྐུ་ལུས་ཀྱང་སྔར་ལས་ཉམ་ཐག་ཏུ་གྱུར་འདུག ད་ནི་ངའི་མགྲིན་པ་བརྣངས་བས་རྨོ་མོ་ལགས་ཀྱི་སྐུ་ལུས་འབྲི་མཚམས་འཇོག་དགོས་སོང་། ཞོར་ནས་ད་དུང་ངས་མི་གཅིག་ལ་བཀའ་དྲིན་ཞུ་དགོས། དེ་ནི་ཨ་ཅེ་ཕུར་བུ་མཚམས་གཅོད་ལགས་ཡིན། ན་ནིང་དབྱར་ཁར་ཁོ་མོ་ངེད་ཚང་ལ་རུ་ཉུལ་དུ་ཐོན་བྱུང་། ཁོ་མོས་ངའི་བྱ་དགའ་རྟགས་མ་དག་ལ་བལྟ་བཞིན་ཅི་འདྲའི་མང་བ་ལ་ཨང་ཟེར། སྐབས་དེར་ང་དགོད་བཞིན་ཏུ་ཨ་ཅེ་ལགས་ངའི་བྱ་དགའ་འདི་དག་གི་གྲལ་ན་ཁྱེད་ཀྱི་བྱ་དགའ་དེ་ལས་མཛེས་པ་ཞིག་ནམ་ཡང་མི་འདུག་ཅེས་ལབ་པ་ཡིན། ཁོ་མོས་ག་ལ་ཡིན། ང་ལ་བྱུང་བྱ་དགའི་རྟགས་མ་དེ་ལས་མེད་ཟེར་བཞིན་མགོ་བོ་དུད་པར་གྱུར། ཨ་ཅེ་ཕུར་བུ་མཚམས་གཅོད་ལགས་ནི་གནས་ལ་སོང་ནས་བྱིས་པའང་གཉིས་ཙམ་བཙས་འདུག གང་ལྟར་ངས་ཁོ་མོར་བཀའ་དྲིན་ཞིག་ཞུ་དགོས་བསམ་སོང་། ཁོ་མོའི་བྱ་དགའི་རྟགས་མ་དེ་ལའང་བཀའ་དྲིན་ཞིག་ཞུ་དགོས་བྱུང་སོང་། དུས་ཚོད་ཁལ་གྱིས་འདས་ནས་མི་ལོ་བཅུ་ཕྲག་ཅིག་མིག་རྡེབ་དབང་ཙམ་གྱི་འདས་སོང་། ཕྱིར་དྲན་རེ་བྱས་ཚེ་དོན་དག་འདི་དག་ཁ་སང་བྱུང་བ་དང་འདྲ་བར་སེམས་ལ་ཝ་ལེར་འཆར་དུས་རྨོ་མོ་ལགས་ཀྱང་ཡིད་ལ་ཝ་ལེར་འཆར་ཡོང་། འཛུམ་མདངས་ཀྱིས་སྤྲས་པའི་ངའི་རྨོ་མོའི་རེ་བ། དེ་རིང་སྔར་བཞིན་སྟོན་ཁའི་ཉིན་མོ་ཞིག་ཡིན་ལ་སློབ་ཆུང་སློབ་མ་དག་སློབ་མགོ་བརྩམས་ནས་ཉིན་བཅུ་ཕྲག་ཅིག་ལས་འདས་མེད་པ་འདྲ། ང་ཡང་ལོ་བཅུ་ཕྲག་ཅིག་གི་སྔོན་ལ་སེམས་སུ་རྨོ་མོར་བཅངས་བའི་དམ་བཅའ་དང་རྨོ་མོའི་འཛུམ་མདངས་རུམ་བཞིན་ལམ་བུ་འདི་རུ་སྙེག་པ་ཡིན།ད་ནི་ངས་རྨོ་མོའི་འཛུམ་མདངས་ལ་བཀའ་དྲིན་ཞུ་བཞིན་ཡོད། ངས་སྔར་བཞིན་རྨོ་མོའི་འཛུམ་མདངས་ཀྱི་ཆེད་དུ་རང་ཉིད་ཀྱི་ལམ་བུ་བྱ་དགའི་རྟགས་མ་ལ་འབུལ་རྒྱུ་ཡིན། མདོར་དེད་ན་རྨོ་མོའི་འཛུམ་མདངས་ཀྱི་ཆེད་དུའོ། །
འབྲེལ་ཡོད་འོས་སྦྱོར།