logo

སྒྱུ་མའི་ལས་དབང་།

རྩོམ་པ་པོ།:པདྨ་ལྷ་མཛེས། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-10-28 ཀློག་གྲངས།:
སྒྱུ་མའི་ལས་དབང་།
པདྨ་ལྷ་མཛེས།༼རྨ་སྟོད།༽
ཨ།
        མི་དེ་གཉིས་ངོ་ཤེས་ནས་ལོ་མང་འགོར་སོང་བ་ལྟར། མིག་ཆུའི་ཕྲེང་བ་རེ་ལ་གཏམ་རྒྱུད་རེ་མངའ་ཡང་། ལས་དབང་གི་ལོགས་སུ་ཁོ་གཉིས་ནི་ལས་མ་དག་པའི་རྣམ་ཤེས་ཆ་བཞིན། རེ་འགར་ངུ་ཞིང་རེ་འགར་དགོད་བྲོ་བའི་གླེན་པ་གཉིས་སུ་གྱུར། ལོ་དང་ཟླ་བ་དེ་ཙམ་བརྒྱུད་རྗེས། ཁོས་ད་གཟོད་ཁོ་ནི་རྒྱུ་འབྲས་མ་སྲུང་བའི་མི་ཐ་ཤལ་བ་ཞིག་ཡིན་པ་ཤེས་སོང་ལ། མོས་མོའི་སྨོན་ལམ་འདེབས་ས་དེ་ཉིད་མོ་ལ་གཡོ་སྒྱུ་དང་རྫུན་ཐབས་བཀོལ་བའི་མི་དེ་ཡིན་པ་གཞི་ནས་ཤེས།                          
ཨི།
        ལོ་ངོ་གསུམ་བཞིའི་སྔོན་གྱི་དུས་དེར། ཁོ་གཉིས་ཀྱི་ནམ་མཁར་འཇའ་ཚོན་སྣ་ལྔས་ཁེངས་ལ། རྩྭ་ཐང་དུ་སེར་ཆེན་མེ་ཏོག་གི་ལང་ཚོ་བཞད། དུས་དེར། ཁོས་རང་གི་སེམས་སོང་གི་བུ་མོ་དེར་གངས་དཀར་ཏི་སེའི་མདུན་རྒྱབ། ཧི་མ་ལ་ཡའི་གཡས་གཡོན། རྨ་རྒྱལ་སྤོམ་རའི་ཕྱི་ནང་གི་ངོ་མཚར་བའི་གཏམ་རྒྱུད་བཤད་མྱོང་ལ། བལ་དཀར་འདྲ་བའི་བུ་མོ་ཞེས་མོ་ལ་དྭངས་གཙང་དང་ལྷད་མེད་ཀྱི་སྐད་ཆ་སྤྲིངས་ཤིང་། ལན་གྲུ་ནས་གནའ་མཁར་ཟི་ལིང་དུ་ཡོང་སྟེ། རིག་པ་བསྐྱེད་པའི་གླེགས་བམ། མོ་རང་གི་སྣང་བརྙན་བྲིས་པའི་པར་རིས། རས་ཀྱིས་བཟོས་པའི་ཕྲུ་གུ་སོགས་ལག་རྟགས་གྱ་ནོམ་པ་ཞིག་མོ་ལ་སྟེར་ཞོར་ཚེ་གང་གི་དགའ་ས་ཁྱོད་ཡིན། རེ་བའི་རྒྱབ་རི་ཡང་ཁྱོད་ཡིན། ཁྱོད་ཀྱིས་ང་ཡི་བརྩེ་བ་ལ་རྫུན་གྱི་འཁོར་ལོ་བསྐོར་མི་རུང་ཞེས་ཞེ་སྨྲེང་བའི་སེམས་གཏམ་གྲངས་མེད་བརྗོད་དེ། ལོ་ཟླའི་ལྟེབས་ཁུགས་སུ་བརྩེ་དུང་གི་རི་མོ་བྲིས་ཤིང་། ནང་སེམས་ཀྱི་ཟབ་ས་རུ་ལས་སྐལ་གྱི་ས་བོན་བཏབ།
        དེ་བཞིན། མོའི་སེམས་སུའང་ཁོ་རང་ནི་རྫིག་ཉམས་དོད་པའི་ཕོ་གསར་ཡ་རབས་ཀྱི་གཞུང་དང་ལྡན་པ་ཡིན་ཏེ། ཕ་སྐད་དང་མ་ཡིག་ལ་ཞེན་ཞིང་། བཟོད་བསྲན་དང་དཀྱེལ་ཡངས། སྙན་ཚིག་དང་གྱེར་འདོན་ལ་མོས་ཤིང་། རི་ཆུ་དང་རྩྭ་ཐང་གི་ཁམས་ཆེན་མོར་དགའ་ཞིང་དུང་བ་སོགས་རྩམ་དྲི་མ་བོར་བའི་ཁམས་པའི་ཕོ་རྒོད་ཅིག་ཡིན་པ་མ་ཟད། ས་ཆ་གང་དུ་སོང་ཡང་ཕ་ཡུལ་སེམས་སུ་ཐོགས་པའི་འབྲོག་ཕྲུག་དག་མ་ཞིག་ཡིན་པས། སེམས་ཀྱི་རྩིས་འདང་ཁོར་བཞག་ལ། འཚོ་བའི་རྣམ་ཤེས་ཀྱང་ཁོ་ལ་གཏད།
        དེ་བས། མོས་ཁོ་རང་དང་འཕྲད་པ་ནི་མོའི་བསོད་ནམས་ཀྱི་འབྲས་བུ་ལོས་ཡིན་བསམ་གྱིན། «སྙིང་ཉེ་ལགས།» «ང་ལ་ཁྱོད་ཡོད་པས་ཆོག» «ཉི་མ་དང་ཟླ་བ།»སོགས་སེམས་གཏམ་དམར་རྗེན་མའི་ཚོར་བ་དེ་མཚོན་མྱོང་ལ། མོའི་རིན་ཐང་གི་ལྟ་བ། ཚེ་སྲོག་གི་གཞི་རྟེན། ཉིན་གང་གི་དུས་ཚོད། ཡོད་ཚད་ཁོའི་ཆེད་དུ་བསྟུན་ཞིང་། ཁོ་ལ་ཡིད་ཆེས་དང་བརྩེ་དུང་སྟེར། སེམས་གཏམ་དང་རེ་བ་སྦྱིན། དེའི་རྐྱེན། ཐ་ན་ལུས་ཀྱི་ཤ་ཁྲག་བསྐྲུན་པའི་ཕ་མ་དང་། ཤེས་རབ་ཀྱི་མིག་ལྟ་བུའི་དགེ་རྒན། ཡངས་པའི་རྒྱལ་ཁམས་འགྲིམས་པའི་རྡོ་རྗེའི་སྤུན་ལྟ་བུ་དག་ཀྱང་སྣང་མེད་དུ་བཞག་ཏེ། ཁོ་རང་གི་ཁ་པར་དང་། འཕྲིན་ཕྲན་ཁོ་ནར་བལྟས་ནས་དུས་ཚོད་ཀྱི་ཕ་མཐའ་བསྐྱལ།
        མོ་ལ་མཚོན་ན། ལོ་དེའི་དབྱར་གནང་ནི་ཆེས་སྙིང་དུ་སྡུག་པའི་ལོ་ཟླ་ཞིག་ཡིན་ཏེ། མི་ཚོགས་ཀྱི་བར་ནས་“མིག་གིས་ཕར་ལ་བལྟས་རྗེས།། སྤྱན་གྱིས་ཚུར་ལ་གཟིགས་ཡོང་།།”ཞེས་པ་དང་། “མི་ཚོགས་རྒྱ་གྲོང་གི་དཀྱིལ་ན།། ཁྱོད་རང་སེམས་ལ་ཟུག་ཟུག”ཅེས་པ་ཇི་བཞིན་དུ། ཕན་ཚུན་གྱི་འཇིག་རྟེན་ལ་བརྩེ་དུང་གི་མིག་ཞག་འཕངས། དུས་དེ་ནས་བཟུང་། མོའི་སེམས་སུ་ཁོ་རང་ནི་བརྗེད་ཐབས་མེད་པའི་སེམས་རྟེན་དེ་ཡིན་པ་གཞི་ནས་ཤེས་ཡོད། ཟས་ཞིམ་པོ་ཟོས་ན་ཁོ་རང་དྲན། ལྭ་དྲོན་མོ་གྱོན་ན་ཁོ་རང་དྲན། ཡུལ་མཛེས་པོ་མཐོང་ན་ཁོ་རང་དྲན། དགའ་དུས་དྲན་ལ་སྐྱོ་དུས་དྲན། བགད་དུས་དྲན་ལ་ངུ་དུས་ལྷག་ཏུ་དྲན། གང་ལྟར། མོའི་ཚོར་བ་དང་སྣང་བ་ཡོད་ཚད་ཁོ་རང་དང་འབྲེལ་བས། མོའི་ནང་སེམས་ཧ་ཅང་ཕྱུག་ལ། འཇིག་རྟེན་ཡང་ཧ་ཅང་དྭངས་པར་གྱུར།
        དགའ་འོས་པ་ཞིག་ལ། བརྩེ་དུང་ཞེས་པའི་གཟུགས་མེད་ཀྱི་སྟོབས་ཤུགས་སམ། ལས་དབང་ཟེར་བའི་ལས་ཀྱི་བཀོད་སྒྲིག་ཤིག་གིས་ཁོ་རང་མོའི་ཁྱིམ་མཚེས་སུ་གྱུར། ནམ་རྒྱུན་མོ་རང་གིས་ཁོའི་རྒྱབ་གཟུགས་མཐོང་ལ། མདུན་བསྐྱོད་ཀྱི་གོམ་ཁ་ཡང་རིག་ཐུབ། འཚོ་བར་འཁྲེང་བའི་ཉམས་འགྱུར་དང་མོ་རང་ལ་གཏད་པའི་མིག་ཟུང་སོགས་མོའི་འཇིག་རྟེན་དུ་ཤར་དུས། མོའི་ནང་སེམས་སུ་ཁོ་ནི་ཇི་འདྲའི་ཡིད་དུ་འོང་པ་ཞིག་རེད་ཨང་སྙམ་གྱིན་ཡང་ཡང་ཅེར་ནས་བསྡད། འདི་ལྟར། ཁོ་རང་མོའི་སེམས་ཀྱི་ཟབ་སར་འཛུལ་ནས་མོ་རང་དམ་དུ་བསྡམས།
       “བྱ་རྒོད་པོ་ནམ་འཕང་བསྐྱོད།། བུ་དར་མ་རྒྱལ་ཁམས་འགྲིམས།།”ཞེས་པ་ལྟར་ཁོ་རང་རྒྱང་རིང་དུ་རིག་པའི་དོན་གཉེར་ལ་སོང་ནས་ཕྱིར་ཕ་ཡུལ་དུ་བསླེབས་དུས། མོས་རང་གི་རྔུལ་ཆུས་བསགས་པའི་འབྱོར་བ་ལ་སེར་སྣའི་ཞགས་པས་མ་ཐེབས་པར། ཁོ་རང་གང་དུ་འབྱོར་བའི་གནས་ཀྱི་མེ་འཁོར་གྱི་ས་ཚིགས་དང་། གནམ་གྲུའི་འབབ་ཐང་སོགས་སུ་ཤར་མར་བསུ་ལ་ཆས་ཤིང་། འཕྲད་མ་ཐག་ལ། ལས་དཀའ་མོ་ལུས་ཀྱིས་ཨེ་མྱང་། ཚེགས་ལྕི་མོ་སེམས་ཀྱིས་ཨེ་མྱང་། ལུས་ཀྱི་གཟུགས་གཞི་བདེ་མོ་ཡིན་ནམ། ཟ་བ་ཟས་དང་བཏུང་བ་ཆུ་ལ་ཨེ་འཕྲོད་དམ་ཞེས་སྙིང་ཉེ་ཉེ་དང་ཤ་ཚ་ཚའི་གཏམ་གྱིས་འཚམས་འདྲིའི་གཏམ་དེ་བྱས་པས། ཁོ་རང་གིས་དགའ་བའི་ཉམས་འགྱུར་སྟོན་གྱིན་མོའི་གདོང་ལ་བྱིལ་བྱིལ་དང་། ཐོད་ལ་འོ་ཞིག་བྱས་ཏེ། ཁྱོད་ལས་ཤ་ཚ་བ་ཞིག་དང་སྙིང་རྗེ་བ་ཞིག་མེད། ཁྱོད་ཡོད་པས་ང་རང་ས་ཆ་གང་དུ་སོང་ཡང་། ཞེ་ལ་སྤོབས་པ་དང་ཚོར་ཤེས། ལ་རྒྱ་དང་ཁ་ཕྱོགས་ཐོན་གྱིན་གདའ་ཞེས་སེམས་རྩ་དྲོད་ཀྱིས་བཟུང་བའི་ལན་ཡང་དེ་བཞིན་གནང་།
ཨུ།
        རིམ་བཞིན། དུས་ཚོད་ཀྱི་ཡོལ་རས་ག་ལེར་ཕྱེས་རྗེས། ཁོ་གཉིས་ཀྱིས་སྒེའུ་ཁུང་ཕྱི་རོལ་གྱི་འཇིག་རྟེན་ཁྲ་ཁྲ་མཐོང་ཞིང་། འཇིག་རྟེན་འདིའི་སྤྱི་ཚོགས་ལས་མཆེད་པའི་རྨོངས་དད་དང་མྱི་ཁ། སྒྱིད་ལུག་དང་གཏི་མུག་སོགས་ཀྱིས་ཁོ་གཉིས་ཁྱུར་མིད་དུ་བཏང་གིན་པ་ཚོར་བས། ཁོ་གཉིས་ནི་སོ་སོར་གྱེས་དགོས་པའི་རྣམ་ཤེས་གཉིས་སུ་གྱུར།
        གྱེས་ཁའི་ཉིན་དེར། མོ་རང་འུ་ཐུག་ཐབས་ཟད་དང་ཅི་བྱ་གཏོལ་མེད་ཀྱི་ངང་དུ། ང་ལ་སྤོབས་པ་དང་སྙིང་སྟོབས། འཇོན་ཐང་དང་རྣམ་དཔྱོད་གང་ཡང་མི་འདུག ལོ་མང་པོར་སློབ་གྲྭར་སོང་སྟེ་ཚད་མ་ལ་བལྟས་ཤིང་ཚན་རིག་ལ་སྦྱངས། ནང་ཆོས་ལ་བསྒོམས་ཤིང་ཐ་སྙད་ལ་བརྩོན་མོད། འོན་ཀྱང་། ངས་ད་རུང་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་འཛིན་མེད་པ་འདྲ་བྱུང་། མེས་པོ་ནས་ད་བར་བརྒྱུད་པའི་བཀའ་བརྒྱུད་ཀྱི་སྲུང་མ་དང་འགལ་མི་ཕོད་པ་མ་ཟད། སྲུང་མར་དཀར་ཕྱོགས་དང་ནག་ཕྱོགས་འབྱེད་པར་ཞེན་པའི་ཕ་མའི་སྲུང་བཤད་ལ་ཚན་རིག་དང་མཐུན་པའི་འགྲེལ་བ་འཐེན་སྤོབས་མ་བྱུང་ཟེར་གྱིན་ཡིད་སྐྱོ་བའི་མིག་ཆུ་ཁོའི་བྲང་ཁུག་ཏུ་ལྷུང་བས། ཁོ་རང་གིས་མོའི་མགོ་ལ་བྱིལ་བྱིལ་བྱེད་ཀྱིན་ཆོས་ལུགས་སམ་གྲུབ་མཐའ་ཞེས་པ་འདིས་ཆེ་ན་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་རྩོད་གཞི། འབྲིང་ན་མི་རིགས་ནང་ཁུལ་གྱི་རྙོག་འཛིང་། ཆུང་ན་མི་དང་མི་བར་ཉོན་མོངས་ཀྱི་སྡུག་བསྔལ་བསྐྲུན་གྱིན་འདུག་པ་མངོན་སུམ་ཡིན་ཀྱང་། འཇིག་རྟེན་གྱི་གཏམ་དཔེ་ལ། “ལུང་པ་རེ་ལ་སྐད་ལུགས་རེ།   །བླ་མ་རེ་ལ་ཆོས་ལུགས་རེ།།” འུ་གཉིས་ཀྱིས་སྤོབས་པ་དང་ཡིད་ཆེས། རེ་བ་དང་སྨོན་འདུན་སོགས་ཆེ་ཆེར་བསྐྱེད་དེ་མཉམ་དུ་ལས་དབང་ལ་ངོ་རྒོལ་བྱས་ན་འུ་གཉིས་ལ་ལས་དབང་གི་ཟེའུ་འབྲུ་སྨིན་ཡོང་ངེས་ཞེས་སྙིང་གཏམ་དམར་རྗེན་མ་ཞིག་ཕུད་ཀྱང་། སྤོབས་པ་ཞུམ་ཞིང་བརྡར་ཤ་ལུག་པའི་མོ་རང་གིས་གཏན་ཚིགས་དང་སྲོལ་རྒྱུན། ཕ་མ་དང་གཉེན་ཉེ་དྲན་ཏེ་སྙིང་ཉེ་བའི་ཁོ་རང་ལ་མོ་རང་གི་རྒྱབ་གཟུགས་ཁོ་ན་བསྐྱུར་དེ་བུད་སོང་བས། ཕན་ཚུན་ལ་ལུས་པ་ནི་གཏམ་རྒྱུད་ཅིག་གི་ལྷག་འཕྲོ་དང་། ལོ་ཟླ་ཞིག་གི་གནའ་གཏམ་དུ་གྱུར།
        དུས་དེ་ནས་བཟུང་། མོ་རང་ནི་དཔེ་ཆ་བརྩེགས་མའི་གཡས་སུ་ཆང་དམ་རེ་གཉིས་སྦེད་པའི་བུ་མོ་ཞིག་ཏུ་གྱུར། དེའི་ནང་དུ་ཁོ་རང་དང་འབྲེལ་བའི་བརྩེ་དུང་བསྙལ་ཏེ། ཁོ་རང་ཧ་ཅང་དྲན་ཏེ་ཤིན་ཏུ་ངལ་ཞིང་དུབ་པར་གྱུར་ཚེ། མོས་ཡིད་ཚིམ་པའི་བཟི་སྐྱེན་པ་རེ་མཆོད་ཀྱིན་ཡོད་ལ། ཁྱོད་རང་དགའ་ཤོག་སྐྱིད་ཤོག་ཅེས་སྨོན་ལམ་གྲངས་མེད་ཅིག་གིས་ཁོ་རང་གི་ཞལ་རས་སེམས་ཀྱི་གཏིང་ངོས་སུ་བཞེངས་མྱོང་།
ཨེ།
        ལོ་ངོ་གསུམ་བཞིའི་རྗེས་ཀྱི་དུས་དེ་རིང་། ཁོ་ལ་ཁོ་རང་གི་སེམས་སོང་གི་བུ་མོ་ཞིག་དང་། མོ་ལ་མོ་རང་གི་རྩྭ་ཐང་དང་འབྲེལ་བའི་འཇིག་རྟེན་ཞིག་ཡོད་པས། མོ་རང་དགའ་ཡང་དགའ་ལ་སྐྱོ་ཡང་སྐྱོ། སྐྱོ་འདྲེས་མའི་ཚོར་སྣང་ངོས་སུ་སྨོན་ལམ་གྲངས་མེད་ཅིག་གིས་ཁོ་གཉིས་ཀྱི་བརྩེ་དུང་ལ་མྱ་ངན་ཞུས་ཤིང་གསོལ་བ་ཡང་དུ་བཏབ།
        ཁོ་རང་གིས་ཀྱང་མོའི་སེམས་གཏམ་ཐོས་ཤིང་། རྨི་ལམ་རིག་གིན་ཡོད་པ་ཇི་བཞིན་དུ། ཁོས་མོ་རང་དྲན་མ་ཐག མཛེས་སྡུག་གིས་ཁེངས་པའི་ངང་རྒྱུད་དང་ཤ་ཚ་ལ་སྙིང་རྗེ་བོའི་མོའི་གཟུགས་བརྙན་དེ་ཉིད་ཁོའི་ནང་སེམས་སུ་འཆར་ཡོང་བས། མོ་རང་ནི་ཁོའི་ལང་ཚོ་དང་གསང་བ། ཚོར་བ་དང་རྣམ་ཤེས་ལྟ་བུར་གྱུར་བར་སྣང་། དེ་བས། ཁོ་རང་གིས་ནམ་རྒྱུན་མོ་ལ་འབྲེལ་འདྲིས་བྱས་ཏེ། ད་ལྟ་ང་ཡི་ལོགས་སུ་བུ་མོ་ཞིག་ཡོད་ཀྱང་། ངས་ཁྱོད་རང་ཧ་ཅང་དྲན་གྱིན་ཡོད། ངས་ངེད་གཉིས་ཀྱི་བརྩེ་དུང་ལ་ཤ་ཚ་ཡོང་ཞེས་ངུ་སྐད་ཁྲོམ་ཁྲོམ་གྱི་ཁྲོད་ནས་མོ་ལ་འཕྲིན་ཕྲན་བསྐུར་ཞིང་ཁ་པར་གྲངས་མང་བརྒྱབ། མོས་སེམས་ཀྱིས་མ་བཟོད་པར་ཁོ་ལ་ངོ་འཕྲད་བྱ་དགོས་པའི་རེ་བཏོན་པས། གཟའ་སྤེན་པར་ཐུག་རྒྱུའི་དུས་ཆ་བྱས། ཉིན་དེར་ཁོ་གཉིས་མཉམ་དུ་ཟ་མ་ཟོས་ཤིང་། མི་དམངས་སྤྱི་གླིང་དུ་སོང་། གློག་བརྙན་ཁང་ནས་མོ་རང་གིས་དགའ་བའི་གློག་བརྙན་སོགས་བལྟས་པས། ཉིན་གང་གི་དུས་ཚོད་སྐད་ཅིག་ཉིད་དུ་འདས། ཕྱི་དྲོར་སོ་སོར་འགྲོ་ཁར། ཁོས་མོ་རང་ལ་ངེད་གཉིས་ཀྱི་སྒྱུ་འཕྲུལ་ལྟ་བུའི་ལས་དབང་འདི་ཡི་གེ་ནག་ཆུང་གི་གཟུགས་སུ་ཕབ་དགོས་པའི་རེ་བ་བཏོན་ལ། ཁོ་རང་ཆེས་ཐོག་མའི་ཀློག་པ་པོ་བྱ་དགོས་ཞེས་ལབ་པས། མོ་རང་གིས་ཁྱོད་ཀྱི་རེ་བ་ནི་ང་ཡི་སྒུལ་ཤུགས་ཡིན་པས་ངས་ཅི་ནས་ཀྱང་བྲི་ཆོག་ལ། འོན་ཏེ་ཁྱོད་ནི་ཀློག་པ་པོ་དང་པོ་ངེས་པར་ཡིན་དགོས་ཞེས་ཞེ་སྐྱོ་བའི་མིག་ཆུ་སེམས་ཀྱི་གཏིང་རིམ་ནས་ཁོའི་འཇིག་རྟེན་དུ་ལྷུང་བས། ཁོ་རང་གིས་ཀྱང་མིག་ཆུ་འདོན་གྱིན་མོ་རང་བྲང་ཁུག་ཏུ་འཁྱུད་དེ། ཁྱོད་རང་ཅིས་ཀྱང་དགའ་དགོས་སྐྱིད་དགོས་ཞེས་སྨོན་ལམ་བཏབ་ལ། ང་ནི་ནམ་ཡང་ཁྱོད་རང་གི་རྒྱབ་ཏུ་ཡོད་ཅེས་ཡང་དུ་བཤད།
ཨོ།
        སོ་སོར་འབྲེལ་འདྲིས་ཆད་ནས་ཟླ་ཕྱེད་ཙམ་འགོར་རྗེས། མོས་ཁོ་གཉིས་ཀྱི་སྔར་སོང་གི་འདས་དོན་དང་། མ་འོངས་ཀྱི་རེ་བ་བསམ་གྱིན་དགའ་སྐྱོ་འདྲེས་མའི་ཚིག་གི་ཕྲེང་བ་ཞིག་བྲིས་ཏེ་ཁོ་རང་གི་མིག་ལམ་དུ་སྤྲིངས་དུས། ཁོ་རང་གིས་ཡི་གེ་འདི་སུས་ཕྲིས་ཟེར། ངས་ཁྱོད་ལ་འབྲེལ་བ་ནམ་བྱས་སོང་། ང་དང་འབྲེལ་བའི་ཡིག་ཆ་གང་རུང་དུ་བསྐུར་མ་ཡོང་ཞེས་འཕྲིན་ཕྲན་བསྐུར་ཡོང་དུས། མོས་ད་གཟོད་མོ་ནི་ལོ་གསུམ་གྱི་བྱིས་པ་བཞིན་དུ་མགོ་སྐོར་བཏང་སོང་བ་ཤེས་ནས། སེམས་པ་སྡུག་གིས་མནར་ཏེ་ཡུན་རིང་དུ་ཧད་ནས་ལུས།
        རིམ་བཞིན། མོ་རང་གིས་ཁོའི་ཁ་ཡག་ཚིག་འཇམ་གྱིས་མོའི་ཡིད་སེམས་ཀྱི་བརྟན་པ་འཕྲོག་ཚུལ་དང་། ཁོས་ཅི་འདྲ་བཤད་རུང་སྟབས་བདེ་པོ་ཡོད་ལ་བཤད་ཐག་ཀྱང་ཆོད་པའི་རྒྱུ་འབྲས་མེད་པའི་ལས་ཀ་སོགས་དྲན་པས། ཁོ་ལ་འཇིགས་པ་དང་སུན་སྣང་ཤར་ཏེ། བསམ་བློ་བརྒྱ་དང་འགྱོད་པ་སྟོང་། དམ་བཅའ་འབུམ་ཞིག་བཞག་ནས་ཁོ་རང་དང་འབྲེལ་འདྲིས་གཞི་ནས་གཅོད་པའི་སེམས་ཐག་གི་རྡོ་རིང་བཙུགས།
        ཕྱིས་སུ། མོས་འཇིག་རྟེན་འདིར། བརྗིད་ཆགས་ཀྱི་རི་རྒྱལ་ལྷུན་པོ་དང་། དྭངས་གཙང་གི་གངས་ཆབ་བསིལ་མ། སྔོ་ལྗང་ལོ་འདབ་རྒྱས་པའི་ནགས་ཚལ་སོགས་ཡོད་ཀྱང་། བཙོག་བཙོག་མི་སེམས་སྒྱུ་མ་འཕྲུལ། ནག་ནག་སྤྱི་ཚོགས་ངོ་གཉིས་མ། སྡུག་སྡུག་ལྟ་ལོག་གྲུབ་པའི་ཆོ་གའང་ཡོད་པ་ཤེས་ནས། ཁོ་རང་གིས་མོ་ལ་སྤྱི་ཚོགས་ཟེར་བའམ། མི་སེམས་ཟེར་བའི་སློབ་ཁྲིད་གྱ་ནོམ་པར་བྱས་པར་སེམས་གཏིང་ནས་བཀའ་དྲིན་ཞུས་ཤིང་། རྫུན་དང་ཕྲ་མ། གཡོ་སྒྱུ་དང་མགོ་སྐོར་མེད་པའི་ཉི་འོད་ཅིག་མོ་རང་གི་འཇིག་རྟེན་དུ་བསུ་མར་བྱས་ཤིང་། ཁོ་རང་གིས་ཀྱང་སྔར་སོང་གི་འགྲོ་འདུག་སྤྱོད་གསུམ་དྲན་པས། འགྱོད་པ་དང་ངོ་ཚ་སོགས་སེམས་རྩར་འཕྱུར་ཏེ། ང་ནི་དངོས་གནས་རྒྱུ་འབྲས་མི་སྲུང་བའི་མི་ཐ་ཤལ་བ་ཞིག་རེད་འདུག་ཅེས་མཆི་མ་ལྷུང་གིན་ཡུན་རིང་དུ་ལུས་སོ། །
འབྲེལ་ཡོད་འོས་སྦྱོར།