logo

ཞྭ་སེར་ཅོད་པན་འཛིན་པ།

རྩོམ་པ་པོ།:གནུབས་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-10-26 ཀློག་གྲངས།:
ཞྭ་སེར་ཅོད་པན་འཛིན་པ།
                                                             -ཇོ་ནང་སྐྱབས་མགོན་འཇིགས་མེད་འཕྲིན་ལས་རྣམ་རྒྱལ་མཆོག་གི་འཁྲུངས་སྐར་ལ་ཕུལ་བ།
གནུབས་རྒྱལ་མཚན།(མགོ་ལོག) 

ལུང་རྟོགས་བསྟན་པའི་རྒྱལ་མཚན་རབ་མཛེས་གཙུག་ན་ལྷུན་ཆགས་འོད་ཀྱི་དྲ་བའི་ཅོད་པན་འཛིན། ། 
ཉོན་མོངས་ཚོགས་བཅོམ་དུག་གསུམ་བདུད་འདུལ་ཤེས་རབ་སྣང་བའི་མུན་སེལ་ཉིན་བྱེད་དབང་བོ་ཉིད། ། 
བདེན་གཉིས་བསྟེན་འཛིན་གསུང་ངག་རང་གྲོལ་གངས་ཀྱི་སྲིད་ན་ཁྱད་འཕཊ་དཔལ་རྫོཊ་མངོན་སངས་རྒྱས། ། 
མཚན་ལེགས་དཔེ་བྱད་བརྒྱད་བཅུས་ཡོངས་སྤྲས་ཐུབ་དབང་ཟླ་བ་ཤཱཀྱའི་མཚན་ཅན་བདེ་གཤེགས་རྒྱལ། ། 
སྐྱབས་གསུམ་དབྱེར་མེད་ཞབས་ཀྱི་པད་མོར་སྒོ་གསུམ་གུས་པས་རྟག་པར་བརྩོན་ལ་ཕྱག་བགྱིའོ། ། 

གངས་ཅན་མཁས་གྲུབ་ཡོངས་ཀྱི་ཚོགས་སུ་རྒྱུ་སྐར་དབུས་ན་ཉ་རྒྱས་ཟླ་བཞིན་འཕགས་པའི་ལྷ། ། 
བདེན་སྟོབས་བསླུ་མེད་དཀོན་མཆོག་རིན་ཆེན་སྐུ་གསུམ་ཉིན་བྱེད་དཀྱིལ་འཁོར་ཡོངས་རྒྱས་པ། ། 
བསྟན་པའི་པད་ཚལ་ས་སྟེང་ཀུན་ཁྱབ་ཐོས་བསམ་རིག་པའི་ལུང་རིགས་སྨྲ་བའི་ཁྱུ་མཆོག་སྡེའི། ། 
གཙུག་གི་མཛེས་རྒྱན་དྲི་མེད་ཀུན་ད་ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན་མཚན་ཅན་ལ། ། 
དད་ཤུགས་དྲག་པོས་སྐུལ་བ་ལྷུར་བསླངས་སྨོན་ལམ་ཟབ་མོས་ཐུགས་བསྐྱེད་གསོལ་བ་འདེབས་ལགས་སོ། ། 

འཇིགས་ཚོགས་རྨོངས་པའི་འཁོར་བ་ལས་གྱེས་བསྟན་པའི་ཞྭ་སེར་ཅོད་པད་འཛིན་པའི་ཁྲི་ལ་གསོལ། ། 
མེད་གསུང་གསང་གསུམ་ཞི་ལྷག་ཆོས་དབྱིངས་མངོན་མཁྱེན་གྲུབ་བརྙེས་དམ་པའི་ཁུར་ཆེན་བཏེཊ་པའི་ངོར། ། 
འཕྲིན་ལས་བ་དན་ཕྱོགས་བཅུའི་ཟེར་བརྒྱ་འོད་སྣང་འབུམ་འཕྲོ་གངས་ལྗོངས་བསྟན་པའི་གསོ་སྨན་དུ། ། 
ལས་མཛད་དམ་པ་སྐྱབས་ཀྱི་མཆོག་གཏེར་གཟི་བྱིན་དཔལ་འབར་དགེ་སློང་ཉི་ཟླས་འགྲན་བྲལ་བ། ། 
མཆོག་ཉིད་གང་དེའི་སྐུ་གསུང་ཐུགས་གསུམ་བསམ་གྱིས་མི་ཁྱབ་བདེན་གཉིས་ལམ་གྱི་རྫིང་བུར་འཇུག།  

རབ་བྱུང་བཅུ་དྲུག་ཤིང་སྤྲེལ་ལོ་ཡི་ཆིག་སྟོང་བཞི་བཞིར་སྐུ་གཟུགས་པད་འདབ་རབ་བརྐྱངས་ཏེ། ། 
ཨ་མདོའི་རྔ་བའི་བསུ་བ་སྡེ་རུར་ཡབ་ནི་ཡུལ་སྐྱོང་ཡུམ་ཆེན་གཡང་སྐྱིད་སྲས་སུ་འཁྲུངས། ། 
ནར་སོན་ཚེ་ན་རྒན་རབས་ཆོས་གོ་མཁས་བཙུན་རྣམ་གཉིས་དྲུང་ནས་ཀློག་སོགས་བསླབས་པ་མནོས། ། 
གཙང་བ་སེ་སྤྲུལ་སྐུ་ཅན་པད་མ་དབང་དྲག་རྩལ་ཞེས་ཡོངས་གྲགས་གྲུབ་པའི་སྐྱེས་བུ་དང་། ། 
ཤུ་ནང་ངག་དཔལ་བྱ་ཡུར་བསྟན་རབ་སོགས་ཀྱིས་གཙང་ཆེན་ཡང་སྤྲུལ་འཁྲུལ་མེད་ངོས་འཛིན་གནང་། ། 

སྙིགས་མའི་དུས་འདིར་རྒྱལ་བསྟན་སླར་གསོའི་ཐུགས་ཀྱི་དགོངས་པའི་རྫོགས་རིམ་ཆེན་མོ་མཐར་བཀྲལ་ཏེ། ། 
མིའི་རྣམ་གར་བྱོན་སྦྱོར་བའི་གདམས་པ་ཉམས་ལེན་རྫོགས་པར་བྱང་ཆུབ་རྒྱུད་ལ་དབང་འབྱོར་ཞིང་། ། 
ཟབ་གསལ་དྲི་མེད་ཆོས་ཀྱི་གྲུ་ཆར་འཕངས་མེད་འགྲོ་ལ་བརྩེ་བས་སྦྱིན་མཛད་ཉི་མའི་མགོན། ། 
མི་མཇེད་བདག་པོ་གཉིས་མེད་གསུང་གི་མཛད་འཕྲིན་གངྒཱའི་རླབས་རྒྱུན་ཟག་མེད་རྣམ་རོལ་སྐུ། ། 
བརྩེ་ཆེན་རང་གཟུགས་རྒྱལ་བའི་རྒྱལ་ཚབ་མཁྱེན་དཔྱོད་བློ་གྲོས་དཔལ་འབར་གཙུག་ཏོར་སྤྱི་བོས་འདུད། ། 

ཐུགས་བསྐྱེད་གོ་ཆ་ཆེས་ཆེར་བགོས་ཏེ་བསྟན་འགྲོའི་མགོན་དུ་གར་བསྒྱུར་འཆང་མཛད་ཐུབ་པའི་སྲས། ། 
གཞི་གསུམ་ལག་ལེན་གདམས་པ་མཐར་ཕྱིན་མངོན་རྫོགས་བྱང་ཆུབ་ས་བཅུའི་དབང་ཐོབ་སེམས་དཔའ་ཆེ། ། 
ངེས་དོན་བསྟན་པའི་ཟབ་ལམ་མཁྱེན་དཔྱོད་ཟབ་དབྱིངས་ཆོས་ཀྱི་སྙིང་བོ་རྟོགས་སད་ལྷ་རྔའི་སྒྲ། ། 
ཇོ་ནང་བསྟན་པའི་གཟི་བྱིན་ས་གསུམ་ཀུན་ཁྱབ་གྲགས་པའི་སྙན་པ་མཐོར་བཏེགས་མངའ་བདག་རྗེ། ། 
འཇིཊ་མེད་འཕྲིན་ལས་རྣམ་རྒྱལ་མཆོག་གི་འཁྲུངས་སྐར་ཉི་གཞོན་པད་ཚལ་རྒྱས་པའི་དུས་སྟོན་བསུ། ། 

བརྩེ་ཆེན་སྙིང་རྗེའི་རང་གཟུགས་དྲི་མེད་ལྷར་བཅས་འགྲོ་རྣམས་ཁམས་གསུམ་གནས་ཀྱི་ཡུལ་གྲུ་རུ། 
རེས་མེད་ཕྱོགས་ཁྱབ་མཛད་འཕྲིན་ཉི་ཟླའི་འོད་སྣང་རབ་གསལ་བདེན་སྟོང་ཞི་དབྱིངས་རང་སར་གྲོལ། ། 
བདེ་སྟོང་གཟུངས་འཇུག་དབྱེར་མེད་རང་བཞིན་རྣམ་དག་བརྩོན་པས་ཉེ་བར་རབ་དྲང་མགོན་པོའི་གཉེན། ། 
གཙོར་གྱུར་སྐྱབས་མགོན་དམ་པ་གང་དེའི་ཆོས་སྐུ་བཞིན་ལེགས་རྣམ་པར་ཤར་བའི་གདུལ་བྱའི་ངོར། ། 
བསླབ་གསུམ་ཚུལ་ཁྲིམས་གཙང་མའི་བསུང་འཁྱིལ་དངོས་གྲུབ་ནོར་བུའི་འདོད་འཇོ་ཀུན་འབྱུང་དགེ་ལེགས་འཕེལ། ། 

མདོ་སྔགས་བསྟན་ལ་རྨད་བྱུང་མཁྱེན་རབ་འོད་གསལ་འདུས་པའི་ངང་ཚུལ་ཟབ་མོ་ལྟ་བ་ཡིས། ། 
སྟོང་ཉིད་ཐེག་པའི་གནད་རྣམས་མ་ལུས་ཅིག་ཅར་མཁྱེན་པའི་རང་གཟུགས་ལྷུན་གྲུབ་བློ་གྲོས་རྩལ། ། 
ཐོགས་མེད་འཁྱུགས་པའི་ཤེས་རབ་རྣོན་པོས་ནང་སྟོང་གཞི་དབྱིངས་རྩ་མདུད་རྒྱ་གྲོལ་དཔོག་དཀའི་ལས། ། 
འགྲོ་རྣམས་མོས་པ་གདུལ་བྱ་ཅི་སྟོན་ཐུགས་ཡངས་དགོངས་པ་ཉེ་བར་རབ་མཛེས་ཞི་བའི་ལྷ། ། 
གང་གི་ཡོན་ཏན་མངོན་པར་རབ་རྫོགས་ཆུ་གཏེར་ཤེས་བྱས་བློ་རྒྱ་གཏམས་མཛད་མགོན་པོར་འདུད། ། 

བསྟན་འཛིན་སྐྱེས་བུའི་རྣམ་ཐར་སྐྱོངས་མཁས་མཁས་པའི་གཙུག་ན་ཟླ་བཞིན་འཕགས་པའི་སྐྱབས་ཀྱི་རྗེ། ། 
ཁམས་གསུམ་སྐྱེ་དགུར་བདག་གཞན་གཉིས་མེད་གསུང་གི་གདམས་ངག་བདུད་རྩི་འོ་མའི་རྒྱ་མཚོ་ཆེ། ། 
ཐུགས་ཀྱི་བུམ་ལས་ས་ཆེན་ཁྱོན་དུ་འཛད་མེད་པཀྵུའི་རྒྱུན་བཟང་རབ་བསྟེན་ཤེལ་དཀར་ཆུས། ། 
རྒྱུད་ཀྱི་ཉོན་མོངས་གཏིང་མིག་ཐམས་ཅད་འཇོམས་པར་མཛད་པའི་ལས་སྣང་དག་པའི་མཛད་སྐྱོངས་པ། ། 
ངེས་གསང་བསྟན་པའི་མངའ་བདག་དྲིན་ཅན་གསུང་གསུམ་གཡུ་ལོ་བཀོད་པའི་ཞབས་སྤྱིར་གུས། ། 

སྐུ་ལ་བརྗིད་ཆགས་ངོ་མཚར་རྟགས་འབྱུང་བརྟན་གཡོའི་བཀོད་པའི་མཛེས་སྡུག་རབ་འཕྲོག་གངས་ཀྱི་ཏོག། 
གསུང་ལ་མཛད་མེད་དྭངས་གསལ་མདངས་བཀྲ་ཟབ་ཡངས་དཔག་ཚད་བྱེ་བའི་ཆུ་གཏེར་ཉལ་འགྲོའི་མཛོད། ། 
ཐུགས་ལ་གཡོ་མེད་ཀུན་རྟོག་ཚད་མའི་ངོ་བོ་རང་གྲུབ་བདེན་ཚིག་སྨྲ་བའི་ལྗོན་ཤིང་འཁྲུངས། ། 
མ་ངེས་འཁོར་བའི་སྐྱིད་སྡུག་ལས་སྣང་མཐུ་ཡིས་བསལ་མཛད་སྙིགས་མའི་བསྟན་འཛིན་ཞབས་པད་ལ། ། 
རྣམ་དག་དང་བས་དད་སྨོན་ཟབ་མོའི་འགྱུར་མེད་སེམས་ཀྱི་གསོལ་བས་རྣམ་ཐར་སྒོ་བཞིར་འཇུག།

བཤད་སྒྲུབ་བསྟན་པའི་ཉི་ཟླས་ནམ་མཁའི་ཁྱོན་ན་དཔལ་གྱི་སྙེམས་པའི་གཞི་ཀུན་ཟིལ་གྱིས་གནོན། ། 
བདེན་ཚིག་ལུང་གི་སྨྲ་ངག་རང་འཁྱིལ་དྷི་སྐད་དག་འབྱིན་སྡིག་སྒྲིབ་ཉེས་ལྟུང་ཕྱགས་པ་ཡི། ། 
གཞུང་ལུགས་རྒྱ་མཚོས་ཐུགས་རྒྱུད་གཏམས་ཤིང་ཟབ་དོན་དབྱངས་སུ་གྱེར་བའི་སྨྲ་བའི་དབང་ཕྱུག་པ།  
ཚུལ་ཁྲིམས་གཙང་མའི་ཆུ་འཛིན་དཀར་བོ་འཁྲིགས་པའི་ལྡིང་ཁང་དབུས་ན་ཉམས་ཀྱིས་བརྟུལ་ཞུགས་པ། ། 
རྡོ་རྗེ་ཐེག་པའི་ངེས་དོན་སྙིང་བོ་མཁྱེན་དཔྱོད་རྩལ་གྱིས་དཀྲུག་མཛད་དམ་པའི་སྐུ་ཚེ་བརྟན། །
འབྲེལ་ཡོད་འོས་སྦྱོར།